ཀུན་མཁྱེན་ཕར་ཕྱིན་ལས་གཞི་ཤེས་ཀྱི་རྣམ་པ་རྒྱས་བཤད།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-01-15 11:02:03     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 28363811256457924.jpg

    གཉིས་པ་ལ། གཞི་ཤེས་དང༌། ལམ་ཤེས་དང༌། རྣམ་མཁྱེན་རྒྱས་བཤད་གསུམ། དང་པོ་ནི། རྩ་བར། མེད་པའི་རྣམ་པ་ནས་བཟུང་སྟེ། །ནས། ལམ་ལ་དེ་ནི་བཅོ་ལྔར་བཤད། །ཅེས་བྱུང༌། འདི་ལ་འཕྲོས་སྦྱོར་སྤྱི་དོན་མཐའ་དཔྱད་བཞི། དང་པོ་ཡོད་དེ། ཡུམ་བར་མ་ལས། བཅོམ་ལྡན་འདས་འདི་ལྟ་སྟེ། ཡུམ་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་ནམ་མཁའ་མེད་པའི་ཕྱིར་རོ། །ནས། བཅོམ་ལྡན་འདས་འདི་ལྟ་སྟེ། ཕར་རོལ་ཏུ་ཕྱིན་པ་འདི་ནི་མི་གཡོ་བའི་ཕར་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཆོས་ཀྱི་དབྱིངས་གནས་པ་ཉིད་ཀྱི་ཕྱིར་རོ། །ཞེས་པའི་མདོ་ལས་འཕྲོས་པའི་ཕྱིར། གཉིས་པ་ནི། མདོ་དེ་ཆོས་ཅན། ཁྱོད་ཀྱིས་གཞི་ཤེས་ཀྱི་དོན་རྣམ་ཉེར་བདུན་དང་ཤེས་རྣམ་ཉེར་བདུན་དང༌། དེའི་སྦྱོར་བ་ཉེར་བདུན་གསུམ་བསྟན་པ་ཡིན་ཏེ། བདེན་བཞིའི་བདེན་པ་དང་པོ་གསུམ་སོ་སོ་ལ་དོན་རྣམ་མེད་པ་ནས་མི་སྐྱེ་བའི་བར་རིམ་པས་བཞི་བཞི་དང༌། དེའི་རྣམ་ཅན་གྱི་གཞི་ཤེས་བཞི་བཞི་དང༌། དེའི་རྣམ་ཅན་གྱི་སྦྱོར་བ་བཞི་བཞི་དང༌། ལམ་བདེན་ལ་བྱེད་པ་པོ་མེད་པ་ནས། མི་གཡོ་བའི་བར་དོན་རྣམ་བཅོ་ལྔ་དང༌། དེའི་རྣམ་ཅན་གྱི་གཞི་ཤེས་བཅོ་ལྔ་དང༌། དེའི་སྦྱོར་བ་བཅོ་ལྔར་བཤད་པ་དེ་ཡིན་པའི་ཕྱིར་རོ། །

    གསུམ་པ་སྤྱིའི་དོན་ལ། བདེན་པ་དང་པོ་གསུམ་གྱི་གཞི་ཤེས་ཀྱི་རྣམ་པ་དང༌། ལམ་བདེན་གྱི་དེའི་རྣམ་པ་དང༌། གྲངས་ཀྱི་དོན་བསྡུ་བ་གསུམ། དང་པོ་ནི། སྡུག་བསྔལ་རྟག་པར་མེད་པ་དང༌། དོན་དམ་པར་མི་སྐྱེ་བ་དང༌། བདག་གིས་དབེན་པ་དང་བདག་གིས་མི་རྫི་བ་བཞི་སྟོན་པའི་མདོ་ཆོས་ཅན། སྡུག་བདེན་གྱི་རྣམ་པ་བཞི་བསྟན་ཏེ། སྡུག་བདེན་གྱི་མི་རྟག་པ་དང༌། སོགས་པས་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པ་བཞི་རིམ་བཞིན་བསྟན་པའི་ཕྱིར་ཏེ། འགྲེལ་པ་ལས། ཐམས་ཅད་ཤེས་པ་ཉིད་ཀྱི་དབང་དུ་བྱས་ནས་མེད་པ་དང་མི་སྐྱེ་བ་དང་དབེན་པ་དང་མི་རྫི་བ་དང༌། ཞེས་སོ། །སྡུག་བསྔལ་གྱི་རྒྱུ་སྲེད་པ་དོན་དམ་པར་མེད་པས་གནས་མེད་པ་དང༌། ཀུན་འབྱུང་དོན་དམ་པར་ནམ་མཁའ་དང་འདྲ་བ་དང༌། རྟོག་དཔྱོད་དོན་དམ་པར་བརྗོད་དུ་མེད་པ་དང༌། ཡང་སྲིད་ཀྱི་རྐྱེན་ཚོར་བ་དོན་དམ་པར་མིང་མེད་པར་སྟོན་པའི་མདོ་ཆོས་ཅན། ཀུན་འབྱུང་བདེན་པའི་རྣམ་པ་བཞི་བསྟན་ཏེ། རིམ་བཞིན་དུ་རྒྱུ་ཀུན་འབྱུང་རབ་སྐྱེ་རྐྱེན་བཞིའི་རྣམ་པ་བསྟན་པའི་ཕྱིར། འགྲེལ་པ་ལས། གནས་མེད་པ་དང༌། ནམ་མཁའ་དང༌། བརྗོད་དུ་མེད་པ་དང༌། མིང་མེད་པ། ཞེས་གསུངས་པའི་ཕྱིར། འགོག་པ་དོན་དམ་པར་འགྲོ་བ་མེད་པ་དང༌། སྡུག་བསྔལ་ཞི་བ་རྐྱེན་གྱིས་མི་འཕྲོག་པ་དང༌། གྱ་ནོམ་པའི་ཐར་པ་མི་ཟད་པ་དང༌། དྲི་བྲལ་གྱི་འགོག་པ་སྐྱེ་བ་མེད་ཅེས་སྟོན་པའི་ཡུམ་ཆོས་ཅན། འགོག་བདེན་གྱི་རྣམ་པ་བཞི་བསྟན་ཏེ། རིམ་པས་འགོག་པ་ཞི་བ་གྱ་ནོམ་ངེས་འབྱུང་གི་རྣམ་པ་བཞི་བསྟན་པའི་ཕྱིར་ཏེ། འགྲེལ་པ་ལས། འགྲོ་བ་མེད་པ་དང༌། མི་འཕྲོག་པ་དང༌། མི་ཟད་པ་དང༌། སྐྱེ་བ་མེད་པའི་རྣམ་པ་སྟེ། ཞེས་གསུངས་པའི་ཕྱིར།

    གཉིས་པ་ནི། གཞི་ཤེས་ཀྱི་ལམ་བདེན་གྱི་རྣམ་པ་ཆོས་ཅན། ཁྱོད་ལ་གསུམ་ཡོད་དེ། རང་གི་སྤང་བྱ་ཉོན་སྒྲིབ་ཀྱི་གཉེན་པོ་མཐོང་ལམ་ཟག་མེད་དང༌། རང་གི་སྤང་བྱ་རང་རྒྱལ་གྱིས་སྤོང་བའི་ཤེས་སྒྲིབ་ཀྱི་གཉེན་པོ་ལ་སྒོམ་ལམ་ཟག་བཅས་དང༌། མཐོང་ལམ་ཟག་མེད་གཉིས་སུ་ཕྱེ་བ་དེའི་ཕྱིར། གཞི་ཤེས་ཀྱི་རྣམ་པའི་སྐབས་འདིར་ཤེས་སྒྲིབ་ཀྱི་གཉེན་པོ་སྟོན་པ་འགལ་བ་མེད་དེ། གཞི་ཤེས་ཀྱིས་རང་རྒྱལ་རང་གི་སྤང་བྱའི་ཤེས་སྒྲིབ་ཀྱི་གཉེན་པོའི་ལམ་རྣམས་ཀྱང་བསྡུས་པ་དེའི་ཕྱིར། གཞི་ཤེས་ཀྱི་ལམ་བདེན་གྱི་རྣམ་པ་བཅོ་ལྔ་ཡོད་དེ། དེ་གསུམ་གྱི་མཐོང་ལམ་ཟག་མེད་ལ་བཞི། སྒོམ་ལམ་ཟག་བཅས་ལ་ལྔ། མཐོང་ལམ་ཟག་མེད་ལ་དྲུག་ཡོད་པའི་ཕྱིར། ཉི་སྣང་ལས། ལམ་གྱི་བདེན་པའི་རྣམ་པ་ནི་བཅོ་ལྔ་ལས། བཞི་ནི་ཉོན་མོངས་པའི་སྒྲིབ་པའི་གཉེན་པོར་གྱུར་པ་ཡིན་ལ། ལྷག་མ་ནི་ཤེས་བྱའི་སྒྲིབ་པའི་གཉེན་པོ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དང་པོ་ནི། མདོ་ལས། བྱེད་པ་པོའི་གང་ཟག་གི་བདག་མེད་དང༌། ཤེས་པ་པོའི་གང་ཟག་གི་བདག་མེད་དང༌། འཕོ་བ་པོའི་གང་ཟག་གི་བདག་མེད་དང༌། འདུལ་བ་པོའི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་མཐོང་ལམ་བཞི་བསྟན་པ་ཆོས་ཅན། ལམ་བདེན་གྱི་རྣམ་པ་བཞི་བསྟན་པ་ཡིན་ཏེ་དང་པོ་དེའི་ལམ་གྱི་རྣམ་པ་དང༌། གཉིས་པ་རིག་པའི་དང༌། གསུམ་པ་སྒྲུབ་པའི་དང༌། བཞི་པ་ངེས་འབྱིན་གྱི་རྣམ་པར་བསྟན་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཉི་སྣང་ལས། ལམ་གྱི་རྣམ་པ་སྟེ་དེ་ནི་བྱེད་པ་པོ་མ་ཡིན་པ་ཉིད་ཀྱིས་བྱེད་པ་པོར་འཛིན་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཉི་སྣང་ལས། རིག་པའི་རྣམ་པ་སྟེ་མ་ལུས་པར་རྟོགས་པ་ནི་རིག་པ་སྟེ། ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། དེ་ཉིད་དུ་འཕོ་བ་མེད་ཀྱང་ཐ་སྙད་དུ་ལམ་གྱིས་དམན་པ་སྤོང་ཞིང་ཁྱད་འཕགས་ལེན་པ་སོ་སོར་སྒྲུབ་པའི་ཕྱིར། ཉི་སྣང་ལས། སྤོང་བ་དང་ལེན་པའི་གཉེན་པོ་ཡིན་པའི་ཕྱིར་དེ་སོ་སོར་རྟོགས་པ་ནི་སྒྲུབ་པ་ཡིན་ནོ་ཞེས་པའི་ཚུལ་གྱིས་སོ། །ཞེས་གསུངས་པའི་ཕྱིར། བཞི་པ་གྲུབ་སྟེ། ཐ་སྙད་དུ་ཉོན་མོངས་བཏུལ་ནས་མྱང་འདས་སུ་འགྲོ་ཡང་དེ་ཁོ་ནར་འདུལ་བ་མེད་པའི་ཕྱིར། ཉི་སྣང་ལས། ངེས་པར་འབྱིན་པའི་རྣམ་པ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེར་ནི་ཉོན་མོངས་པ་འདུལ་བར་ངེས་པར་འབྱུང་བ་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། རྩ་བའི་རྟགས་གཉིས་པ་སྒོམ་ལམ་ཟག་བཅས་ལ་ལྔ་ཡོད་དེ། རྨི་ལམ་ལྟར་ཕྱི་དོན་མེད་པ་དང༌། སྒྲ་བརྙན་ལྟར་ཕྱི་དོན་དུ་མ་སྐྱེས་པ་དང༌། མིག་ཡོར་ལྟར་ཕྱི་དོན་མ་བཀག་པ་དང༌། སྨིག་རྒྱུ་ལྟར་ཕྱི་དོན་གཟོད་མ་ནས་ཞི་བ་དང༌། སྒྱུ་མ་ལྟར་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཕྱི་དོན་མེད་བཞིན་དུ་སྣང་བར་རྟོགས་པའི་སྒོམ་ལམ་རྗེས་ཐོབ་ཡེ་ཤེས་ལྔ་ཡོད་པའི་ཕྱིར་ཏེ། ཉི་སྣང་ལས། སྒོམ་པའི་ལམ་རྣམ་པ་ལྔའི་དབང་དུ་མཛད་ནས་གསུངས་པ་ནི་རྨི་ལམ་གྱི། ཞེས་གསུངས་པའི་ཕྱིར། རྩ་བའི་རྟགས་གསུམ་པ་རང་གི་སྤང་བྱ་ཤེས་སྒྲིབ་ཀྱི་གཉེན་པོ་མཐོང་ལམ་ཟག་མེད་ལ་དྲུག་ཡོད་དེ། ཕྱི་དོན་གྱི་ཉོན་མོངས་པ་མེད་པ་དང༌། ཕྱི་དོན་གྱི་རྣམ་པར་བྱང་བ་མེད་པ་དང༌། ཕྱི་དོན་གྱི་བག་ཆགས་བགོས་པ་མེད་པ་དང༌། ཕྱི་དོན་གྱི་དབྱེ་བའི་སྤྲོས་པ་མེད་པ་དང༌། ཕྱི་དོན་དུ་རྟོགས་པའི་རློམ་པ་མེད་པ་དང༌། ཕྱི་དོན་དུ་རྟོགས་པ་ཐོབ་ཟིན་ནས་ཉམས་པ་མེད་པར་མངོན་སུམ་དུ་རྟོགས་པའི་མཐོང་ལམ་དྲུག་ཡོད་པའི་ཕྱིར། ཉི་སྣང་ལས། ཤེས་བྱའི་སྒྲིབ་པའི་གཉེན་པོ་མཐོང་བའི་ལམ་གྱི་རྣམ་པར་རྟོག་པ་དྲུག་སྤོང་བས་རབ་ཏུ་ཕྱེ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གསུམ་པ་དེས་ན་དེ་ལ་ཉེར་བདུན་ཡོད་པར་བཤད་ཟིན་པ་དེའི་ཕྱིར་རོ 

    བཞི་པ་མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་འཕགས་རྒྱུད་ཀྱི་མཁྱེན་པ་གང་ཞིག་ཐེག་དམན་གྱི་རྟོགས་རིགས་སུ་གནས་པ་དེ། གཞི་ཤེས་ཀྱི་དམིགས་པ་ལ་ལོག་པར་སྒྲོ་འདོགས་པའི་གཉེན་པོའི་མཚན་ཉིད་ཟེར་ན། ཉན་ཐོས་མཐོང་ལམ་པའི་རྒྱུད་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ཞི་བདེ་དོན་གཉེར་གྱི་བློ་ཆོས་ཅན། གཞི་ཤེས་ཀྱི་དམིགས་པ་ལ་ལོག་པར་སྒྲོ་འདོགས་པའི་སྒྲོ་འདོགས་ཀྱི་གཉེན་པོ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེས་དངོས་སུ་ཟིན་པ་གང་ཞིག །ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་ཕྱིར། དང་པོ་གྲུབ་སྟེ། ཟིན་བྱེད་དེས་དངོས་སུ་ཟིན་ན་ཟིན་བྱེད་དེ་དེ་དུས་སུ་ཡོད་མི་དགོས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཐེག་དམན་གྱི་ཐབས་ཀྱི་རྟོགས་རིགས་སུ་གནས་པའི་ཕྱིར། འདོད་ན། བདེན་འཛིན་གྱི་ཡང་གཉེན་པོ་ཡིན་པར་ཐལ། གཞི་ཤེས་ཀྱི་དམིགས་པ་ལ་ལོག་པར་སྒྲོ་འདོགས་པའི་བདེན་འཛིན་ཡོད་པའི་ཕྱིར། རིག་པ་སྦོམ་པོ་ལའང༌། ཡང་ཟུར་གཉིས་པ་ལ་ཐེག་དམན་གྱི་ཤེས་རབ་ཀྱི་རྟོགས་རིགས་སུ་གནས་པ་ཟེར་ན། དེ་འདྲས་ཟིན་པའི་སྡུག་བདེན་མི་རྟག་པར་མངོན་སུམ་དུ་རྟོགས་པ་དང༌། སྡུག་བསྔལ་བར་མངོན་སུམ་དུ་རྟོགས་པའི་མཁྱེན་པ་རེ་རེ་ནས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། བདེན་འཛིན་གྱི་ཡང་གཉེན་པོར་ཐལ་ལོ། །ཡང་ཁོ་ན་རེ། དམིགས་པ་གང་ཟག་གི་བདག་སོགས་སུ་སྒྲོ་འདོགས་པའི་གཉེན་པོའི་དེ་ལྟར་ཟེར་ནའང༌། སྔར་ལྟར་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་སླ། འདོད་མི་ནུས་ཏེ། དེ་དེའི་སྤོང་བྱེད་ཀྱི་གཉེན་པོ་སོགས་བཞི་གང་ཡང་མ་ཡིན་པའི་ཕྱིར་ཏེ། རྣམ་འགྲེལ་ལས། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཤིན་ཏུ་ཉེས་པ་ཚར་གཅོད་མིན། །ཞེས་གསུངས་པའི་ཕྱིར། སོགས་ཁོངས་ནས་འདོན་རྒྱུ་ཡོད་པའི་ཕྱིར། ཡང་ཁ་ཅིག །གཞི་ཤེས་ཀྱི་དམིགས་པའི་ཆོས་ལ་ལོག་པར་སྒྲོ་འདོགས་པའི་སྒྲོ་འདོགས་འགོག་པའི་ཡེ་ཤེས་དེ། གཞི་ཤེས་ཀྱི་རྣམ་པའི་མཚན་ཉིད་ཟེར་ན། ཐེག་ཆེན་རིགས་ངེས་རྒྱུད་ཀྱི་དེ་འདྲའི་ཚོགས་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། དེའི་རྒྱུད་ཀྱི་གཞི་ཤེས་སྦྱོར་བ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། གཞི་ཤེས་མ་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། གཞི་ཤེས་ཀྱི་རྣམ་པ་ཡིན་ན་སྐབས་འདིར་གཙོ་བོར་དངོས་སུ་བསྟན་པས་ཁྱབ་ཟེར་ན། ཐེག་དམན་གྱི་གཞི་ཤེས་རྣམས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཁྱོད་གཙོ་བོར་སྒོམ་པའི་ཐེག་ཆེན་རིགས་ངེས་ཡོད་པར་ཐལ་ལོ། །འདོད་མི་ནུས་ཏེ། ཐེག་དམན་གྱི་ལམ་ཡིན་པའི་ཕྱིར། གཞན་ཡང༌། སངས་འཕགས་རྒྱུད་ཀྱི་གཞི་ཤེས་སུ་གྱུར་པའི་བྱང་ཕྱོགས་སོ་བདུན་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། སྐབས་འདིར་གཙོ་བོར་བསྟན་པའི་གཞི་ཤེས་ལ་སངས་འཕགས་རྒྱུད་ཀྱི་དེ་མེད་པའི་ཕྱིར། དེར་ཐལ། སྐབས་འདིར་ཉེར་བདུན་བཤད་པ་རྣམ་གཞག་གི་རྟེན་སོ་སོར་ཤེས་པའི་ཆེད་ཡིན་པས་སངས་རྒྱས་ལ་མི་རུང་བ་གང་ཞིག །ཉན་རང་རྒྱུད་ཀྱི་ཡང་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། གསེར་འཕྲེང་ལས། འཕགས་པས་མཐོང་སྒོམ་གྱི་ལམ་ཉིད་གསུངས་པས་ཀྱང་སངས་རྒྱས་ལ་ཇི་ལྟར་སྦྱར། ཞེས་དང༌། ཡང་གསེར་འཕྲེང་ལས། མཁྱེན་གསུམ་གྱི་ནང་ནས་གཞི་ཤེས་འབའ་ཞིག་གི་སྐབས་ཡིན་པ་དང༌། ཞེས་གསུངས་པའི་ཕྱིར། ལུང་ཕྱི་མ་འདི་ཤིན་ཏུ་གནད་ཆེ། གཉིས་པ་གྲུབ་སྟེ། རྣམ་བཤད་ལས། རང་རྒྱལ་རང་རྒྱུད་ཀྱིས་བསྡུས་པ་ཡིན་ན་བྱང་ཆུབ་སེམས་དཔའི་རྒྱུད་ལ་སྐྱེད་པར་བཤད་པ་དང་འགལ་ལ། ཞེས་གསུངས་པའི་ཕྱིར། ཡང་སྔོན་གྱི་ཆེན་པོ་ཁ་ཅིག་ན་རེ། སློབ་དཔོན་འདིས་གཞི་ཤེས་ཀྱིས་རང་རྒྱལ་གྱི་མངོན་རྟོགས་བསྡུས་པར་འདོད་པ་འབྲེལ་མེད་དེ། ལམ་བདེན་གྱི་རྣམ་པ་བཅོ་ལྔའི་སྐབས་ཀྱི་ཉོན་སྒྲིབ་ཀྱི་གཉེན་པོ་དང་ཤེས་སྒྲིབ་ཀྱི་གཉེན་པོ་གཉིས་དང་གསུམ་བཤད་པ་འདི་རྟོགས་བྱེད་གཞི་ཤེས་ཀྱི་ཤེས་རྣམ་ཡིན་ནའང་མི་འཐད། དེ་རྟོགས་བྱ་གཞི་ཤེས་ཀྱི་དོན་རྣམ་ཡིན་ནའང་མི་འཐད་པའི་ཕྱིར། དང་པོ་གྲུབ་སྟེ། དམིགས་པ་བདེན་བཞིའི་རྣམ་པའི་སྐབས་ཡིན་པས་སྐབས་དོན་བོར་བའི་ཕྱིར། གསེར་འཕྲེང་ལས། འདིར་ནི་གཞི་ཤེས་ཀྱི་དམིགས་པ་ལ་སོགས་པ་འཆད་པའི་སྐབས་ཡིན་པས་སོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེའི་དམིགས་པ་ལ་དེར་འདུ་བས་མ་ཁྱབ་པའི་ཕྱིར། དེས་ན་ཤེས་སྒྲིབ་གཉེན་པོ་གཉིས་ཀྱིས་རང་རྒྱལ་བྱང་སེམས་སངས་རྒྱས་གསུམ་གའི་རྒྱུད་ཀྱི་གཉེན་པོ་2ཟག་བཅས་ཟག་མེད་བསྟན་ཟེར། དེ་མི་འཐད་པར་ཐལ། ལམ་བདེན་གྱི་རྣམ་པ་བཅོ་ལྔ་གང་རུང་དང་གཞི་ཤེས་ཀྱི་གཞི་མཐུན་མེད་པའི་ཕྱིར་ཏེ། བདེན་པ་དང་པོ་གསུམ་གྱི་རྣམ་པ་གང་རུང་དང་གཞི་ཤེས་ཀྱི་གཞི་མཐུན་མེད་པའི་ཕྱིར། འཁོར་གསུམ། མ་ཁྱབ་ན། ཁྱོད་ཀྱིས་དེ་དག་བསྡུས་མ་བསྡུས་བསྒྲུབ་མི་ཐུབ་པར་ཐལ། ཡིན་མིན་བསྡུས་ཚུལ་གཏན་ནས་མི་འདྲ་བ་དེའི་ཕྱིར། འཁོར་གསུམ། རྩ་བར་འདོད་ན། བྱེད་པ་པོའི་གང་ཟག་གི་བདག་མེད་རྟོགས་པའི་གཞི་ཤེས་ནས་ཕྱི་དོན་གྱི་རྟོགས་པ་ཐོབ་ཟིན་མི་ཉམས་པར་རྟོགས་པའི་གཞི་ཤེས་བཅོ་ལྔ་ཆོས་ཅན། ལམ་བདེན་མ་ཡིན་པར་ཐལ། གཞི་ཤེས་ཡིན་པའི་ཕྱིར། འཁོར་གསུམ།

