ཀུན་མཁྱེན་ཕར་ཕྱིན་ལས་རྣམ་པ་མདོར་བསྟན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-01-15 10:58:25     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 90826978328408125.jpg

    གཉིས་པ་ལ། རྣམ་རྫོགས་སྦྱོར་བ་སྤྱིའི་རྣམ་གཞག་དང༌། ཐར་པ་ཆ་མཐུན་ནས་བཟུང་སྟེ་རྒྱུད་ལ་སྐྱེ་རིམ་བཤད་པ་གཉིས། དང་པོ་ལ། རྣམ་རྫོགས་སྦྱོར་བའི་ངོ་བོ་དང༌། སྦྱོར་བ་སྒོམ་པའི་སྐྱོན་ཡོན། སྦྱོར་བའི་མཚན་ཉིད་གསུམ། དང་པོ་ལ་མི་མཐུན་ཕྱོགས་ཀྱི་གཉེན་པོ་ཤེས་པའི་ཆེད་དུ་རྣམ་པའི་དབྱེ་བ་དང༌། བདེན་འཛིན་དངོས་སུ་འཇོམས་པའི་སྦྱོར་བ་ཁྱད་པར་ཅན་གཉིས་ལས། དང་པོ་ལ། མདོར་བསྟན་དང༌། རྒྱས་བཤད་དང༌། དོན་བསྡུ་བ་གསུམ། དང་པོ་ནི། རྩ་བར། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །ཞེས། ཤོ་ལོ་ཀ་གཅིག་རྩ་འགྲེལ་བྱུང༌། སྦྱོར་བ་དང་མཐའ་དཔྱད་པ་གཉིས། དང་པོ་ནི། བདེན་བཞིས་བསྡུས་པའི་གཞི་མི་རྟག་སོགས་ལ་དམིགས་ནས་རང་གི་འགལ་ཟླ་མི་མཐུན་ཕྱོགས་དེ་དང་དེའི་འགལ་ཟླའི་རྣམ་པ་ཤར་བའི་ཡེ་ཤེས་ཆོས་ཅན། མི་མཐུན་ཕྱོགས་དེ་དང་དེའི་གཉེན་པོའི་མཚན་ཉིད་ཡིན་ཏེ། མི་མཐུན་ཕྱོགས་དེ་དང་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་འགལ་དུ་ཞུགས་བའི་ཤེས་པ་ཡིན་པའི་ཕྱིར། དཔེར་ན། སྡུག་བདེན་རྟག་འཛིན་གྱི་སྒྲོ་འདོགས་དང་མི་རྟག་པར་དངོས་སུ་རྟོགས་པའི་རྗེས་དཔག་བཞིན། རང་གི་མི་མཐུན་ཕྱོགས་ཀྱི་སྒྲོ་འདོགས་ཀྱི་ལྡོག་ཟླའི་རྣམ་པ་ཤར་བའི་མཁྱེན་གསུམ་གང་རུང་ཉམས་སུ་ལེན་པའི་སེམས་དཔའི་ཡེ་ཤེས་ཆོས་ཅན། སྐབས་འདིར་བསྟན་པའི་སེམས་དཔའི་རྒྱུད་ཀྱི་གཉེན་པོ་ཤེས་རྣམ་གྱི་མཚན་ཉིད་ཡིན་ཏེ། དེའི་འཇོག་བྱེད་ཡིན་པའི་ཕྱིར། གཉེན་པོ་ཡེ་ཤེས་ཀྱི་རྣམ་པ་ཆོས་ཅན། རྣམ་པ་གསུམ་དུ་འདོད་དེ། གང་གི་རྣམ་ཅན་ཀུན་མཁྱེན་ཉིད་ནི་གསུམ་དུ་ངེས་པའི་ཕྱིར།

    མཐའ་དཔྱད་པ་ལ་གསུམ་ལས། དང་པོ་ལ་ཁ་ཅིག །སྐབས་འདིའི་རྣམ་པའི་མཚན་ཉིད་བྱས་པར། ལ་ལ་ན་རེ། དེ་མི་འཐད་པར་ཐལ། འདིར་རྣམ་པ་ལ་མཚན་ཉིད་བྱས་ན་ལོག་བཤད་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། རྣམ་པའི་མཚན་ཉིད་དུ་འཆད་པ་ནི་སྐབས་འདིར་རྣམ་པའི་དབྱེ་བ་རྒྱས་པར་བཤད་པ་འདིས་ཅི་བྱེད་མ་ཤེས་པས་གཞུང་གི་དོན་ལོག་པར་འཆད་