ཀུན་གཁྱེན་ཕར་ཕྱིན་ལས་ལམ་ཤེས་ཀྱི་རྣམ་པ་རྒྱས་བཤད།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-01-15 11:06:40     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

262203419828328873.jpg

    གཉིས་པ་ལམ་ཤེས་ཀྱི་རྣམ་པ་ནི། རྩ་བར། རྒྱུ་དང་ལམ་དང་སྡུག་བསྔལ་དང༌། །ནས། ལྔ་དང་བཅུ་དྲུག་ཅེས་བསྒྲགས་སོ། །ཞེས་དང༌། འགྲེལ་པ་ལས། ཀུན་ནས་ཉོན་མོངས་པ་དང་གཅིག་ཤོས་ཀྱི་ཕྱོགས་ལ་བརྟེན་ནས། ཞེས་པ་ནས། སུམ་ཅུ་རྩ་དྲུག་ཡིན་ནོ། །ཞེས་གསུངས། འདི་ལ་འཕྲོས། སྦྱོར་བ། སྤྱི་དོན། མཐའ་དཔྱད་པ་བཞི། དང་པོ་ནི། མདོ་ལས། བཅོམ་ལྡན་འདས་ཡུམ་འདི་ནི་འདོད་ཆགས་དང་བྲལ་བའི་ཕ་རོལ་ཏུ་ཕྱིན་པའོ། །ནས། བཀའ་བསྩལ་པ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་བ་ཉིད་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར། ཞེས་པའི་བར་གྱི་མདོ་ཚན་སོ་དྲུག་ཡོད་པ་དེ་རྗེ་བཙུན་གྱིས་བདེན་པ་སོ་སོར་སྦྱོར་ཚུལ་བཤད་པ་ལ། རྒྱུ་དང་ལམ་དང༌། སོགས་བྱུང༌། སློབ་དཔོན་གྱིས་དེ་བས་ཀྱང་བདེན་པ་བཞིའི་རྣམ་པ་སོ་སོ་ལ་གྲངས་འདི་ལྟར་ཞེས་བཤད་པ་ལ་དྲངས་མ་ཐག་པ་འདི་བྱུང༌། གཉིས་པ་ནི། མདོ་ལས། བཅོམ་ལྡན་འདས་ཡུམ་འདི་ནི་འདོད་ཆགས་དང་བྲལ་བའི་ཕ་རོལ་ཏུ་ཕྱིན་པའོ། །ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར། ཞེས་པའི་མདོ་ཆོས་ཅན། ལམ་ཤེས་ཀྱི་རྣམ་པ་སོ་དྲུག་བསྟན་ཏེ། རྒྱུ་ཀུན་འབྱུང་བདེན་པའི་ལམ་ཤེས་ཀྱི་རྣམ་པ་བརྒྱད་དང༌། ལམ་བདེན་གྱི་དེ་བདུན་དང༌། སྡུག་བདེན་གྱི་དེ་ལྔ་དང༌། འགོག་བདེན་གྱི་ལམ་ཤེས་ཀྱི་རྣམ་པ་བཅུ་དྲུག་བཤད་པའི་ཕྱིར། དང་པོ་གྲུབ་སྟེ། མདོ་ལས་འདི་ནི་འདོད་ཆགས་དང་བྲལ་བའི་ཕར་ཕྱིན་ནས། སེམས་ཅན་མ་མཆིས་པའི་ཕར་ཕྱིན་གྱི་བར་བརྒྱད་ཀྱིས་བཤད་པའི་ཕྱིར། གཉིས་པ་གྲུབ་སྟེ། མདོ་ལས། ཚད་མ་མཆིས་པའི་ཕར་ཕྱིན་ནས། ཆགས་པ་མ་མཆིས་པའི་ཕར་ཕྱིན་གྱི་བར་བདུན་གྱིས་བཤད་པའི་ཕྱིར། གསུམ་པ་གྲུབ་སྟེ། མདོ་ལས་མི་རྟག་པའི་ཕར་ཕྱིན་ནས། མཚན་ཉིད་མ་མཆིས་པའི་ཕར་ཕྱིན་གྱི་བར་ལྔས་བཤད་པའི་ཕྱིར། བཞི་པ་གྲུབ་སྟེ། མདོ་ལས་ནང་སྟོང་པ་ཉིད་ཀྱི་ཕར་ཕྱིན་ནས། དངོས་པོ་མེད་པའི་སྟོང་བ་ཉིད་ཀྱི་ཕར་ཕྱིན་གྱི་བར་བཅུ་དྲུག་གིས་བཤད་པའི་ཕྱིར། བསྟན་བཅོས་ལས་ཀྱང་ལམ་ཤེས་ཀྱི་རྣམ་པའི་ཐོག་མཐའི་ས་མཚམས་སྐབས་འདིར་དངོས་སུ་མ་བསྟན་ཀྱང་རྟོགས་མི་ནུས་པའི་སྐྱོན་མེད་དེ། གཞི་ཤེས་དང་རྣམ་མཁྱེན་གྱི་ཐོག་མཐའི་ས་མཚམས་བཟུང་བས་རྟོགས་སླ་བའི་ཕྱིར་ཏེ། གསེར་འཕྲེང་ལས། དེ་ཡང་ལམ་ཤེས་ཀྱི་རྣམ་པ་ལ་ས་གཅོད་དངོས་སུ་མ་མཛད་ཀྱང༌། ཞེས་གསུངས་པའི་ཕྱིར།