(2) དཔར་ཐེངས་གཉིས་པ། ཟག་མེད་བསྟན་ཟེར།

    གཞན་ཡང༌། དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་དབང་དུ་བྱས་ནས། ཞེས་བཤད་པའི་དགར་ཚིག་གི་རྣམ་བཅད་མེད་པར་ཐལ། འདིར་མཁྱེན་གསུམ་ནང་ནས་གཞི་ཤེས་འབའ་ཞིག་སྟོན་པའི་སྐབས་མ་ཡིན་པའི་ཕྱིར། མ་གྲུབ་ན། འཁོར་གསུམ། དེར་ཐལ། དེས་མཁྱེན་པ་གསུམ་ཀ་གཙོ་བོར་དངོས་སུ་བསྟན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་གསུམ་གྱི་ནང་ནས་གཞི་ཤེས་འབའ་ཞིག་སྟོན་པའི་སྐབས་ཡིན་པའི་ཕྱིར་ཏེ། གསེར་འཕྲེང་ལས། གཞི་ཤེས་ཀྱི་དམིགས་པ་ལ་དེར་འདུ་བས་མ་ཁྱབ་ཀྱང་ལམ་བདེན་གྱི་སྐབས་སུ་འདུ་དགོས་ཏེ། འདི་མཁྱེན་གསུམ་གྱི་ནང་ནས་གཞི་ཤེས་འབའ་ཞིག་གི་སྐབས་ཡིན་པ་དང༌། ཞེས་གསུངས་པའི་ཕྱིར། གཞན་ཡང༌། སྐབས་འདིར་གཙོ་བོར་བསྟན་པའི་ཤེས་སྒྲིབ་ཀྱི་གཉེན་པོ་གཞི་ཤེས་ལ་རྣམ་མཁྱེན་འཇོག་པ་མི་འཐད་པར་ཐལ། དེ་ལ་འཕགས་པས་ཀྱང་མཐོང་སྒོམ་གཉིས་ལས་མ་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ལ་རྣམ་མཁྱེན་ཡོད་ན་དེ་ལྟར་བཤད་པ་འབྲེལ་མེད་པའི་ཕྱིར། གསེར་འཕྲེང་ལས། འཕགས་པས་མཐོང་སྒོམ་གྱི་ལམ་ཉིད་གསུངས་པས་ཀྱང་སངས་རྒྱས་ལ་ཇི་ལྟར་སྦྱར། ཞེས་གསུངས་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ལ་རྟགས་གྲུབ་སྟེ། སྐབས་འདིར་གཙོ་བོར་བསྟན་པའི་ལམ་བདེན་གྱི་རྣམ་པ་བཅོ་ལྔ་ལ་མཐོང་སྒོམ་གང་རུང་གཅིག་དགོས་པའི་ཕྱིར། དེར་ཐལ། དེ་བཅོ་ལྔའི་དང་པོ་བཞི་མཐོང་ལམ་གང་ཞིག །དེའི་འོག་མ་ལྔ་ཡང་སྒོམ་ལམ་ཡིན་3ཅིང་ལྷག་མ་དྲུག་མཐོང་ལམ་ཟག་མེད་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཉི་སྣང་ལས། ལམ་གྱི་བདེན་པའི་རྣམ་པ་ནི་བཅོ་ལྔ་ལས། བཞི་ནི་ཉོན་མོངས་པའི་སྒྲིབ་པའི་གཉེན་པོར་གྱུར་པ་ཡིན་ལ། ལྷག་མ་ནི་ཤེས་བྱའི་སྒྲིབ་པའི་གཉེན་པོ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རྟགས་ཕྱི་མ་གཉིས་གྲུབ་སྟེ། ཉི་སྣང་ལས། ཤེས་བྱའི་སྒྲིབ་པའི་གཉེན་པོའི་ལམ་ནི་རྣམ་པ་གཉིས་ཏེ། སྒོམ་པའི་ལམ་ཟག་པ་དང་བཅས་པ་དང༌། མཐོང་བའི་ལམ་ཟག་པ་མེད་པའོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སྐབས་འདིར་གཙོ་བོར་བཤད་པའི་ལམ་ཤེས་མེད་པར་ཐལ། སྐབས་འདིར་གཞི་ཤེས་འབའ་ཞིག་གཙོ་བོར་བཤད་པའི་ཕྱིར་ན་མ་ཁྱབ་ཅིང༌། འདོད་མི་ནུས་ཏེ། གཞི་ཤེས་སུ་གྱུར་པའི་ལམ་ཤེས་ཉེར་བདུན་ཡང་ཡོད་པའི་ཕྱིར། དེར་ཐལ། བྱང་སེམས་ཀྱི་གཞི་ཤེས་ཉེར་བདུན་སྐབས་འདིར་དངོས་སུ་མ་བསྟན་ན་སྐབས་གཞན་དུ་ཡང་མ་བསྟན་པའི་སྐྱོན་དུ་མ་འོངས་པའི་ཕྱིར། དེར་ཐལ། དེ་ལྟ་ན་རྣམ་རྫོགས་སྦྱོར་བས་གཞི་ཤེས་ཀྱི་རྣམ་པ་མ་ལུས་པ་མི་སྒོམ་པར་ཐལ་བ་དང༌། ཤེས་མཐོང་གིས་བལྟས་ནས་འདའ་བའི་དོན་མེད་པར་ཐལ་བ་དང༌། ལམ་ཤེས་ཀྱི་རྣམ་པ་མ་ཚང་བ་སོགས་ཀྱི་སྐྱོན་ཡོད་པའི་ཕྱིར་ཏེ། རྣམ་བཤད་ལས། བྱང་ཆུབ་སེམས་དཔའི་གཞི་ཤེས་ཀྱི་ངོ་བོར་གྱུར་པའི་ཤེས་རྣམ་ཉི་ཤུ་རྩ་བདུན་སྐབས་འདིར་དངོས་སུ་མ་བསྟན་ན་རྣམ་རྫོགས་སྦྱོར་བའི་གཞི་ཤེས་ཀྱི་རྣམ་པ་མ་ལུས་པ་སྐབས་གཞན་དུ་ཡང་དངོས་སུ་མ་བསྟན་པར་ཁས་ལེན་དགོས་པས། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། སྒྲིབ་པ་གང་ཞིག །ཐར་པ་ཐོབ་པ་ལ་བར་དུ་གཅོད་བྱེད་ཉོན་སྒྲིབ་ཀྱི་མཚན་ཉིད། དེ་གང་ཞིག །ཐམས་ཅད་མཁྱེན་པ་ཐོབ་པ་ལ་བར་དུ་གཅོད་བྱེད་དེ་ཤེས་སྒྲིབ་ཀྱི་མཚན་ཉིད་ཟེར་ན། གང་ཟག་གི་བདག་འཛིན་ཆོས་ཅན། ཤེས་སྒྲིབ་ཡིན་པར་ཐལ། ཐམས་ཅད་མཁྱེན་པ་ཐོབ་པ་ལ་བར་དུ་གཅོད་བྱེད་ཡིན་པའི་ཕྱིར། དེར་ཐལ། ཐམས་ཅད་མཁྱེན་པ་ཐོབ་པ་ལ་དེ་བཅོམ་པ་སྔོན་དུ་འགྲོ་དགོས་ཀྱི་སྒྲིབ་པ་ཡིན་པའི་ཕྱིར། དེ་མ་སྤངས་པར་ཐམས་ཅད་མཁྱེན་པ་ཐོབ་པ་མེད་པའི་ཕྱིར། ཡང་ཁ་ཅིག་ན་རེ། བདེན་འཛིན་ཆོས་ཅན ཉོན་སྒྲིབ་ཡིན་པར་ཐལ། ཐར་པ་ཐོབ་པ་ལ་བར་དུ་གཅོད་པའི་སྒྲིབ་པ་ཡིན་པའི་ཕྱིར། དེར་ཐལ། བྱང་སེམས་རིགས་ངེས་ཀྱིས་ཐར་པ་ཐོབ་པ་ལ་བདེན་འཛིན་ངེས་པར་སྤོང་དགོས་པའི་ཕྱིར་ན་མ་ཁྱབ་སྟེ། དེས་ཐར་པ་ཐོབ་པ་དང་ཐམས་ཅད་མཁྱེན་པ་ཐོབ་པ་དུས་མཉམ་པའི་ཕྱིར། ཀུན་བཏུས་ལས། དེས་བྱང་ཆུབ་ཐོབ་པ་ན་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་ཅིག་ཅར་སྤོང་ངོ༌། །ཅིག་ཅར་དགྲ་བཅོམ་པ་དང་དེ་བཞིན་གཤེགས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། འོ་ན་བདེན་འཛིན་ཆོས་ཅན། ཁྱོད་མངོན་གྱུར་དུ་རྒྱུད་ལ་ལྡན་པའི་དགྲ་བཅོམ་པ་མེད་པར་ཐལ། ཁྱོད་ཐར་པ་ཐོབ་པ་ལ་བར་དུ་གཅོད་བྱེད་ཡིན་པའི་ཕྱིར། མ་ཁྱབ་ན། ཆོས་ཐམས་ཅད་ཀྱིས་ཀྱང་ཐར་པ་ལ་བར་དུ་གཅོད་པར་ཐལ་ལོ། །ཡང་ཁ་ཅིག་ན་རེ། ཤེས་སྒྲིབ་དེ་བྱང་སེམས་ཚོགས་ལམ་པས་བྱང་སེམས་ཀྱི་སྒོམ་ལམ་ཐོབ་པ་ལ་བར་དུ་གཅོད་བྱེད་ཀྱི་སྒྲིབ་པ་ཡིན་པར་ཐལ། དེ་བྱང་སེམས་ཚོགས་ལམ་པས་རྣམ་མཁྱེན་ཐོབ་པ་ལ་བར་དུ་གཅོད་བྱེད་གང་ཞིག །རྣམ་མཁྱེན་ཐོབ་པ་ལ་ཐེག་ཆེན་གྱི་སྒོམ་ལམ་ཐོབ་པ་སྔོན་དུ་འགྲོ་དགོས་པའི་ཕྱིར་ན་མ་ཁྱབ་སྟེ། ཤེས་སྒྲིབ་ཙམ་སངས་མ་རྒྱས་བར་དུ་སྤངས་མི་ཐུབ་ཀྱང་མཐོང་སྒོམ་གྱི་ལམ་རྣམས་ཐོབ་ཆོག་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེས་སྒོམ་ལམ་ཐོབ་པ་ལ་བར་དུ་གཅོད་པར་ཐལ། དེས་སྒོམ་ལམ་ཐོབ་པ་ལ་གནོད་པའི་ཕྱིར་ན་མ་ཁྱབ་སྟེ། གནོད་པ་ཙམ་གྱིས་བར་དུ་གཅོད་པ་དང་གེགས་བྱེད་པས་མ་ཁྱབ་པའི་ཕྱིར། ཡང་ཁ་ཅིག་ན་རེ། སྒྲིབ་པ་ཡིན་ན་ཉོན་སྒྲིབ་དང་ཤེས་སྒྲིབ་གང་རུང་ཡིན་པས་ཁྱབ་ཟེར་ན། འོ་ན་སྒྲིབ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཤེས་སྒྲིབ་ཡིན་པར་ཐལ། དེ་གཉིས་གང་རུང་གང་ཞིག་ཉོན་སྒྲིབ་མ་ཡིན་པའི་ཕྱིར། དང་པོ་དངོས། གཉིས་པ་མ་གྲུབ་ན། ཉོན་སྒྲིབ་སྤངས་པའི་གང་ཟག་ཡིན་ན་ཁྱོད་སྤངས་པས་ཁྱབ་པར་ཐལ། ཁྱོད་ཉོན་སྒྲིབ་ཡིན་པའི་ཕྱིར། འདོད་ན། ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྩ་བར་འདོད་ན། ཁྱོད་ལ་ཤེས་སྒྲིབ་ཀྱིས་ཁྱབ་པར་ཐལ་ལོ། །

(3) དཔར་ཐེངས་གཉིས་པ། སྒོམ་ལམ་ཡིན་ཞིང་།

    བྱས་པ་ལ་ཁོ་ན་རེ། རྫས་སྤྱི་ཆོད་པའི་དབང་དུ་བྱས་ཟེར་ན། འོ་ན་སྒྲིབ་པ་ལ་ཉོན་སྒྲིབ་ཤེས་སྒྲིབ་སྙོམས་འཇུག་གི་སྒྲིབ་པ་གསུམ་མེད་པར་ཐལ་ལོ། །དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེ་གསུམ་དུ་དབྱེ་བ་དེ་སྟོབས་བཅུ་ལ་དངོས་བརྒྱུད་ཅི་རིགས་པས་སྒྲིབ་ཚུལ་སྒོ་ནས་གསུམ་བྱས་པའི་ཕྱིར། རྒྱུད་བླ་མ་ལས། སྟོབས་སོགས་རྣམས་ལས་སྟོབས་དྲུག་དང༌། །གསུམ་དང་གཅིག་གིས་རིམ་པ་བཞིན། །ཤེས་བྱ་སྙོམས་པར་འཇུག་པ་དང༌། །བག་ཆགས་བཅས་པ་ཀུན་བསལ་བས། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གནས་དང་གནས་མིན་མཁྱེན་པའི་དང༌། ཁམས་སྣ་ཚོགས་མཁྱེན་པའི་དང༌། མོས་པ་སྣ་ཚོགས་མཁྱེན་པའི་དང༌། ཀུན་ཉོན་དང་རྣམ་བྱང་མཁྱེན་པའི་དང༌། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དྲུག་གིས་ཤེས་སྒྲིབ་ཀྱི་གོ་ཆ་ལྟ་བུ་འཇོམས་པས་ཐོབ་པ་གང་ཞིག །བསམ་གཏན་དང་རྣམ་ཐར་མཁྱེན་པའི་དང༌། སྔོན་གནས་རྗེས་དྲན་མཁྱེན་པའི་དང༌། འཆི་འཕོ་སྐྱེ་བ་མཁྱེན་པའི་སྟོབས་གསུམ་གྱིས་སྙོམས་འཇུག་གི་སྒྲིབ་པ་རྩིག་པ་ལྟ་བུ་འཇོམས་པ་དང༌། ཟག་ཟད་མཁྱེན་པའི་སྟོབས་ཀྱིས་ཉོན་སྒྲིབ་ཤིང་ལྟ་བུ་འཇོམས་པའི་ཕྱིར། དང་པོ་གྲུབ་སྟེ། རྒྱུད་བླ་དར་ཊཱིཀ་ལས། གནས་དང་གནས་མིན། ཞེས་པ་ནས། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པ་དྲུག་གིས། ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པའི་གོ་ཆ་ཤེས་སྒྲིབ་འབིགས་པར་བྱེད་པ་ལ་རྡོ་རྗེ་ལྟ་བུ་དང༌། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྒྱུད་བླ་མའི་དར་ཊཱིཀ་ལས། བསམ་གཏན་དང༌། ནས། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་གསུམ་གྱིས་སྙོམས་པར་འཇུག་པའི་སྒྲིབ་པ་རྩིག་པ་བརྟན་པོ་གཞིག་པ་ལ་རྡོ་རྗེ་ལྟ་བུ་དང༌། ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། དེ་ཉིད་ལས། ཟག་པ་ཟད་པ་མཁྱེན་པའི་སྟོབས་གང་ཡིན་པ། ཉོན་མོངས་པའི་སྒྲིབ་པའི་ཤིང་རྣམས་གཅོད་པའི་ཕྱིར་རྡོ་རྗེ་བཞིན། ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་ཤེས་སྒྲིབ་ཡིན་ཟེར། ལ་ལ་ན་རེ། ཉོན་སྒྲིབ་ཟེར་ན། དེ་གཉིས་ཀ་མི་འཐད་པར་ཐལ། ཤེས་སྒྲིབ་མ་ཡིན་པ་གང་ཞིག །ཉོན་སྒྲིབ་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། དེ་ཆོས་ཅན། ཁྱོད་སྤངས་པའི་ཉན་ཐོས་དགྲ་བཅོམ་པ་མེད་པར་ཐལ། ཁྱོད་ཤེས་སྒྲིབ་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། གཉིས་ཀའི་ཆ་ལས་གྲོལ་པའི་ཉན་ཐོས་དགྲ་བཅོམ་པ་ཡོད་པའི་ཕྱིར་ཏེ། མཛོད་ལས། འགོག་ཐོབ་གཉིས་ཀ་ལས་རྣམ་གྲོལ། །ཞེས་གསུངས་པའི་ཕྱིར། གཉིས་པ་མ་གྲུབ་ན། དེ་ཆོས་ཅན། ཁྱོད་རྒྱུད་ལྡན་གྱི་དགྲ་བཅོམ་མེད་པར་ཐལ། ཁྱོད་ཉོན་སྒྲིབ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། སྙོམས་འཇུག་གི་སྒྲིབ་པ་ལས་མ་གྲོལ་པའི་དགྲ་བཅོམ་པའམ། དགྲ་བཅོམ་རྒྱན་མེད་ཡོད་པའི་ཕྱིར། དེ་སྒྲིབ་པ་ཡིན་བྱས་པ་ལ་ཁོ་ན་རེ། ལས་སྒྲིབ་སྒྲིབ་པ་ཡིན་པར་ཐལ། དེ་སྒྲིབ་པ་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། དེ་གཉིས་སྒྲིབ་པ་ཡིན་མིན་མཚུངས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། སྙོམས་འཇུག་གི་སྒྲིབ་པ་ཡིན་ན་སྒྲིབ་པ་མ་ཡིན་པས་ཁྱབ་པར་ཐལ། ལས་སྒྲིབ་ལ་དེའི་ཕྱིར། འཁོར་གསུམ། འདོད་ན། དེར་གྱུར་པའི་བྱིང་རྒོད་གཉིས་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། རྒྱུད་བླ་མ་ལས། གཉིས་མེད་ལས་སུ་རུང་བའི་ཕྱིར། །རྩུབ་པའི་རེག་དང་བྲལ་བ་ཡིན ཞེས་དང༌། དེའི་དར་ཊིཀ་ལས། སྙོམས་འཇུག་གི་སྒྲིབ་པས་བསྡུས་པའི་བྱིང་རྒོད་གཉིས་མེད་པས་ཏིང་ངེ་འཛིན་སྒོམ་པ་ལས་སུ་རུང་བའི་ཕྱིར། ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་ཆོས་ཅན། སྒྲིབ་གཉིས་གང་རུང་ཡིན་པར་ཐལ། སྒྲིབ་པ་ཡིན་པའི་ཕྱིར་ན་མ་ཁྱབ། ཁྱབ་པར་ཐལ། སྒྲིབ་པ་ལ་སྒྲིབ་པ་གཉིས་སུ་གྲངས་ངེས་པའི་ཕྱིར་ན་ཡང་མ་ཁྱབ། རྟགས་གྲུབ་སྟེ། ཐར་པ་ཐོབ་པའི་གེགས་བྱེད་ཉོན་སྒྲིབ་དང༌། ཤེས་བྱ་ཐམས་ཅད་མཁྱེན་པ་ཐོབ་པའི་གེགས་བྱེད་ཤེས་སྒྲིབ་གཉིས་སུ་གྲངས་ངེས་པའི་ཕྱིར་ཏེ། དབུས་མཐའ་ལས། ཉོན་མོངས་པ་ཡི་སྒྲིབ་པ་དང༌། །ཤེས་བྱ་ཡི་ནི་སྒྲིབ་པ་སྟེ། །དེར་ནི་སྒྲིབ་པ་ཐམས་ཅད་བསྟན། །དེ་ཟད་པས་ན་གྲོལ་བར་འདོད། །ཅེས་གསུངས་པའི་ཕྱིར།