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། གཞི་བདེན་བཞི་སོགས་དང་དོན་དང་གཉེན་པོ་དང་སྦྱོར་བ་གང་རུང་ལ་མ་སྦྱར་བར་ཡན་གར་བར་རྣམ་པ་ཙམ་ཞིག་བཤད་ན་ལོག་བཤད་དུ་འགྱུར་ཞེས་པའི་དོན་ཡིན་པའི་ཕྱིར། དེར་ཐལ། དེ་ལྟར་བཤད་པ་དེ་རྣམ་པ་གཞི་མེད་པའི་བཤད་ཚུལ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ལྟར་བཤད་པ་དེ་དོན་མེད་པའི་ལོག་བཤད་ཡིན་པའི་ཕྱིར། འགྲེལ་པ་ལས། གསུམ་པ་ལྟར་ན་ཡང་རྣམ་པ་གཞི་མེད་པ་ཙམ་ཞིག་བསྡུས་པའི་ཕྱིར་དོན་རྟོགས་པ་མེད་པས་ཅུང་ཟད་ཀྱང་མ་བཤད་པའི་དོན་མེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། རྣམ་པ་གཞི་མེད་པའི་བཤད་ཚུལ་ཡོད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། རྗེ་རིན་པོ་ཆེས་འདིར་བསྟན་རྣམ་པའི་མཚན་ཉིད་བཞེད་པ་གང་ཞིག །རྒྱལ་ཚབ་ཀྱང་བཞེད་པའི་ཕྱིར། དང་པོ་གྲུབ་སྟེ། རྣམ་པ་སྦྱོར་བ་བཅས་རྣམས་དང༌། །ཞེས་པའི་རྣམ་པའི་མཚན་ཉིད་བཞེད་པའི་ཕྱིར། ལེགས་བཤད་གསེར་འཕྲེང་ལས། དང་པོ་རྣམ་པ་ནི་ཡུལ་ལམ་མཁྱེན་པའི་ཁྱད་པར་གང་སྦྱོར་བའི་བསྒོམ་བྱར་གྱུར་པའོ། །དབྱེ་ན་བརྒྱ་དང་དོན་གསུམ་མོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེའི་ཐད་ཀྱི་རྣམ་བཤད་ལས། དང་པོ་ལ་སྦྱོར་བའི་རྣམ་པ་ནི། དེའི་འཛིན་སྟངས་ཀྱི་བྱེ་བྲག་སྟེ། དབྱེ་ན་བརྒྱ་བདུན་ཅུ་རྩ་གསུམ་མོ། །ཞེས་གསུངས་པའི་ཕྱིར། ཤིན་ཏུ་མཐུན། གོང་འོག་བསྒྲིག་མི་ཤེས་པའི་བླུན་པོ་ཁ་བཙུམ་སྟེ་བསྡད་ན་བསྟན་པ་ལ་ཕན་ནོ། །བྱས་པ་ལ་ཁོ་ན་རེ། འོ་ན། རྣམ་བཤད་ལས། འདིར་བསྟན་པའི་རྣམ་པ་མཚོན་བྱར་བྱས་ནས་དེའི་མཚན་ཉིད་ཁ་སྐོང་བ་ནི། རྣམ་པ་ཞེས་བྱ་མཚན་ཉིད་དེ། །ཞེས་པའི་དོན་མ་རྟོགས་པ་སྟེ། ཞེས་གསུངས་པ་མི་འཐད་པར་ཐལ། བཤད་ཚུལ་དེའི་ཕྱིར་ན་མ་ཁྱབ་སྟེ། མ་འབྲེལ་བར་རྣམ་པའི་མཚན་ཉིད་མི་རུང་ཞེས་པ་ཡིན་ཏེ། དོན་བདུན་ཅུ་འདྲེན་རྒྱུ་ཡོད་པའི་ཕྱིར་དང༌། རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཆོས་བཅུ་གཅིག་གི་དང་པོའི་མཚན་ཉིད་དང་དབྱེ་བ་ཡོད་པའི་ཕྱིར་ཏེ། རྣམ་བཤད་ལས། དེ་ལྟ་ན་གཞི་དང་གཉེན་པོ་དང་རྣམ་པ་གསུམ་ག་བསྟན་བཅོས་སུ་བཤད་པའི་སྐབས་དོན་སྟོར་བར་འགྱུར་བའི་ཕྱིར། ཞེས་གསུངས་པའི་ཕྱིར། འགྲེལ་པ་ལས་རེ་རེ་ཙམ་བསྟན་པ་བཀག་པའི་ཕྱིར། ཤིན་ཏུ་སྤྲོ་སླ། ཡང་ཚིག་གསལ་བ་ན་རེ། གཞི་ཞེས་པས་གཞི་ཤེས་དང༌། ཤེས་པ་ཞེས་པས་ལམ་ཤེས་དང༌། རྣམ་པ་ཞེས་པས་རྣམ་མཁྱེན་བསྟན་ཟེར། འོ་ན། རྣམ་པ་ཞེས་པའི་རྣམ་པ་ལ་གཉེན་པོ་མཁྱེན་གསུམ་གྱི་ཤེས་རྣམ་བརྒྱ་དང་དོན་གསུམ་མེད་པར་ཐལ། དེ་བརྒྱ་དང་དོན་གསུམ་གྱི་ནང་ནས་རྣམ་མཁྱེན་ཁོ་ནའི་ཤེས་རྣམ་ལ་བྱེད་པའི་ཕྱིར། འདོད་མི་ནུས་ཏེ། རྩ་བར། ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། །དེ་ནི་རྣམ་པ་གསུམ་དུ་འདོད། །ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་དག་བསྡུས་ན་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཤེས་རྣམ་གསུམ་དུ་འདོད་ཅེས་བཤད་པའི་ཕྱིར། འགྲེལ་པ་ལས། དེ་དག་ཀྱང་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བྱེ་བྲག་གིས་རྣམ་པ་གསུམ་ཁོ་ནར་བཞེད་དོ། །ཞེས་གསུངས་པའི་ཕྱིར། དེ་དག་ཅེས་པ་རྟག་འཛིན་སོགས་མི་མཐུན་ཕྱོགས་བརྒྱ་དང་དོན་གསུམ་གྱི་གཉེན་པོ་ལ་སྙེགས་པའི་ཕྱིར། ཉི་སྣང་ལས། གཉེན་པོའི་ཕྱོགས་ཀྱང་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་བསྡུས་པ་ཡིན་པས། ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། །དེ་ནི་རྣམ་པ་གསུམ་དུ་འདོད། །ཅེས་གསུངས་ཏེ། རྣམ་པ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པའི་ཕྱིར། གཉེན་པོ་ཤེས་རྣམ་ཐམས་ཅད་མཁྱེན་པ་གསུམ་གྱི་རྣམ་པ་གསུམ་ལ་བྱེད་ཅེས་བཤད་པའི་ཕྱིར་རོ། །

    གཞན་ཡང་གཞི་ཞེས་པ་གཞི་ཤེས་ལ་མི་བྱེད་པར་ཐལ། དེ་མཁྱེན་གསུམ་གྱི་དམིགས་པ་དང་ཤེས་པའི་ཡེ་ཤེས་ཀྱི་བྱེ་བྲག་དེ་ལ་དམིགས་བྱེད་ཀྱི་མཁྱེན་གསུམ་གྱི་སྦྱོར་བ་སོགས་ལ་བྱེད་པའི་ཕྱིར། དང་པོ་གྲུབ་སྟེ། ཤན་ཏི་བས། གཞི་ནི་དམིགས་པ་སྟེ་བདེན་བཞི་སོགས་སོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཉི་སྣང་ལས། དངོས་པོ་ལ་དམིགས་པ་ནི་གཞི་ཤེས་པའོ། །ཞེས་གསུངས་པའི་ཕྱིར། ཤན་ཏི་བས། དེའི་ཡེ་ཤེས་ཀྱི་བྱེ་བྲག་ནི་རྣམ་པ་གང་གིས་བདེན་བཞི་དེ་ཡོངས་སུ་ཤེས་པར་བྱ་བ་དེ་དག་ལ་རྣམ་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། ཡང་རྣམ་པ་ལ་དོན་རྣམ་ཤེས་རྣམ་གཉིས་བྱས་ནས། ཁ་ཅིག །ཤེས་རྣམ་ཁོ་ན་བསྒོམ་བྱ་ཡིན་ལ་དོན་རྣམ་མིན་ཟེར། ལ་ལ་དོན་རྣམ་ཁོ་ན་བསྒོམ་བྱ་ཡིན་ལ་ཤེས་རྣམ་མིན་ཟེར་རོ། །དེ་གཉིས་སྒོམ་ལ་དོན་སྤྱི་མ་ཤར་བའི་ཚིག་སྐམ་ཡིན་པས་མི་འཐད་པར་ཐལ། སྡུག་བདེན་མི་རྟག་པར་རྟོགས་པའི་ཡེ་ཤེས་སྒོམ་པར་འདོད་པ་དེས་ཀྱང་སྡུག་བདེན་མི་རྟག་པ་སྒོམ་པར་འདོད་དགོས། སྟོང་ཉིད་སྒོམ་པར་འདོད་པས་ཀྱང་སྟོང་ཉིད་རྟོགས་པའི་བློ་སྒོམ་པར་འདོད་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། སྡུག་བདེན་མི་རྟག་པའི་རྣམ་པ་མ་ཤར་བར་སྡུག་བདེན་མི་རྟག་པར་དངོས་སུ་རྟོགས་པའི་ཡེ་ཤེས་སྒོམ་ཚུལ་མེད་པའི་ཕྱིར། དེར་ཐལ། དེའི་རྣམ་པ་མ་ཤར་བའི་ཡེ་ཤེས་སྡུག་བདེན་དངོས་སུ་རྟོགས་པའི་ཡེ་ཤེས་མ་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། མི་རྟག་པ་རྟོགས་པའི་ཡེ་ཤེས་བསྒོམ་བྱར་འདོད་པ་དེས་ཀྱང་མི་རྟག་པ་སྒོམ་པར་ཁས་ལེན་དགོས་ལ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། སྟོང་ཉིད་འཛིན་སྟངས་ཀྱི་རྣམ་པར་ཤར་བར་བྱས་ཏེ། བསྒོམ་བྱར་བརྩོན་པ་ཡིན་ན་དེ་རྟོགས་པའི་ལམ་ཤེར་ཕྱིན་སྒོམ་པ་ལ་ཡང་བརྩོན་པར་ཁས་ལེན་དགོས་པའི་ཕྱིར། བདེན་བཞིར་གདམས་པའི་ཤེར་མདོ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བགྱིས་ན་བརྩོན་ཞེས་བརྗོད་པར་བགྱི། ཞེས་པའི་ལན་དུ། མདོ་ལས། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ ཞེས་གསུངས་པའི་ཕྱིར་དང༌། རྣམ་བཤད་ལས། མི་རྟག་པ་བསྒོམ་བྱར་འདོད་པ་དེས་ཀྱང་དེ་རྟོགས་ཀྱི་ཡེ་ཤེས་སྒོམ་པར་ཁས་མི་ལེན་ན་གཞི་སྟོར་བར་འགྱུར་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། སྟོང་ཉིད་རྟོགས་པའི་ཡེ་ཤེས་སྒོམ་པའི་ལམ་ཡིན་པར་ཐལ། སྟོང་ཉིད་སྒོམ་པའི་ལམ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། སྟོང་ཉིད་ལ་མཉམ་པར་བཞག་པའི་ཡེ་ཤེས་ཡིན་པའི་ཕྱིར། ཐེག་ཆེན་གྱི་བར་ཆད་མེད་ལམ་ཡིན་པའི་ཕྱིར། འདོད་ན། ཤེས་པ་སྒོམ་པའི་ལམ་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། ས་ལ་འགོམ་པའི་གང་ཟག་དངོས་པོ་འགོམ་པའི་གང་ཟག་མ་ཡིན་པའི་ཕྱིར། འོ་ན། ཁྱོད་རང་ལ་དེ་ཆོས་ཅན། སྟོང་ཉིད་ཀྱི་མཉམ་བཞག་ཡེ་ཤེས་ལ་མཉམ་པར་བཞག་པའི་ཡེ་ཤེས་མ་ཡིན་པར་ཐལ་ལོ། །སྟོང་ཉིད་སྒོམ་པའི་ཡེ་ཤེས་ལ་མཉམ་པར་བཞག་པའི་ཡེ་ཤེས་མ་ཡིན་པའི་ཕྱིར། མ་གྲུབ་ན་དངོས་སུ་འགལ་ལོ། །ཁྱབ་ཅིང༌། འདོད་མི་ནུས་ཏེ། སྟོང་ཉིད་ཀྱི་མཉམ་བཞག་ཡེ་ཤེས་ལ་མཉམ་པར་བཞག་པའི་ཤེས་པ་ཡོད་པའི་ཕྱིར། གཞན་ཡང་དེ་རྣམ་མཁྱེན་གྱི་སྦྱོར་བ་ཡིན་ཚུལ་གཅིག་མེད་པར་ཐལ། རྣམ་མཁྱེན་ཐོབ་ཕྱིར་དུ་དེ་དང་རྗེས་མཐུན་གྱི་ལམ་སྒོམ་པ་དེ་རྣམ་མཁྱེན་སྒོམ་པའི་དོན་མ་ཡིན་པའི་ཕྱིར། དེར་ཐལ། དེས་རྣམ་མཁྱེན་སྒོམ་ན་རྣམ་མཁྱེན་གྱི་ཡུལ་མི་སྒོམ་པར་ཡུལ་ཅན་ཁོ་ན་སྒོམ་པར་ཁྱོད་ཀྱིས་འདོད་པ་དེའི་ཕྱིར། གཞན་ཡང་ལམ་དེའི་བསྒོམ་བྱ་ཡིན་ན། ལམ་དེའི་འཛིན་སྟངས་ཀྱི་ཡུལ་དུ་བྱས་པས་ཁྱབ་པར་ཐལ། ཁྱེད་ཅག་གིས་དོན་རྣམ་དང་ཤེས་རྣམ་གང་རུང་རེ་ཁོ་ན་བསྒོམ་བྱར་འདོད་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། སྒོམ་ཚུལ་ལ་གསེར་འཕྲེང་ལྟར་འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་སྒོམ་པ་གཅིག་དང༌། ཡུལ་ཅན་དེའི་ངོ་བོར་བསྐྱེད་ནས་སྒོམ་པ་གཅིག་དང༌། རྗེས་སུ་མཐུན་པའི་རྣམ་པས་སྒོམ་པ་གཅིག་དང༌། དེའི་རྟོགས་རིགས་ཀྱིས་སྒོམ་པ་དང༌། མཚན་ཉིད་རྗེས་སུ་དཔྱོད་པའི་རྣམ་པས་སྒོམ་པ་དང༌། སྨོན་ལམ་གྱི་རྣམ་པས་སྒོམ་པ་དང་དྲུག་སོགས་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། བདག་མེད་དང་བདེན་བཞིའི་ཁྱད་ཆོས་སྒོམ་པ་ལྟ་བུ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། བྱམས་པ་དང་སྙིང་རྗེ་སྒོམ་པ་ལ་སྒོམ་བྱེད་བློ་དེའི་བདག་ཉིད་དུ་བྱས་ནས་སྒོམ་པ་ལྟ་བུ་ཡིན་པའི་ཕྱིར། གསུམ་པ་གྲུབ་སྟེ། ཚོགས་ལམ་ན་དད་སོགས་དབང་པོ་ལྔ་སྟོབས་ལྔ་མེད་ཀྱང་དེ་རྗེས་སུ་མཐུན་པ་ཡོད་པ་སྒོམ་པ་ལྟ་བུ་ཡིན་པའི་ཕྱིར། བཞི་པ་གྲུབ་སྟེ། མཁྱེན་གསུམ་མ་ཐོབ་གོང་དུ་བྱང་སེམས་ཀྱིས་དེ་སྒོམ་པ་ལྟ་བུ་ཡིན་པའི་ཕྱིར། ལྔ་པ་གྲུབ་སྟེ། ཚོགས་ལམ་དུ་སྦྱོར་ལམ་དང་མཐོང་སྒོམ་སོགས་ཀྱི་མཚན་ཉིད་དཔྱད་ནས་སྒོམ་པ་ལྟ་བུ་ཡིན་པའི་ཕྱིར། དྲུག་པ་གྲུབ་སྟེ། སངས་རྒྱས་ཀྱི་གསང་གསུམ་འགྲུབ་པའི་དམིགས་པ་བྱས་ནས་ཐོབ་འདོད་ཀྱི་སྨོན་པ་སྐྱེད་པ་ལྟ་བུ་ཡིན་པའི་ཕྱིར། དཔེར་ན། སངས་རྒྱས་བྱང་སེམས་ཀྱི་མཐུ་1མ་ཐོབ་པས་སེམས་བསྐྱེད་པ་ལྟ་བུ། དཀོན་མཆོག་ཏ་ལ་ལས། གང་དག་མོས་པའི་ཁྱད་པར་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཀུན་གྱིས་རྟག་བྱིན་བརླབས། །གང་དག་རྒྱལ་བ་ཀུན་གྱིས་བྱིན་བརླབས་པ། །དེ་དག་བྱང་ཆུབ་དོན་དུ་སེམས་ཀྱང་བསྐྱེད། །ཅེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