    གསུམ་པ་སྤྱི་དོན་ལ། གསུང་རབ་གཞན་ལས། རྒྱུད་བླ་མ་ལས། སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཞེས་གསུངས་པ་ལྟར། འབྲས་བུ་གཉིས་སྔོན་ལ་སྟོན་ཀྱང་འདིར་ཀུན་འབྱུང་དང་ལམ་བདེན་གཉིས་སྔོན་ལ་སྟོན་པ་དགོས་པ་དུ་མ་ལ་དགོངས་པས་སྐྱོན་མེད་དེ། གཞན་ལས་དེ་ལྟར་བཤད་པ་མངོན་རྟོགས་སྐྱེ་རིམ་ཡིན་ལ། འདིར་རྒྱུ་འབྲས་དོན་གྱི་རིམ་པའི་དབང་དུ་བྱས་པའི་ཕྱིར། དང་པོ་གྲུབ་སྟེ། རྣམ་བཤད་ལས། གཞན་དུ་སྡུག་བསྔལ་ཐོག་མར་བསྟན་པ་ནི་ཡུལ་ཅན་མངོན་པར་རྟོགས་པའི་རིམ་པ་དང་མཐུན་པར་བསྟན་པ་ཡིན་ལ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། འཁོར་བར་འཇུག་རིམ་ཀུན་འབྱུང་རྒྱུ་དང་སྡུག་བདེན་འབྲས་བུར་ཤེས་ཆེད་དང༌། འཁོར་བར་ལྡོག་རིམ་ལ་ལམ་བདེན་རྒྱུ་འགོག་བདེན་བྲལ་འབྲས་སུ་ཤེས་ཆེད་ཡིན་པའི་ཕྱིར། དེར་ཐལ། ཉམས་སུ་ལེན་ཚེ་བསྟན་ཚུལ་རེ་རེའི་ཆ་ལའང་དོན་རིམ་དང༌། མངོན་རྟོགས་ཀྱི་རིམ་པའི་ཆ་གཉིས་གཉིས་དགོས་པར་ཤེས་དགོས་པའི་ཕྱིར་ཏེ། རྣམ་བཤད་ལས། འདིར་ནི་སྐྱེ་རིམ་དང་མཐུན་པར་བསྟན་པ་ཡིན་པས་ཆ་རེ་རེ་ནས་གཉིས་ཀ་དགོས་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། བདེན་བཞིའི་སྟེང་གི་ལམ་ཤེས་ཀྱི་རྣམ་པ་སོ་དྲུག་མདོ་ལས་གསུངས་ཚུལ་ཡོད་དེ། ཀུན་འབྱུང་སྤང་གཉེན་སྒོ་ནས་རྣམ་པ་བརྒྱད་དང༌། ལམ་བདེན་དམ་བཅའ་དང་འཐད་པའི་སྒོ་ནས་རྣམ་པ་བདུན་བཤད་པ་དང༌། སྡུག་བདེན་རང་སྤྱིའི་སྒོ་ནས་རྣམ་པ་ལྔ་བཤད་པ་དང༌། འགོག་བདེན་སྟོང་ཉིད་སྒོ་ནས་རྣམ་པ་བཅུ་དྲུག་བཤད་པའི་ཕྱིར། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཆོས་ཅན། ཀུན་འབྱུང་གི་རྒྱུའི་རྣམ་པ་གང་ཡིན་པ་ཡུལ་མ་འོངས་ལ་སྲེད་པའི་འདུན་པ་དང༌། མི་འབྲལ་བར་སྲེད་པའི་འདོད་ཆགས་དང༌། ཡང་སྲིད་ལ་དགའ་བའི་སྲེད་པའི་གཉེན་པོ་ཡིན་ཏེ། ཡུལ་དེ་ཐོབ་པར་འདོད་པའི་འདོད་ཆགས་དང་བྲལ་བ་དང༌། ཡུལ་ལ་ཆགས་ཞེན་གྱིས་མི་གནས་པ་དང༌། ཡུལ་ལ་སྲེད་པ་ཞི་བའི་ཡེ་ཤེས་ཡིན་པའི་ཕྱིར། ཆོས་ཅན་འཆད་པར། འགྲེལ་པར། དེ་ལ། ཞེས་བྱུང༌། བསྒྲུབ་བྱའི་ཆོས་ནི། འགྲེལ་པར། རྒྱུ་གང་ཡིན་པ་སྟེ་འདུན་པ་དང༌། འདོད་ཆགས་དང༌། དགའ་བ་དང༌། ཞེས་བྱུང༌། རྟགས་ནི། འགྲེལ་བ་ལས། འདོད་ཆགས་དང་བྲལ་བ་དང༌། མི་གནས་པ་དང༌། ཞི་བ་དང༌། ཞེས་གསུངས་པའི་ཕྱིར། ཡང་མཐོང་ལམ་དེ་ཆོས་ཅན། དེའི་ཀུན་འབྱུང་གི་རྣམ་པ་གང་ཡིན་པ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་གཉེན་པོ་ཡིན་ཏེ། ཆགས་སྡང་རྨོངས་གསུམ་གྱི་ཞེན་ཡུལ་མེད་པའི་རྣམ་ཅན་ཡིན་པའི་ཕྱིར། ཆོས་ནི། འགྲེལ་པ་ལས། ཀུན་འབྱུང་བ་གང་ཡིན་པ་སྟེ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ཞེས་བྱུང༌། རྟགས་ནི། འགྲེལ་བ་ལས། འདོད་ཆགས་མེད་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་དང༌། ཞེས་གསུངས་པའི་ཕྱིར། རང་རྒྱུད་པ་མན་ཆད་ལ་དེ་ལྟར་རུང་ཡང་ཐལ་འགྱུར་