    ཡང་ཁ་ཅིག །སྒྲིབ་པ་ལ་ཉོན་སྒྲིབ་ཤེས་སྒྲིབ་གཉིས་སུ་མ་ངེས་པར་ཐལ། གསུམ་དུ་ངེས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་ཟིན། འདོད་མི་ནུས་ཏེ། སྒྲིབ་པ་ཐམས་ཅད་དེ་གཉིས་སུ་འདུ་བའི་ཕྱིར་ཏེ། དབུས་མཐའ་ལས། དེར་ནི་སྒྲིབ་པ་ཐམས་ཅད་བསྟན། །ཞེས་གསུངས་པའི་ཐམས་ཅད་ཀྱི་དོན་ཡོད་པའི་ཕྱིར། ཁྱབ་སྟེ། སྒྲིབ་པ་ཐམས་ཅད་ཀྱི་དོན་བསྡུས་ནས་སྒྲིབ་པ་ཆེན་པོ་ནས་ཁྱད་པར་དུ་འགྲོ་བ་ལ་སྒྲིབ་པའི་བར་བཅུ་བཤད་པའི་ཕྱིར། དབུས་མཐའི་འགྲེལ་པ་ལས། སྒྲིབ་པ་ཐམས་ཅད་ཀྱི་དོན་བསྡུས་པ་སྟེ། སྒྲིབ་པ་ཆེན་པོ་ནི་ཁྱབ་པ་གང་ཡིན་པའོ། །ནས། དེ་ཁྱད་པར་དུ་འགྲོ་བ་ལ་སྒྲིབ་པ་ནི་ས་རྣམས་ལ་སྒྲིབ་པ་གང་ཡིན་པའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། དགོངས་འགྲེལ་ལས། ཀུན་ཏུ་རྨོངས་པ་ནི་དུ་མཆིས། གནས་ངན་ལེན་མི་མཐུན་ཕྱོགས་ནི་དུ་མཆིས། ཞེས་པའི་ལན་དུ། དགོངས་འགྲེལ་ལས། ཀུན་ཏུ་རྨོངས་པ་ནི་ཉི་ཤུ་རྩ་གཉིས་དང༌། གནས་ངན་ལེན་མི་མཐུན་ཕྱོགས་བཅུ་གཅིག་སྟེ། ཞེས་གསུངས་པ་མི་འཐད་པར་ཐལ། ས་བཅུ་པ་རྒྱུན་མཐའི་ངོས་སྐལ་གྱི་རྨོངས་པ་གཉིས་གཉིས་ཏེ་ཉེར་གཉིས་དང༌། གནས་ངན་ལེན་རེ་རེ་བྱས་པས་བཅུ་གཅིག་ཡོད་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། ས་བཅུའི་མི་མཐུན་ཕྱོགས་གནས་ངན་ལེན་བཅུ་གཅིག་ཆོས་ཅན། སྒྲིབ་གཉིས་གང་རུང་ཡིན་པར་ཐལ། སྒྲིབ་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དབུས་མཐའ་ལས། དེར་ནི་སྒྲིབ་པ་ཐམས་ཅད་བསྟན། །ཞེས་པའི་སྒྲིབ་པ་ཡིན་པའི་ཕྱིར་ཏེ། འགྲེལ་པ་ལས། དགེ་བ་བླ་ན་མེད་པ་ལ་སྒྲིབ་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྒྲིབ་པ་གང་ཡིན་པའོ། །དེ་ཁྱད་པར་དུ་འགྲོ་བ་ལ་སྒྲིབ་པ་ནི་ས་རྣམས་ལ་སྒྲིབ་པ་གང་ཡིན་པའོ། །ཞེས་གསུངས་པའི་ཕྱིར། དེས་སྒྲིབ་པ་འཇོག་ཚུལ་དུ་མ་དགོས་པར་དབུ་མའི་མཐའ་དཔྱོད་དུ་ཡང་མདོར་བསྡུས་བཤད་ཟིན་ཏོ། །ཡང་ཁ་ཅིག་ན་རེ། ཉོན་སྒྲིབ་ཡིན་ན་ཉོན་མོངས་ཀྱི་ལས་བྱེད་པས་ཁྱབ་ཟེར་ན། བྱང་འཕགས་རྒྱུད་ཀྱི་འདོད་པ་དང་སྲིད་པའི་ཆགས་པ་ཆོས་ཅན། ཉོན་མོངས་ཀྱི་ལས་བྱེད་པར་ཐལ། ཉོན་སྒྲིབ་ཡིན་པའི་ཕྱིར། རྟགས་སླ། འདོད་མི་ནུས་ཏེ། དེས་སེམས་རྒྱུད་ཉོན་མོངས་སྤངས་པའི་དགྲ་བཅོམ་པ་ལྟར་ཞི་བར་བྱེད་ཀྱི་མ་ཞི་བར་མི་བྱེད་པའི་ཕྱིར་ཏེ། འོད་སྲུང་གིས་ཞུས་པ་ལས། དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད། །དེ་ནི་སངས་རྒྱས་ཆོས་རྣམས་སྐྱེད་ལ་ཕན། །ཞེས་གསུངས་པའི་ཕྱིར། ཀུན་བཏུས་ལས། ས་བཅུ་རྣམས་སུ་བསྒོམ་པའི་ལམ་ཤེས་བྱའི་སྒྲིབ་པའི་གཉེན་པོ་སྒོམ་ལམ་གྱི་ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ནི་མ་ཡིན་ཏེ། ནས། དེས་ཉོན་མོངས་མ་སྤངས་སུ་ཟིན་ཡང་སྔགས་དང་སྨན་གྱིས་བསད་པའི་དུག་ལྟ་བུ་དང༌། དཔེར་ན། དེ་སྤངས་པའི་དགྲ་བཅོམ་པ་ལྟར་ས་ཐམས་ཅད་དུ་ཉོན་མོངས་པའི་ཉེས་པ་མི་སྐྱེད་དོ། །ཞེས་གསུངས་པའི་ཕྱིར། རྒྱུད་བླ་མའི་དར་ཊཱིཀ་ལས། སྲིད་པའི་ཟག་པ་མངོན་གྱུར་ཡོད་ཀྱང་སྔགས་དང་སྨན་གྱིས་བསད་པའི་དུག་ལྟ་བུ་ཉོན་མོངས་པའི་ཉེས་པ་མི་སྐྱེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདི་ཡང་བྱང་སེམས་སྒོམ་ལམ་པ་ལ་ཡིན་གྱི་བྱང་ཆུབ་ཀྱི་སེམས་བསྐྱེད་མ་ཐག་ནས་རུང་བར་བཤད་ན་མི་དགེ་བའི་བཤེས་གཉེན་ཡིན་ལ། བོད་དག་གིས་མི་སྤངས་པའི་ཉོན་མོངས་བཏགས་པ་བ་ཁོ་ནར་བཤད་པ་དག་གིས་ཕར་ཕྱིན་གྱི་སྐབས་ཐམས་ཅད་སོ་སྐྱེ་དང་ཉན་ཐོས་ལྟར་བཤད་པས་སྒྲོ་སྐུར་གྱི་མཐར་ལྟུང་ངོ༌། །ཞེས་ཤེས་པར་བྱའོ། །ཡང་ཁ་ཅིག་ན་རེ། དེ་ལ་གཉིས་ཁོ་ནར་མ་ངེས་པར་ཐལ། ཆགས་སྒྲིབ་དང་ཐོགས་སྒྲིབ་གཉིས་ཀྱང་སྒྲིབ་པ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་གཉིས་ཤེས་སྒྲིབ་ཀྱི་རྣམ་གྲངས་ཡིན་པའི་ཕྱིར། དེར་ཐལ། སེམས་ཅན་གྱི་ཁམས་ཇི་ལྟ་བ་མ་ལུས་པ་ལ་རྨོངས་པས་ཆགས་སྒྲིབ་དང༌། ཇི་སྙེད་པ་མ་ལུས་པ་ལ་རྨོངས་པས་ཐོགས་སྒྲིབ་ཏུ་འཇོག་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། དྲི་མེད་དབྱིངས་ལ་ཆགས་མེད་དང༌། །ཐོགས་མེད་ཕྱིར་ན་དག་པ་ཡིན། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་གཉིས་ཀྱི་ལྡོག་ཟླ་ཆགས་ཐོགས་མེད་པར་མཁྱེན་ཚུལ་དེའི་ཕྱིར། དེའི་ཐོགས་འགྲེལ་ལས། དེ་ལ་ཇི་ལྟ་བ་བཞིན་ཡོད་པ་ཉིད་ཀྱིས་སེམས་ཅན་གྱི་ཁམས་རང་བཞིན་གྱིས་རྣམ་པར་དག་པའི་ཡུལ་ཅན་གྱི་ཕྱིར་ན་ཆགས་པ་མེད་པ་ཡིན་ལ། ཇི་སྙེད་པ་ཡོད་པ་ཉིད་ཀྱིས་ཤེས་བྱའི་དངོས་པོ་མཐའ་མེད་པའི་ཡུལ་ཅན་གྱི་ཕྱིར་ན་ཐོགས་པ་མེད་པ་ཡིན་ནོ ཞེས་གསུངས་པའི་ཕྱིར།