བ་ལ་བདེན་འཛིན་གྱི་ཆགས་སོགས་ཡོད་པས་ཞིབ་ཆ་བྱའོ། །མཐོང་ལམ་དེ་ཆོས་ཅན། ཀུན་འབྱུང་བདེན་པའི་རབ་སྐྱེའི་རྣམ་པ་གང་ཡིན་པ་གཙང་བདེ་རྟག་བདག་གི་ཀུན་ཏུ་རྟོག་པའི་གཉེན་པོ་ཡིན་ཏེ། དེས་ཀུན་ནས་ཉོན་མོངས་པའི་ཞེན་ཡུལ་མེད་པ་མངོན་སུམ་དུ་རྟོགས་པའི་ཕྱིར། འགྲེལ་པ་ལས། རབ་ཏུ་སྐྱེ་བ་གང་ཡིན་པ་སྟེ་ཀུན་ཏུ་རྟོག་པ་དང༌། ཞེས་དང༌། ཉོན་མོངས་པ་མེད་པ་དང༌། ཞེས་པས་ཆོས་དང་རྟགས་རིམ་བཞིན་བཤད་པའི་ཕྱིར། དེ་ཆོས་ཅན། རྐྱེན་གྱི་རྣམ་པ་གང་ཡིན་པ་རང་དབང་བའི་སེམས་ཅན་དུ་མངོན་པར་ཞེན་པའི་གཉེན་པོ་ཡིན་ཏེ། རང་དབང་བའི་སེམས་ཅན་མེད་པར་མངོན་སུམ་དུ་རྟོགས་པའི་རྣམ་ཅན་ཡིན་པའི་ཕྱིར། ཆོས་དང་རྟགས་གཉིས་རིམ་པ་བཞིན་དུ། འགྲེལ་པ་ལས། རྐྱེན་གང་ཡིན་པ་སྟེ་སེམས་ཅན་དུ་མངོན་པར་ཞེན། ཞེས་དང༌། སེམས་ཅན་མེད་པའི་རྣམ་པ་དག་ནི། ཞེས་གསུངས་པའི་ཕྱིར། ཤེས་བྱ་ཆོས་ཅན། ཀུན་འབྱུང་བདེན་པ་ལ་བརྟེན་པའི་ལམ་ཤེས་ཀྱི་རྣམ་པ་བརྒྱད་སྤོང་གཉེན་གྱི་སྒོ་ནས་བསྟན་ཏེ། དེའི་རྣམ་པ་གཉེན་པོར་གསུམ་དང་གསུམ་དང་གཅིག་དང་གཅིག་ཡོད་པར་བཤད་པ་དེའི་ཕྱིར། མདོ་ལས། ཕར་ཕྱིན་འདི་ནི་འདོད་ཆགས་དང་བྲལ་བའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། འདོད་ཆགས་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ། །ནས། ཕར་ཕྱིན་འདི་ནི་སེམས་ཅན་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །སེམས་ཅན་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཉི་སྣང་ལས། དེ་ལྟར་ན་འདོད་ཆགས་དང་བྲལ་བའི་རྣམ་པ་ནས་བརྩམས་ཏེ་སེམས་ཅན་མེད་པའི་རྣམ་པའི་བར་ནི་གོ་རིམ་བཞིན་དུ། ཞེས་གསུངས་པའི་ཕྱིར། དེ་ལྟར་ན་མདོ་ལས་ཀུན་འབྱུང་བདེན་པ་དངོས་སུ་མ་བཤད་པ་དེ་སྤང་བྱར་ཤེས་ཆེད་ཡིན་ཏེ། གསེར་འཕྲེང་ལས། དེ་ལྟར་མདོ་ལས་ཀུན་འབྱུང་གི་རྣམ་པ་དངོས་སུ་མ་བསྟན་པར་གཉེན་པོ་གསུངས་པ་ནི། ཞེས་གསུངས་པའི་ཕྱིར། གཉིས་པ་ལམ་བདེན་དམ་བཅའ་དང་འཐད་པའི་སྒོ་ནས་བཤད་པ་ནི། ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། ཉན་ཐོས་ཀྱི་ལམ་བདེན་ལས་ཁྱད་པར་འཕགས་ཏེ། སེམས་ཅན་ཐམས་ཅད་ལ་ཐར་པའི་གོ་སྐབས་འབྱེད་པའི་ལམ་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། སེམས་ཅན་ཐམས་ཅད་ལ་ཐར་པའི་གོ་སྐབས་འབྱེད་པའི་ལམ་ཡིན་ཏེ། སེམས་ཅན་ཚད་མེད་པ་ལ་ཐར་པའི་གོ་སྐབས་འབྱེད་པའི་ལམ་ཡིན་པའི་ཕྱིར། ཇི་ལྟར་གོ་སྐབས་འབྱེད་ཅེ་ན། དེ་ཆོས་ཅན། སེམས་ཅན་ཚད་མེད་པ་ལ་ཐར་པའི་གོ་སྐབས་འབྱེད་པ་ཡིན་ཏེ། འཁོར་འདས་ཀྱི་མཐའ་གཉིས་དང་མ་འབྲེལ་བར་གོ་སྐབས་འབྱེད་པ་ཡིན་པའི་ཕྱིར། ཆོས་གཉིས་ནི་རིམ་པ་བཞིན་དུ་འགྲེལ་པ་ལས། སེམས་ཅན་ཐམས་ཅད་ལ་གོ་སྐབས་འབྱེད་པའི་ལམ་དང༌། ཇི་ལྟར་སེམས་ཅན་ཐམས་ཅད་ལ་གོ་སྐབས་འབྱེད་པ་དང༌། ཞེས་དང༌། རྟགས་གཉིས་རིམ་པ་བཞིན་དུ་འབྲེལ་བ་ལས། ཚད་མེད་པ་དང༌། མཐའ་གཉིས་དང་མ་འབྲེལ་པ་དང༌། ཞེས་སོ 

    བདེན་མེད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། རིགས་པ་གང་ཡིན་པའི་རྣམ་པ་ཡིན་ཏེ། ཆོས་ཀུན་བདེན་མེད་དུ་ཐ་མི་དད་པར་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། དེ་ཆོས་ཅན། ཇི་ལྟར་རིགས་པ་ཡིན་ཚུལ་ཡོད་དེ། ཉན་རང་གི་ལམ་མཆོག་ཏུ་འཛིན་པ་མེད་པར་བདེན་སྟོང་དུ་མངོན་སུམ་དུ་རྟོགས་པའི་ཕྱིར་ཏེ། རྣམ་བཤད་ལས་སོ། །གསེར་འཕྲེང་ལས། མཆོག་ཏུ་འཛིན་པ་མེད་པས་ནི་ཐེག་ཆེན་གྱི་རིགས་པ་དེ་ཇི་ལྟར་མ་ལུས་པ་རྟོགས་པ་ཡིན་པའི་རྒྱུ་མཚན་བསྟན་ཏེ་གསུངས་པ་ལེགས་ཏེ། ཉི་སྣང་ལས། ཡང་མཆོག་ཏུ་འཛིན་པ་མེད་པའི་རྣམ་པ་སྟེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདའ་བར་བྱེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཆོས་གཉིས་ནི་རིམ་བཞིན། འགྲེལ་པ་ལས། རིགས་པ་གང་ཡིན་པ་དང༌། ཇི་ལྟར་རིགས་པ་ཡིན་པ་དང༌། ཞེས་དང༌། རྟགས་གཉིས་རིམ་བཞིན། འགྲེལ་པ་ལས། ཐ་མི་དད་པ་དང༌། མཆོག་ཏུ་འཛིན་པ་མེད་པ་དང༌། ཞེས་སོ། །ཡང་དེ་ཆོས་ཅན། སྒྲུབ་པ་གང་ཡིན་པའི་རྣམ་པ་ཡིན་ཏེ། དོན་དམ་པར་མི་རྟོག་པའི་ཡེ་ཤེས་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། ཇི་ལྟར་སྒྲུབ་པ་ཡིན་ཚུལ་ཡོད་དེ། ཆོས་ཐམས་ཅད་དོན་དམ་པར་གཞལ་དུ་མེད་པར་རྟོགས་པའི་ཕྱིར། ཆོས་གཉིས་དང་རྟགས་གཉིས་རིམ་པ་བཞིན་དུ། འགྲེལ་པ་ལས། སྒྲུབ་པ་གང་ཡིན་པ་དང༌། ཇི་ལྟར་སྒྲུབ་པ་ཡིན་པ་དང༌། ཞེས་དང༌། རྣམ་པར་མི་རྟོག་པ་དང༌། གཞལ་དུ་མེད་པ་དང༌། ཞེས་གསུངས་པའི་ཕྱིར། གཞལ་དུ་མེད་པའི་རྒྱུ་མཚན་དུ་མདོ་ལས། འདི་ནི་གཞལ་དུ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཀའ་བསྩལ་པ། ཆོས་ཐམས་ཅད་ཀྱི་ཚད་མ་དམིགས་སུ་མེད་པ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཉི་སྣང་ལས་ཀྱང༌། གཞལ་དུ་མེད་པའི་རྣམ་པས། ཆོས་ཐམས་ཅད་ཀྱི་ཚད་མ་དམིགས་སུ་མེད་པའི་ཕྱིར་རོ། །ཞེས་གང་གསུངས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། སྒྲུབ་པ་བྱ་བའི་སྒོ་ནས་འཇོག བོད་འདིར་ཡོད་ཀྱང་ཚད་མ་མེད་ཟེར་བའི་ཐལ་རང་དང༌། ཚད་མ་སངས་རྒྱས་ཀྱི་ཐ་སྙད་ལ་མེད་ཟེར་བ་ཀུན་གྱིས་ལེགས་སོ་སྟེར་རོ། །དེ་ཆོས་ཅན། གང་ངེས་པར་འབྱིན་པའི་རྣམ་པ་ཡིན་ཏེ། དོན་དམ་པར་ཆགས་པ་མེད་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། ཆོས་ནི་འགྲེལ་པ་ལས། ངེས་པར་འབྱིན་པ་གང་ཡིན་པ་དེ། ཞེས་དང༌། རྟགས་ནི་འགྲེལ་པ་ལས། ཆགས་པ་མེད་པའི་རྣམ་པ་དག་ནི། ཞེས་གསུངས་པའི་ཕྱིར། འདི་ལ་འཐད་པ་མ་བསྟན་པ་གདུལ་བྱ་ཉེ་བས་སོ། །ལམ་ཤེས་ཀྱི་ལམ་བདེན་གྱི་རྣམ་པ་སྟོན་པའི་མདོ་ཆོས་ཅན། དེ་ལྟར་བདུན་བསྟན་ཏེ། ལམ་བདེན་གྱི་ལམ་དང་རིགས་པ་དང་སྒྲུབ་པ་གསུམ་ལ་གཉིས་གཉིས་དང་ངེས་འབྱིན་ལ་གཅིག་བཤད་པའི་ཕྱིར་ཏེ། མདོ་ལས། ཚད་མེད་པའི་རྣམ་པ་ནས་ཆགས་པ་མེད་པའི་རྣམ་པའི་བར་བདུན་བཤད་པ་དེའི་ཕྱིར། ཉི་སྣང་ལས་སོ། །གསུམ་པ་སྡུག་བདེན་གྱི་ལྔ་རང་སྤྱིའི་སྟེང་ནས་བཤད་དེ། མི་རྟག་སྡུག་བསྔལ་སྟོང་བདག་མེད་བཞི་རང་གི་ངོ་བོ་དང་མཚན་ཉིད་མེད་པ་སྤྱིའི་མཚན་ཉིད་ཀྱིས་བཤད་པའི་ཕྱིར་ཏེ། གསེར་འཕྲེང་ལས། སྔ་མ་བཞི་རང་གི་ངོ་བོ། ཞེས་སོ། །ཉེར་ལེན་གྱི་ཕུང་པོ་ཆོས་ཅན། མི་རྟག་སྟེ། སྐད་ཅིག་གིས་འཇིག་པའི་ཕྱིར་ཏེ། ཉི་སྣང་ལས། འདུས་བྱས་རྣམས་ནི་འཇིག་པའི་ངོ་བོ་ཉིད་ཡིན་པས། ཞེས་སོ། །དེ་ཆོས་ཅན། སྡུག་བསྔལ་བ་ཡིན་ཏེ། འཕགས་པ་དང་མི་མཐུན་པའི་དོར་བར་བྱ་བའི་ཕྱིར། ཉི་སྣང་ལས། བདེ་བར་ཕྱིན་ཅི་ལོག་པས། ཞེས་སོ། །དེ་ཆོས་ཅན། སྟོང་པ་ཡིན་ཏེ། རྟེན་པར་བྱེད་པའི་བདག་མེད་པའི་ཕྱིར། ཉི་སྣང་ལས། རྟེན་པར་བྱེད་པའི་བདག་དང་རྗེས་སུ་འབྲེལ་བའི་དྲི་ཙམ་ཡང་མེད། ཅེས་དང༌། གསེར་འཕྲེང་ལས་ཀྱང་ངོ༌། །དེ་ཆོས་ཅན། བདག་མེད་པ་ཡིན་ཏེ། རང་ཉིད་བདག་མ་ཡིན་པའི་ཕྱིར་ཏེ། ཉི་སྣང་ལས། རང་ཉིད་བདག་མ་ཡིན་པས་སོ། །ཞེས་སོ། །གསེར་འཕྲེང་ལས་སོ། །དེ་ཆོས་ཅན། མཚན་ཉིད་མེད་པའི་ངོ་བོ་ཡིན་ཏེ། དོན་དམ་པར་སྟོང་པའི་ཕྱིར། རྣམ་བཤད་ལས་སོ། །མདོ་ལས་མི་རྟག་པ་ནས་མཚན་ཉིད་མ་མཆིས་པའི་བར་ལྔ་གསུངས་སོ། །