    ཡང་ཁ་ཅིག །དེ་ལ་གཉིས་སུ་གྲངས་མ་ངེས་པར་ཐལ། འདོད་ཆེན་པའི་སྒྲིབ་པ་དང༌། མུ་སྟེགས་ཀྱི་བདག་ལྟའི་སྒྲིབ་པ་དང༌། ཉན་ཐོས་ཀྱི་སྡུག་བསྔལ་ལ་འཇིགས་པའི་དམན་སྒྲིབ་དང༌། རང་རྒྱལ་གྱི་སེམས་ཅན་དོན་ལ་མི་ལྟོས་པའི་དམན་སྒྲིབ་དང་བཞི་ཡང་སྒྲིབ་པ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་བཞིའི་དང་པོ་གཉིས་སྲིད་མཐར་ལྟུང་བྱེད་ཀྱི་སྒྲིབ་པ་དང༌། ཕྱི་མ་གཉིས་ཞི་མཐར་ལྟུང་བྱེད་ཀྱི་སྒྲིབ་པའི་ལྡོག་ཆ་དང་རྟེན་གང་ཟག་གི་སྒོ་ནས་ཕྱེ་བ་ཙམ་ཡིན་པའི་ཕྱིར། རིགས་ཆད་འདོད་ཆེན་པ་ཆོས་ལ་མི་དགའ་བ་དང༌། མུ་སྟེགས་པའི་བདག་ལྟ་དང༌། ཉན་ཐོས་ཀྱི་འཇིགས་སྲེད་དང༌། རང་རྒྱལ་གྱི་རང་དོན་ཁོ་ནར་སྲེད་པ་བཞི་ཡོད་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། ཆོས་ལ་ཁོང་ཁྲོ་བདག་ལྟ་དང༌། །འཁོར་བའི་སྡུག་བསྔལ་གྱིས་འཇིགས་དང༌། །སེམས་ཅན་དོན་ལ་ལྟོས་མེད་ཉིད། །འདོད་ཆེན་མུ་སྟེགས་ཉན་ཐོས་དང༌། །རང་བྱུང་རྣམས་ཀྱི་སྒྲིབ་རྣམ་བཞི། །ཞེས་དང༌། དར་ཊཱིཀ་ལས། རྟེན་གྱི་སྒོ་ནས་སོ་སོར་ཕྱེ་བ་ཡིན་གྱི། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཐོགས་འགྲེལ་ལས། འདོད་ཆེན་པ་དང༌། མུ་སྟེགས་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཏེ། དེ་དག་ལ་ནི་དེ་བཞིན་གཤེགས་པའི་ཁམས་མི་རྟོགས་པ་དང༌། མངོན་སུམ་དུ་བྱེད་པར་མི་འགྱུར་བའི་སྒྲིབ་པ་འདི་བཞི་ཡང་དག་པར་གནས་སོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་དག་སྲིད་ཞིའི་མཐར་འཆིང་བྱེད་ཀྱི་སྒྲིབ་པ་ཡིན་པའི་ཕྱིར་ཏེ། དར་ཊཱིཀ་ལས། ཐེག་པ་ཆེན་པོའི་ལམ་དུ་བགྲོད་པར་བྱེད་པ་ཀུན་གྱིས་འདི་དག་སྤང་བར་བྱ་བ་ཡིན་ལ། དེ་ཡང་སྲིད་པའི་མཐར་ལྟུང་བ་དང༌། ཞི་བའི་མཐར་ལྟུང་བ་དང༌། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། དེའི་ཕྱི་མ་གཉིས་ལམ་ཁོ་ན་ཡིན་ཟེར་ན། དེ་མི་འཐད་པར་ཐལ། འདོད་ཆེན་པའི་ཐེག་ཆེན་ཆོས་ལ་སྡང་བ་དང༌། མུ་སྟེགས་ཀྱི་བདག་ལྟ་དང༌། ཉན་ཐོས་ཀྱི་སྡུག་བསྔལ་གྱི་འཇིགས་སྲེད་དང༌། རང་རྒྱལ་གྱི་ང་རྒྱལ་བས་སེམས་ཅན་ལ་མི་ལྟོས་པའི་བརྩེ་མེད་ཀྱི་སྒྲིབ་པ་བཞི་པོ་དེ་ཕར་ཕྱིན་ལ་སྒྲིབ་པའི་སྒྲིབ་པ་ཡིན་པའི་ཕྱིར། དེས་ན་དེ་བཞིའི་གཉེན་པོ་ཕར་ཕྱིན་བཞི་དང༌། འབྲས་བུར་ཡང་གཙང་བ་དང༌། བདག་དང༌། བདེ་བ་དང༌། རྟག་པ་དམ་པའི་ཕར་ཕྱིན་བཞི་འབྱུང་བའི་ཕྱིར། དང་པོ་གྲུབ་སྟེ། དང་པོའི་གཉེན་པོར་ཐེག་ཆེན་ལ་མོས་པ་སྟེ། ཡིད་ཆེས་ཀྱི་དད་པ་དང༌། གཉིས་པའི་གཉེན་པོར་ཤེར་ཕྱིན་དང༌། གསུམ་པའི་གཉེན་པོར་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་དང༌། བཞི་པའི་གཉེན་པོར་ལྷག་བསམ་གྱི་སྙིང་རྗེ་ཡིན་པ་དེའི་ཕྱིར། ཟུར་དང་པོ་གྲུབ་སྟེ། རྒྱུད་བླ་མ་ལས། ཐེག་མཆོག་ལ་མོས་ས་བོན། ཞེས་དང༌། དར་ཊཱིཀ་ལས། འདིར་བསྟན་པའི་མོས་པ་ནི་ཐེག་པ་ཆེན་པོའི་ཆོས་རྒྱུ་འབྲས་ལ་དང་པའི་དད་པ་དང༌། འདོད་པའི་དད་པ་དང༌། ཡིད་ཆེས་པའི་དད་པ་གསུམ་ལས་ཕྱི་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྒྱུད་བླ་མ་ལས། ཤེས་རབ་ནི། །སངས་རྒྱས་ཆོས་བསྐྱེད་མ་དང༌། ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། རྒྱུད་བླ་མ་ལས། བསམ་གཏན་གྱི། །བདེ་བའི་མངལ་གནས། ཞེས་གསུངས་པའི་ཕྱིར། བཞི་པ་གྲུབ་སྟེ། རྒྱུད་བླ་མ་ལས། སྙིང་རྗེའི་མ་མ་ཅན། །ཞེས་དང༌། དར་ཊཱིཀ་ལས། སྒྲིབ་པ་རེ་དང་གཉེན་པོ་རེ་སྦྱར་ཏེ་བཤད་པ། ཞེས་དང༌། ཐོགས་འགྲེལ་ལས། གང་གིས་གཉེན་པོར་མོས་པ་ལ་སོགས་པའི་ཆོས་འདི་བཞི་བསྒོམ་ནས། ཞེས་གསུངས་པའི་ཕྱིར། བཞི་ག་སོ་སོར་སྦྱར་ཀྱང་མང་དོགས་ནས་མ་བྲིས་ལ། དབུས་མཐའི་འགྲེལ་པ་ལས་ཀྱང༌། དགེ་བ་བླ་ན་མེད་པ་ལ་སྒྲིབ་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྒྲིབ་པ་གང་ཡིན་པའོ། །ཞེས་གསུངས་པའི་ཕྱིར། ཉན་ཐོས་དང་རང་རྒྱལ་ལ་ཕར་ཕྱིན་མེད་པར་བཤད་པས་ཀྱང་ཤེས་པར་བྱའོ། །རྩ་རྟགས་གཉིས་པ་གྲུབ་སྟེ། རྒྱུད་བླ་མ་ལས། གཙང་བདག་བདེ་དང་རྟག་ཉིད་ཀྱི། །ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། །ཞེས་དང༌། ཐོགས་འགྲེལ་ལས། གང་གི་གཉེན་པོར་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་བཞི་རྣམ་པར་བཞག་སྟེ། འདི་ལྟ་སྟེ། རྟག་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བདེ་བའི་ཕ་རོལ་ཏུ་ཕྱིན་པ་དང༌། བདག་གི་ཕ་རོལ་ཏུ་ཕྱིན་པ་དང༌། གཙང་བའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ།.....ཇོ་དཀར། ཉན་རང་གི་དེ་སྒྲིབ་པ་མ་ཡིན་པར་ཐལ། ཕུང་པོ་མི་རྟག་པར་རྟོགས་པ་ལོག་ཤེས་ཕྱིན་ཅི་ལོག་ཡིན་པའི་ཕྱིར། དེར་ཐལ། མདོ་ལས། ཉན་ཐོས་དང༌། ནས། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་ཕྱིན་ཅི་ལོག་ཏུ་གྱུར་པའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཉན་རང་རྒྱུད་ཀྱི་ཕུང་པོ་བདེན་པའི་མི་རྟག་པ་དང༌། སྡུག་བསྔལ་བར་འཛིན་པ་རྣམས་ཆོས་སྐུ་དེ་བཞིན་ཉིད་ལ་ལྟོས་ཏེ་ལོག་ཤེས་སུ་བསྟན་པ་ཡིན་པའི་ཕྱིར་ཏེ། དར་ཊཱིཀ་ལས། ཆོས་ཀྱི་སྐུ་ལ་ལྟོས་ཏེ་ཕྱིན་ཅི་ལོག་ཏུ་བཞག་པ་ནི་ཕུང་པོ་མི་རྟག་པ་ལ་སོགས་པ་བདེན་པར་འཛིན་པའི་བདེན་འཛིན་ལ་བཞེད་པ་ཡིན་གྱི། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །རང་ཉིད་གཅིག་པུ་ཞི་བདེ་དོན་གཉེར་གྱི་ཤེས་རབ་ཀྱང་འདིའི་ཉན་རང་གི་སྒྲིབ་པར་འདོད་པ་མི་འཐད་པར་ཐལ། དེ་འདྲ་ཡོད་ཀྱང་འདིའི་སྒྲིབ་པ་བཞི་ག་དངོས་གཉེན་གྱིས་སྤང་རྒྱུའི་སྒྲིབ་པ་ཡིན་པའི་ཕྱིར། དེས་ན་ཉན་རང་གི་དེ་ཞེན་ཚུལ་མི་གཅིག་པ་མ་གཏོགས་ཕལ་ཆེར་བདེན་འཛིན་དུ་ཤས་ཆེ་བའི་ཕྱིར། དར་ཊཱིཀ་ལས། དེ་ནས་རིམ་གྱིས་ཐེག་པ་ཆེན་པོའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ཉམས་སུ་བླངས་པ་ལ་བརྟེན་ནས་སྔར་བཤད་པའི་སྒྲིབ་པ་དེ་བཞི་འཇོམས་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། མ་རིག་པས་བསྟན་པར་དྲི་མ་མ་བྱེད་ཅིག །