    བཞི་པ་འགོག་བདེན་ཕན་ཡོན་གྱི་རྣམ་པ་བཤད་པ་ལ། དང་པོ་འགོག་པའི་རྣམ་པ་ནི། རང་གི་དགག་བྱ་ཤེས་སྒྲིབ་ཀྱི་ས་བོན་སྤངས་པའི་བྲལ་བས་བསྡུས་པའི་འགོག་པའི་རྣམ་པའི་ངོ་བོ་ཉིད་ཆོས་ཅན། ནང་དང་ཕྱི་དང་གཉིས་ཀ་སྟོང་པ་ཉིད་ཀྱི་འགོག་པའི་རྣམ་པ་གསུམ་ཡོད་དེ། དེ་གསུམ་ལ་བདེན་ཞེན་དགག་པས་རབ་ཏུ་ཕྱེ་བའི་བྲལ་བ་ཡིན་པའི་ཕྱིར་ཏེ། ཉི་སྣང་ལས། འགོག་པའི་རྣམ་པ་གསུམ་གསུངས་པ་ནི། ཞེས་སོ། །ཞི་བའི་རྣམ་པ་ནི། ཤེས་སྒྲིབ་ཀྱི་ས་བོན་ཞི་བའི་རྣམ་པའི་ངོ་བོ་ཉིད་ཀྱི་འགོག་པ་ཆོས་ཅན། སྟོང་པ་ཉིད་དང༌། ཆེན་པོ་དང༌། དོན་དམ་པ་དང༌། འདུས་བྱས་དང༌། འདུས་མ་བྱས་དང༌། མཐའ་འདས་དང༌། ཐོག་མ་དང་ཐ་མ་མེད་པ་དང༌། དོར་བ་མེད་པ་སྟོང་པ་ཉིད་ཀྱི་རྣམ་པ་བརྒྱད་ཡོད་དེ། ཀུན་བཏགས་པའི་བདག་སྟོང་ཉིད་ལ་བདེན་ཞེན་བྲལ་བ་དང༌། སྣོད་ཀྱི་འཇིག་རྟེན་ལ་དང༌། དོན་དམ་པ་མྱང་འདས་ལ་དང༌། འདུས་བྱས་ལ་དང༌། འདུས་མ་བྱས་ལ་དང༌། རྟག་པ་དང་ཆད་མཐའ་ལ་དང༌། འཁོར་བ་ཐོག་མ་མེད་པ་ལ་དང༌། རྟོགས་པའི་ཆོས་དོར་བ་མེད་པ་ལ་བདེན་པར་ཞེན་པར་དགག་པས་ཕྱེ་བའི་བྲལ་བ་རྣམས་ཡོད་པའི་ཕྱིར། ཆོས་ནི་འགྲེལ་པ་ལས། སྟོང་པ་དང༌། ནས། དོར་བ་མེད་པ་སྟོང་པ་ཉིད་ཀྱི་རྣམ་པ་སྟེ་བརྒྱད་དང༌། ཞེས་དང༌། རྟགས་ནི། འགྲེལ་པ་ལས། ཞི་བའི་རྣམ་པའི་ངོ་བོ་ཉིད་བཏགས་པའི་བདག་སྟོང་པ་དང༌། ནས། ཞེན་པ་དགག་པས། ཞེས་གསུངས་པའི་ཕྱིར། ཉི་སྣང་ལས་ཀྱང༌། མངོན་པར་ཞེན་པ་རྣམ་པ་བརྒྱད་ཀྱི་གཉེན་པོར་བཏགས་པ་འགོག་པའི་རྣམ་པ་བརྒྱད་དོ ཞེས་གསུངས་པའི་ཕྱིར། གསུམ་པ་གྱ་ནོམ་གྱི་རྣམ་པ་ནི། དེ་ཆོས་ཅན། རང་བཞིན་སྟོང་པ་ཉིད་ཀྱི་རྣམ་པ་ཡིན་ཏེ། བྱེད་པ་པོ་གཞན་གྱིས་ཀུན་བཏགས་པའི་བྱེད་པ་པོར་ཞེན་པ་དགག་པས་ཕྱེ་བའི་བྲལ་བ་ཡིན་པའི་ཕྱིར་ཏེ། ཉི་སྣང་ལས། ཇི་ལྟར་གྱ་ནོམ་པ་རང་བཞིན་གྱིས་དང༌། ཞེས་སོ། །བཞི་པ་ངེས་འབྱུང་གི་རྣམ་པ་ནི། དེ་ཆོས་ཅན། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད་ཀྱི་རྣམ་པ་སྟེ། ཇི་ལྟར་ངེས་པར་འབྱུང་ཚུལ་གསུམ་ཡོད་དེ། གཟུགས་ནས་རྣམ་མཁྱེན་བར་ཡུལ་དུ་འཁྲུལ་བའི་བདེན་བཏགས་དང༌། གཟུགས་རུང་སོགས་མཚན་ཉིད་དུ་བདེན་པར་འཁྲུལ་བ་དང༌། འདས་སོགས་དུས་སུ་བདེན་པར་འཁྲུལ་བ་དགག་པས་རབ་ཏུ་ཕྱེ་བའི་བྲལ་བ་གསུམ་ཡོད་པའི་ཕྱིར་ཏེ། འགྲེལ་པ་ལས། ངེས་པར་འབྱུང་བའི། ནས། རྣམ་པ་སྟེ་གསུམ་དང༌། ཞེས་སོ། །གང་ངེས་པར་འབྱུང་བའི་རྣམ་པ་ཆོས་ཅན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རྣམ་པ་གཅིག་སྟེ། གཞན་གྱིས་སྒྲོ་བཏགས་པའི་ཐར་པ་ལྟ་བུ་མ་ཡིན་པའི་ཕྱིར། ཆོས་ཐམས་ཅད་ལ་བདེན་པར་ཞེན་པའི་ངོ་བོ་ཉིད་དགག་པས་རབ་ཏུ་ཕྱེ་བའི་བྲལ་བ་ཡིན་པའི་ཕྱིར། འགྲེལ་པ་ལས། ངེས་པར་འབྱུང་བའི་རྣམ་པ་ཁོ་ན་ཉིད་དགག་པས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རྣམ་པ་གཅིག་སྟེ། ཞེས་གསུངས་པའི་ཕྱིར།

    བཞི་པ་མཐའ་དཔྱད་པ་ལ་དགག་བཞག་སྤང་གསུམ། དང་པོ་ལ་ཁ་ཅིག་ན་རེ། རྒྱུ་དང་ལམ་དང༌། ཞེས་སོགས་ཀྱི་སྐབས་ནས་དངོས་སུ་བསྟན་པའི་ལམ་ཤེས་སྦྱོར་བ་ཡིན་ན། སྟོང་ཉིད་རྟོགས་པས་ཁྱབ་ཟེར་ན། འོ་ན། དེ་དག་བརྒྱད་དང༌། ཞེས་པའི་ཀུན་འབྱུང་བདེན་པའི་ཡུལ་མ་འོངས་པ་ལ་སྲེད་པའི་ཞེན་ཡུལ་མེད་པར་རྟོགས་པའི་ལམ་ཤེས་སྦྱོར་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། དེ་བརྒྱད་ཀྱི་དང་པོ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་འདྲའི་སྲེད་པ་དང་དམིགས་པ་གཅིག་ལ་དམིགས་ནས་རྣམ་པ་དངོས་འགལ་དུ་ཞུགས་པའི་སྦྱོར་བ་ཡིན་པའི་ཕྱིར། ཁྱབ་སྟེ། འདིའི་དངོས་བསྟན་གྱི་ཉོན་མོངས་བརྒྱད་པོ་གང་རུང་གི་ཞེན་ཡུལ་མེད་པ་ཡིན་ན་ཆོས་ཀྱི་བདག་མེད་ཕྲ་མོ་མ་ཡིན་དགོས་པའི་ཕྱིར། དེར་ཐལ། ཉོན་མོངས་ཡིན་པའི་ཕྱིར། གཞན་ཡང༌། སྐབས་འདིའི་ལམ་ཤེས་ཀྱི་སྦྱོར་བ་ལ་ཐེག་ཆེན་གྱི་རྟོགས་རིགས་ཁོ་ནས་ཁྱབ་པར་ཐལ། དེ་ལ་སྟོང་ཉིད་རྟོགས་པས་ཁྱབ་པའི་ཕྱིར། རྟགས་ཁས། འདོད་ན། མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང༌། རང་སངས་རྒྱས་ཀྱི་ལམ་གང་ཡིན་པ་དང༌། སངས་རྒྱས་ཀྱི་ལམ་གང་ཡིན་པའི་ལམ་ཐམས་ཅད་བསྐྱེད་པར་བྱ། ཞེས་པའི་དོན་མ་གྲུབ་པར་ཐལ། བྱང་སེམས་རྒྱུད་ཀྱི་ལམ་ཤེས་སྦྱོར་བ་ལ་རྟོགས་རིགས་གསུམ་མེད་པའི་ཕྱིར། གཞན་ཡང༌། སྐབས་འདིར་གཉེན་པོའི་རབ་དབྱེ་ཤེས་པའི་ཆེད་དུ་སྟོན་པ་མ་ཡིན་པར་ཐལ། སྐབས་འདིར་དེ་ལ་སྟོང་ཉིད་རྟོགས་པས་ཁྱབ་པའི་ཕྱིར། འདོད་ན། བརྒྱ་དོན་གསུམ་གྱི་དབྱེ་བའི་སྐབས་དང་འགལ་ལོ། །ཡང་ཁ་ཅིག །ཐེག་ཆེན་གྱི་རྟོགས་རིགས་སུ་གནས་པའི་ལམ་ཤེས་སྦྱོར་བ་ལ་སྟོང་ཉིད་རྟོགས་པས་ཁྱབ་ཟེར་ན། འདིར་བསྟན་ལམ་བདེན་གྱི་ལམ་གྱི་རྣམ་པའི་ལམ་ཤེས་སྦྱོར་བ་གཉིས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། སེམས་ཅད་ཚད་མེད་པ་ལ་ཐར་པའི་གོ་སྐབས་འབྱེད་པ་དེ་ཆོས་ཀྱི་བདག་མེད་ཕྲ་མོ་མ་ཡིན་པའི་ཕྱིར། དེས་རིགས་སྒྲུབ་སོགས་ཀྱི་རྣམ་པ་ཡང་ཐེག་ཆེན་གྱི་རྟོགས་རིགས་ཡིན་ཀྱང་སྟོང་ཉིད་རྣམ་ཅན་གྱིས་མ་ཁྱབ་ཚུལ་ཤེས་པར་གྱིས། འདོད་ན། གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་གྱི་ལམ་བདེན་གྱི་རྣམ་པ་ལ་བྱེད་པ་པོ་བདག་མེད་རྟོགས་པའི་སྦྱོར་བ་ལམ་གྱི་རྣམ་པ་ཡིན་པར་རྟོགས་པའི་སྦྱོར་བ་གཅིག་གྲངས་ལ་འདྲེན་རིགས་པར་ཐལ། འདིར་འདྲེན་ཚུལ་དེའི་ཕྱིར་ན་མ་ཁྱབ་སྟེ། སྔར་སྤྱི་དོན་དེའི་ཕྱིར། གཞན་ཡང་སྡུག་བདེན་གྱི་རྣམ་ཅན་གྱི་འདིར་བཤད་པའི་ལམ་ཤེས་སྦྱོར་བ་ལྔ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། ཕྱི་མ་ལ་གཉིས་སུ་རུང་ཡང༌། དང་པོ་བཞི་ཐེག་དམན་རྟོགས་རིགས་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེའི་སྦྱོར་བ་དང་པོ་བཞི་ཆོས་ཅན། ལམ་ཤེས་སྦྱོར་བ་མ་ཡིན་པར་ཐལ། གཞི་ཤེས་སྦྱོར་བ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། སེམས་དཔའི་གཞི་ཤེས་སྦྱོར་བ་ཡིན་ན་ལམ་ཤེས་སྦྱོར་བ་དང་རྣམ་མཁྱེན་སྦྱོར་བ་གཉིས་ཀ་ཡིན་དགོས་པའི་ཕྱིར། རྣམ་རྫོགས་སྦྱོར་བ་དང་གོ་སྒྲུབ་དོན་གཅིག་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཞི་ཤེས་སྦྱོར་བ་ཡིན་ན་ལམ་ཤེས་སྦྱོར་བ་ཡིན་པས་ཁྱབ་པར་ཐལ། སེམས་དཔའི་དེ་ལ་དེའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། ཉན་རང་གི་གཞི་ཤེས་སྦྱོར་བ་ཡིན་ན། ལམ་ཤེས་སྦྱོར་བ་དང་རྣམ་མཁྱེན་སྦྱོར་བ་མ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། དེ་གཉིས་ཀྱི་རྒྱུད་ཀྱི་ལམ་ཤེས་དང་རྣམ་མཁྱེན་གྱི་ཉམས་ལེན་མེད་པའི་ཕྱིར་ཏེ། མདོ་ལས། ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ། །ཞེས་སོགས་ཀྱི་དོན་ཡོད་པའི་ཕྱིར། ཡང་ཁ་ཅིག་ན་རེ། འདིར་བསྟན་འགོག་བདེན་གྱི་རྣམ་པ་བཅུ་དྲུག་གི་རྣམ་ཅན་གྱི་ལམ་ཤེས་སྦྱོར་བ་བཅུ་དྲུག་འགོག་བདེན་གྱི་རྣམ་པ་ཅན་ཡིན་ཟེར་ན། དེ་དག་ཆོས་ཅན། བྲལ་བའི་རྣམ་པ་ཅན་ཡིན་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། ཀུན་རྫོབ་པའི་རྣམ་པ་ཅན་དུ་ཐལ་ལོ། །འདོད་མི་ནུས་ཏེ། སྟོང་ཉིད་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། ལམ་ཤེས་ཀྱི་རྟོགས་པར་བྱ་བ། ལམ་ཤེས་ཀྱི་རྣམ་པའི་མཚན་ཉིད་ཟེར་ན། འོ་ན། ལམ་ཤེས་དེའི་རྟོགས་པར་བྱ་བ་དེ། ལམ་ཤེས་དེའི་རྣམ་པའི་མཚན་ཉིད་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་གྱི་རྟོགས་པར་བྱ་བ་ཡིན་པར་ཐལ། དེའི་རྣམ་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། གསེར་འཕྲེང་གི་མཁྱེན་གསུམ་དང་འགལ་ལོ། །ཡང་ཁ་ཅིག་ན་རེ། ལམ་ཤེས་ཡིན་ན་འདིར་དངོས་སུ་བསྟན་པའི་ལམ་ཤེས་ཡིན་པས་ཁྱབ་ཟེར་ན། འབྲས་བུ་ལམ་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། རྣམ་གྲངས་པའི་ཟག་བཅས་མ་ཡིན་པའི་ཕྱིར། དེར་ཐལ། འདོད་སྲེད་ཀྱི་ཟག་པ་ཡོད་ཀྱང་གཙོ་བོར་མི་སྤོང་བར་རྒྱུད་ལ་ལྡན་པའི་སྐབས་ཀྱི་ལམ་ཤེས་མ་ཡིན་པའི་ཕྱིར་ཏེ། འགྲེལ་པ་ལས། ལམ་ཤེས་པ་ཉིད་ཀྱི་རྣམ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ཤིན་ཏུ་མ་སྤངས་པའི་ཕྱིར། ཟག་པ་དང་བཅས་པ་ཁོ་ན་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཁོ་ནའི་དོན་ཡོད་པའི་ཕྱིར།