    གཉིས་པ་རང་ལུགས་ལ། གཞི་ཤེས་ཀྱི་དམིགས་རྣམ་བཞིན་དུ་རང་གི་དམིགས་རྣམ་བྱས་ནས་ཉམས་སུ་ལེན་པའི་མཁྱེན་པ་དེ། གཞི་ཤེས་སྦྱོར་བའི་མཚན་ཉིད། ཉམས་སུ་ལེན་པ་སྨོས་པས་སེམས་ཅན་གྱི་རྒྱུད་ཀྱི་ཡིན་པར་སྟོན། དབྱེ་ན་ཐེག་པ་གསུམ་གའི་གཞི་ཤེས་སྦྱོར་བ་གསུམ་ཡོད་དེ། དམིགས་པ་བདེན་བཞི་གང་རུང་ལ་དམིགས་ནས་རྣམ་པ་གཞི་ཤེས་ཀྱི་འཛིན་སྟངས་ཉེར་བདུན་གང་རུང་བྱས་ནས་སྒོམ་པའི་ཆ་ནས་བཞག་པའི་སེམས་དཔའི་སྦྱོར་བ་དེ། འདིར་དངོས་སུ་གཙོ་བོར་བསྟན་པའི་སེམས་དཔའི་གཞི་ཤེས་ཀྱི་སྦྱོར་བའི་མཚན་ཉིད། དབྱེ་ན་ཉེར་བདུན། རང་གི་ངོས་སྐལ་གྱི་ཉོན་མོངས་ཀྱི་གཉེན་པོ་བྱེད་པའི་སྐབས་འདིར་དངོས་སུ་བསྟན་པའི་རྟོག་བྲལ་གྱི་བདེན་པ་མངོན་རྟོགས་དེ། སྐབས་འདིར་དངོས་སུ་བསྟན་པའི་རང་གི་ངོས་སྐལ་གྱི་ཉོན་མོངས་ཀྱི་གཉེན་པོ་མཐོང་ལམ་ཟག་མེད་ཀྱི་མཚན་ཉིད། དབྱེ་ན་ཉན་རང་དང་བྱང་སེམས་ཀྱི་བཞི་ཡོད། འདིར་དངོས་སུ་བསྟན་པའི་རང་གི་སྤང་བྱ་ཤེས་སྒྲིབ་ཀྱི་གཉེན་པོ་བྱེད་པའི་ཞེན་རིག་རྗེས་ལ་མངོན་རྟོགས་དེ། སྐབས་འདིར་དངོས་སུ་བསྟན་པའི་སྒོམ་ལམ་ཟག་བཅས་ཀྱི་མཚན་ཉིད། དབྱེ་ན་རང་རྒྱལ་དང་བྱང་སེམས་ཀྱི་ལྔ་ཡོད། འདིར་དངོས་སུ་བསྟན་པའི་རང་གི་སྤང་བྱ་ཤེས་སྒྲིབ་རགས་པའི་གཉེན་པོ་བྱེད་པའི་རྟོག་བྲལ་གྱི་བདེན་པ་མངོན་རྟོགས་དེ། སྐབས་འདིར་དངོས་སུ་བསྟན་པའི་རང་རྒྱལ་རྟོགས་རིགས་ཀྱི་མཐོང་ལམ་གྱི་མཚན་ཉིད། དབྱེ་ན་རང་རྒྱལ་དང་བྱང་སེམས་ཀྱི་མཐོང་ལམ་དྲུག་ཡོད། ལམ་འབྲས་ལ་གེགས་བྱེད་པ་ཡང་ཡིན་དངོས་གཉེན་གྱི་གཞོམ་པར་བྱ་བ་དེ་སྒྲིབ་པའི་མཚན་ཉིད། དབྱེ་ན་དུ་མ་ཡོད་དེ། སྒྲིབ་ཚུལ་གྱིས་དབུས་མཐའ་རྩ་འགྲེལ་ལྟར་བཅུ་དང༌། ཐར་པ་དང་ཐམས་ཅད་མཁྱེན་པ་ལ་སྒྲིབ་པའི་ཉོན་སྒྲིབ་ཤེས་སྒྲིབ་གཉིས་དང༌། སྟོབས་བཅུ་ལ་སྒྲིབ་པའི་སྙོམས་འཇུག་གི་སྒྲིབ་པ་སོགས་གསུམ་དང༌། གཙང་བདེ་རྟག་བདག་དམ་པའི་ཕར་ཕྱིན་བཞི་ལ་སྒྲིབ་པའི་བཞི་ཡོད། ཐར་པ་ཐོབ་པ་ལ་བར་དུ་གཅོད་པའི་ཆ་ནས་བཞག་པའི་སྒྲིབ་པ། ཉོན་སྒྲིབ་ཀྱི་མཚན་ཉིད། ཆ་བཞག་སྨོས་པས་བྱང་འཕགས་རྒྱུད་ཀྱི་འདོད་སྲེད་ཀྱི་ཟག་པ་སྡུད། སེམས་ཉོན་མོངས་པ་དང༌། སེམས་མ་ཞི་བ་དང༌། སེམས་དཀྲུག་པ་དག་འདྲ་ལ། སེམས་རྣལ་མ་དང༌། ཞི་བ་དང༌། གྲོལ་བ་དང༌། ཐར་པ་དག་འདྲ་བས། ཉོན་སྒྲིབ་ཀྱི་སྒྲ་བཤད་མཚན་ཉིད་དེས་ཤེས་སོ། །ཤེས་བྱ་ཐམས་ཅད་ཆགས་ཐོགས་མེད་པར་མངོན་སུམ་དུ་མཁྱེན་པ་ལ་བར་དུ་གཅོད་པའི་ཆ་ནས་བཞག་པའི་སྒྲིབ་པ་དེ། ཤེས་སྒྲིབ་ཀྱི་མཚན་ཉིད། ཆ་བཞག་གིས་ཤེས་སྒྲིབ་རགས་པ་སྡུད་ཅིང་དེ་ཤེས་སྒྲིབ་བྱེད་དགོས་ཏེ། དེ་ཤེས་སྒྲིབ་ཏུ་བཤད་ཅིང་ཉན་ཐོས་དགྲ་བཅོམ་ཐམས་ཅད་ཀྱི་རྒྱུད་ལ་ལྡན་པ་དང་སྒྲིབ་པ་ཡིན་པའི་ཕྱིར་ཏེ། རྩ་བར། ཉོན་མོངས་ཤེས་བྱ་ལམ་གསུམ་གྱིས། །ཉམས་ཕྱིར་སློབ་མ་བསེ་རུ་དང༌། །རྒྱལ་སྲས་རྣམས་ཀྱི་དག་པ་སྟེ ཞེས་དང༌། དེའི་ཉི་སྣང་ལས། རང་སངས་རྒྱས་ཀྱི་ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག་རྣམ་པར་དག་པ་ནི། ཞེས་གསུངས་པའི་ཕྱིར་དང༌། འགྲེལ་པ་ལས་ཀྱང༌། དེ་དང་ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག་པོ་གཟུང་བའི་དོན་གྱི་རྣམ་པར་རྟོག་པ་དང༌། ཞེས་གསུངས་པའི་ཕྱིར། ལྷག་མ་བཤད་ཟིན། མདོ་དང་བསྟན་བཅོས་ཀྱི་བཤད་ཚུལ་ཡོད་དེ། མདོ་ཚན་ཉེར་བདུན་གྱིས་དོན་རྣམ་ཤེས་རྣམ་གཉིས་གཉིས་བསྟན་ཀྱང་བདེན་པ་སོ་སོར་མི་གསལ་བ་རྗེ་བཙུན་གྱིས་དང་པོ་གསུམ་ལ་བཞི་བཞི་དང༌། ལམ་བདེན་ལ་བཅོ་ལྔར་བཤད་པའི་ཕྱིར། གསེར་འཕྲེང་ལས། མདོ་དེ་དག་ལ་རྗེ་བཙུན་གྱིས། མེད་པའི་རྣམ་པ་ནས་བཟུང་སྟེ། །ཞེས་སོགས་ཀྱིས་འདི་ནས་འདིའི་བར་གྱིས་གཞི་ཤེས་དང༌། ལམ་ཤེས་དང༌། རྣམ་མཁྱེན་གྱི་རྣམ་པ་བསྟན་ཏོ་ཞེས་ས་གཅོད་མཛད་དོ། །ཞེས་གསུངས་པའི་ཕྱིར།