    གཉིས་པ་རང་ལུགས་ལ། ལམ་ཤེས་ཀྱི་དོན་རྣམ་གང་རུང་ཤར་བར་བྱས་ནས་སྒོམ་པའི་སེམས་དཔའི་སྦྱོར་བ་དེ། འདིའི་དངོས་བསྟན་གྱི་ལམ་ཤེས་སྦྱོར་བའི་མཚན་ཉིད། དབྱེ་ན་སོ་དྲུག་ཡོད། འདིར་བསྟན་རྣམ་པ་ལའང་དོན་རྣམ་དང་སྦྱོར་བའི་ཤེས་རྣམ་སོགས་ཡོད། ལམ་ཤེས་ཉམས་སུ་ལེན་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་ཡེ་ཤེས། ལམ་ཤེས་སྦྱོར་བའི་མཚན་ཉིད། དེ་དང་སེམས་དཔའི་མངོན་རྟོགས་དོན་གཅིག ས་མཚམས་ཐེག་ཆེན་ཚོགས་ལམ་ནས་རྒྱུན་མཐའི་བར་ཡོད།

    གསུམ་པ་རྩོད་སྤོང་ལ། ཁོ་ན་རེ། སྐབས་འདིར་དངོས་སུ་བསྟན་པའི་ལམ་ཤེས་སྦྱོར་བ་རྣམས་རང་རྒྱུད་ལྡན་གྱིས་སྒོམ་པས་ཁྱབ་པར་ཐལ། དེ་དག་བསྒོམ་བྱ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། རྣམ་པ་བརྒྱ་དང་དོན་གསུམ་སྒོམ་བྱ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བྱང་སེམས་སྒོམ་ལམ་པའི་རྒྱུད་ཀྱི་དེ་ཡོད་པའི་ཕྱིར། ཡང་ཁོ་ན་རེ། ཀུན་འབྱུང་གི་རྣམ་པ་ལ་བརྟེན་པའི་གང་ཟག་གི་བདག་མེད་རྟོགས་པའི་ལམ་ཤེས་སྦྱོར་བ་ཆོས་ཅན། གཞི་ཤེས་སྦྱོར་བ་ཁོ་ན་ཡིན་པར་ཐལ། དེ་གང་ཞིག །ལམ་ཤེས་སྦྱོར་བར་འཇོག་ཚུལ་མེད་པའི་ཕྱིར། དང་པོ་གྲུབ་སྟེ། གང་ཟག་གི་བདག་མེད་རྟོགས་པའི་སྦྱོར་བ་ཡིན་པའི་ཕྱིར་ཟེར་ན། རྩ་རྟགས་གཉིས་པ་མ་གྲུབ་སྟེ། སྲིད་ཞིའི་མཐའ་གཉིས་སེལ་བའི་སྦྱོར་བ་ཡིན་པའི་ཕྱིར། ཁྱབ་སྟེ། ལམ་ཤེས་ཀྱི་ལམ་ཤེས་ཚུལ་མཐའ་གཉིས་འགོག་པའི་ལམ་ལ་མཁས་དགོས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། རྩ་བར། ཤེས་པས་སྲིད་ལ་མི་གནས་ཤིང༌། །སྙིང་རྗེས་ཞི་ལ་མི་གནས་དང༌། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སྟོང་ཉིད་རྟོགས་པའི་ཤེས་རབ་དང་ལྷག་བསམ་གྱི་སྙིང་རྗེས་ཟིན་པའི་ལམ་རེ་རེས་ཀྱང་མཐའ་གཉིས་ཀ་བསལ་ནས་རང་གཞན་སེམས་ཅན་ཐམས་ཅད་ལ་ཐར་པའི་གོ་སྐབས་ཆེན་པོ་འབྱེད་པའི་ཕྱིར། མདོ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སེམས་ཅན་ཚད་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །ནས། ཤེར་ཕྱིན་འདི་ནི་མཐའ་གཉིས་སུ་མི་ལྟུང་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་གསུངས་པའི་ཕྱིར། ཚུལ་གོང་འོག་གི་ལམ་ཤེས་གཞི་ཤེས་སྦྱོར་བའི་ཁྱད་པར་གྱི་སྒོ་བརྒྱ་ཕྱེ་བ་ལེགས་སོ། །

སྨྲས་པ།

ཡང་ཡང་རྒྱ་ཆེན་ལམ་དང་བསམ་པ་སྦྱངས། །

ལྕི་ལྕི་སེམས་ཅན་ཁུར་ཁྱེར་རྒྱལ་སྲས་རྣམས། །

མཐོ་མཐོའི་ས་ལམ་རིམ་བགྲོད་སངས་རྒྱས་པ། །

བསམ་བསམ་ཀུན་འབྱུང་ཐོབ་པའི་དགའ་སྟོན་རྨད 

    མཁས་ཀྱང་ཕིགས་དཀའ་ཕ་རོལ་ཕྱིན་པའི་གནད། །འཆད་མཁན་མང་ཡང་ཚིག་དོན་འདབ་སྟོང་གི །དོན་གྱི་གནད་བོར་ཚིག་གི་ལོ་མའི་ཁུར། །མཐོང་ནས་འཕགས་སེང་གནད་དོན་ནོར་བུ་འཛིན། །སོ་དྲུག་ལམ་ཤེས་སྦྱོར་བའི་རྒྱན་ལྡན་པའི། །ལམ་ཤེས་ལྷ་དབང་ཁྱོད་ཀྱི་རྣམ་པའི་སྤྱན། །འཁྲུལ་བའི་མི་འཛུམ་རྒྱལ་སྲས་ཡོངས་འདུ་ལ། །ཐེག་ཆེན་ལག་ལྡན་སྟེང་ནས་གཟིགས་སམ་སྙམ། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

                                                                                                                   རྩོམ་སྒྲིག་པ། མང་ར་བ།

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                                   དྲ་བའི་སྦྲེལ་ཐགhttp://www.tb1025.cn  

བརྒྱུད་འགོད།