    རྩོད་པ་སྤོང་བ་ལ་ཁོ་ན་རེ། ཤེས་སྒྲིབ་རགས་པ་ཆོས་ཅན། ཤེས་སྒྲིབ་མ་ཡིན་པར་ཐལ། ཤེས་སྒྲིབ་རགས་པ་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། ཉོན་སྒྲིབ་རགས་པ་ཆོས་ཅན། ཉོན་སྒྲིབ་མ་ཡིན་པར་ཐལ། ཉོན་སྒྲིབ་རགས་པ་ཡིན་པའི་ཕྱིར། ཁྱབ་པ་འགྲིག ཡང་ཁོ་ན་རེ། བྱེད་པ་པོ་བདག་མེད་པར་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་ཆོས་ཅན། སྐབས་འདིའི་བསྒོམ་བྱའི་ལམ་བདེན་གྱི་ལམ་གྱི་རྣམ་པ་ཡིན་པར་ཐལ། ལམ་ལ་དེ་ནི་བཅོ་ལྔར་བཤད། །ཅེས་པའི་དོན་རྣམ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། བདེན་པ་སོ་སོ་ལ་བཞི་དང༌། །ཞེས་པའི་བསྒོམ་བྱ་དོན་རྣམ་ལ་བདེན་པ་དང་པོ་གསུམ་གང་རུང་གི་ཁྱད་པར་དགོས་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། བསྒོམ་བྱ་ལམ་བདེན་གྱི་སྟེང་གི་ལམ་གྱི་རྣམ་པ་སྒོམ་བྱེད་ཡིན་པའི་ཕྱིར་ན་མ་ཁྱབ། ཡང་ཁོ་ན་རེ། སྐབས་འདིའི་ལམ་བདེན་གྱི་རྣམ་པ་དང་དེའི་ལམ་གྱི་འཛིན་སྟངས་ཐ་དད་མ་ཡིན་པར་ཐལ། བྱེད་པ་པོ་བདག་མེད་པ་དེའི་ལམ་གྱི་འཛིན་སྟངས་ཡིན་ལ་དེའི་ལམ་གྱི་རྣམ་པ་མིན། དེ་ལྟར་མངོན་སུམ་དུ་རྟོགས་པའི་མཐོང་ལམ་དེའི་ལམ་གྱི་རྣམ་པ་ཡིན་ཀྱང་དེའི་ལམ་གྱི་འཛིན་སྟངས་མ་ཡིན་པའི་ཁྱད་པར་མི་འཐད་པའི་ཕྱིར། དང་པོ་གྲུབ་སྟེ། དེ་ལྟར་སྒོམ་པ་ལམ་བདེན་གྱི་ལམ་གྱི་འཛིན་སྟངས་སྒོམ་པ་ཡིན་ཀྱང༌། དེའི་ལམ་གྱི་རྣམ་པ་སྒོམ་པ་མ་ཡིན་པའི་ཁྱད་པར་མི་འཐད་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་འཛིན་སྟངས་སྒོམ་ན་དེའི་རྣམ་པ་སྒོམ་པས་ཁྱབ་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། དེ་འདྲའི་མཐོང་ལམ་སྒོམ་པ་དེ་ལམ་བདེན་གྱི་ལམ་གྱི་རྣམ་པ་སྒོམ་པ་ཡིན་ཀྱང༌། དེའི་ལམ་གྱི་འཛིན་སྟངས་སྒོམ་པ་མ་ཡིན་པའི་ཁྱད་པར་མི་འཐད་པའི་ཕྱིར་ན་མ་ཁྱབ་སྟེ། དེ་འདྲའི་མཐོང་ལམ་སྒོམ་པ་དེ་ལམ་བདེན་གྱི་ལམ་གྱི་རྣམ་པ་དང་དེའི་ལམ་གྱི་འཛིན་སྟངས་གཉིས་ཀ་སྒོམ་པ་ཡིན་པའི་ཕྱིར་རོ། །དོན་རྣམ་ཤེས་རྣམ་སྒོམ་པ་ཡིན་ཁྱབ་མཉམ་ཡིན་ཚུལ་བཤད་ཟིན་པའི་ཕྱིར། དེས་ལམ་བདེན་གྱི་རིགས་པ་དང༌། སྒྲུབ་པ་དང༌། ངེས་འབྱིན་སྒོམ་ཚུལ་ཡང་ཤེས་དགོས་སོ། །བྱས་པ་ལ་ཁོ་ན་རེ། དེའི་ལམ་གྱི་འཛིན་སྟངས་སྒོམ་པར་དེ་ལམ་གྱི་རྣམ་པ་སྒོམ་ཚུལ་མ་ཡིན་པར་ཐལ། དེའི་ལམ་གྱི་རྣམ་པ་སྒོམ་ཚེ་བྱེད་པ་པོ་བདེན་མེད་རྟོགས་པའི་མཐོང་ལམ་བདེན་འཛིན་གྱི་གཉེན་པོ་ཡིན་པར་སྒོམ་དགོས་པའི་ཕྱིར། དེར་ཐལ། དེ་འདྲའི་མཐོང་ལམ་དེ་དེའི་གཉེན་པོ་ཡིན་པ་དེ། དེ་འདྲའི་མཐོང་ལམ་ལམ་བདེན་གྱི་རྣམ་པ་ཡིན་པའི་གོ་དོན་མ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཉི་སྣང་ལས། ལམ་གྱི་རྣམ་པ་ཡིན་ཏེ། དེ་ནི་བྱེད་པ་པོ་མ་ཡིན་པ་ཉིད་ཀྱིས། བྱེད་པ་པོར་འཛིན་པའི་གཉེན་པོ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། དེས་རིགས་སྒྲུབ་འབྱིན་གསུམ་ལའང་ཞིབ་ཆ་ཤེས་པར་བྱའོ། །

   སྨྲས་པ།

   ཐུབ་པས་ལྷོ་དང་བར་ཏ་ན་དང་བྱང་ནས་བྱང༌། །ཤེར་ཕྱིན་འབྲི་མཆོད་ཐོས་བསམ་ཡིད་བྱེད་དགེ་སློང་སོགས། །ངས་དགོངས་གཟིགས་བཞིན་རྒྱལ་ཀུན་གཟིགས་ཤིང་དགོངས་གསུངས་པ། །སྙིང་ལ་བསམ་ནས་དུས་འདིར་ཕན་པར་དཀའ་ཡང་བཤད། །འཕགས་སེང་གཉིས་ཀས་ཤེར་དོན་དུས་རིང་ཞིག །།རྟོགས་པར་གསུངས་བཞིན་རེ་ཞིག་མ་རྟོགས་ཀྱང༌། །ཡིད་ཆད་མི་བགྱི་རྟོགས་ན་ཚེ་རབས་ཀྱི། །རང་གཞན་དོན་ཀུན་འགྲུབ་པས་བརྩོན་པ་སྐྱེད། །དོན་འདི་རྟོགས་དང་སེམས་ལ་གུས་ཅི་སྨོས། །གླེགས་བམ་བགྱིད་དང་མཆོད་བསྟོད་གོས་འབུལ་སོགས། །ཉན་རང་བསོད་ནམས་ལས་ལྷག་ཐུབ་དབང་གིས། །འཛུམ་བཞིན་འོད་སྟོང་འགྱེད་བཞིན་བཀའ་བསྩལ་ཏོ། །མཐོང་ན་ངོམས་པ་མེད་པའི་ཐུབ་དབང་སྐུ བསམ་ཞིང་བསམ་ཞིང་སྤུ་ལྡང་མཆི་མ་བྲུལ། །དད་ཅིང་དད་ཀྱང་མ་ཚིམ་མགོན་ཁྱོད་ཀྱིས། །ཟབ་མོའི་དབྱངས་ཀྱིས་དབུགས་དབྱུང་དུས་ལ་བབས། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

                                                                                                                   རྩོམ་སྒྲིག་པ། མང་ར་བ།

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                                      དྲ་བའི་སྦྲེལ་ཐགhttp://www.tb1025.cn  

བརྒྱུད་འགོད།