། དམིགས་པ་གཅིག་ལ་དམིགས་ནས་རང་གི་མི་མཐུན་ཕྱོགས་དང་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་ཡེ་ཤེས་དེ་སྐབས་འདིར་བསྟན་པའི་གཉེན་པོའི་མཚན་ཉིད་ཟེར་ན། རྣམ་མཁྱེན་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། སྐབས་འདིར་དངོས་ཤུགས་གང་རུང་ལ་བསྟན་པའི་གཉེན་པོ་ཡིན་པའི་ཕྱིར། འདོད་ན། རང་གི་མི་མཐུན་ཕྱོགས་ཡོད་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་མི་ནུས་ཏེ། རང་གི་གཞོམ་བྱ་མེད་པའི་ཕྱིར་ཏེ། མཐར་ཐུག་གི་སྐྱབས་ཡིན་པའི་ཕྱིར། ཕུང་པོ་མི་རྟག་པར་རྟོགས་པའི་ཡེ་ཤེས་ཆོས་ཅན། ཁྱོད་རང་གི་མི་མཐུན་ཕྱོགས་ཕུང་པོ་བདེན་འཛིན་དང་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་འགལ་དུ་ཞུགས་པར་ཐལ། ཁྱོད་རང་གི་མི་མཐུན་ཕྱོགས་ཕུང་པོ་བདེན་འཛིན་གྱི་གཉེན་པོ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་ལ་བརྒྱུད་ནས་གནོད་བྱེད་ཡིན་པའི་ཕྱིར། རྣམ་འགྲེལ་ལས། མི་རྟག་ལས་ནི་སྡུག་བསྔལ་དང༌། །ཞེས་གསུངས་པའི་ཕྱིར། འདུ་ཤེས་ཀྱི་ནང་ན་མི་རྟག་པའི་འདུ་ཤེས་མཆོག་ཡིན་ཚུལ་ཡོད་པའི་ཕྱིར། དེ་བཞིན་དུ་གང་ཟག་གི་བདག་མེད་ཕྲ་མོ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དང༌། བདེན་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་རེ་རེ་ནས་ཆོས་ཅན། རང་གི་མི་མཐུན་ཕྱོགས་ཆགས་པ་དང་དེར་ཐལ། དེའི་ཕྱིར། རྟགས་སླ། འདོད་ན། ཆགས་པ་བདག་འཛིན་གཉིས་ཀ་དང་སྒྲིབ་གཉིས་སུ་འགྱུར་རོ། །དེའི་རིགས་པས་དམིགས་པ་གཅིག་ལ་དམིགས་ནས་རང་གི་མི་མཐུན་ཕྱོགས་དང་འཛིན་སྟངས་དངོས་འགལ་དུ་ཞུགས་པ་དེ། རང་གི་མི་མཐུན་ཕྱོགས་དེའི་དངོས་ཀྱི་གཉེན་པོའི་མཚན་ཉིད་ཟེར་ནའང་སྒོམ་ལམ་བར་ཆད་མེད་ལམ་ཆོས་ཅན། རང་གི་མི་མཐུན་ཕྱོགས་ཆགས་པ་དང་དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེའི་དངོས་ཀྱི་སྤང་བྱ་ཆགས་སྡང་ཡོད་པའི་ཕྱིར། འདོད་ན་སྔར་ལྟར་རོ། །

(1) པར་ཐེངས་གཉིས་པ། བྱང་སེམས་ཀྱི་མཐུ་མཐོང་པས།

    ཡང་ཁ་ཅིག །ལམ་མ་ཞུགས་ན་གཉེན་པོ་མེད་ཟེར་ན། ཆགས་པའི་གཉེན་པོ་ཡིན་ན་དེ་སྤོང་བྱེད་ཀྱི་གཉེན་པོ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། མཛོད་ལས། གཉེན་པོ་རྣམ་བཞི་སྤོང་བ་དང༌། །གཞི་དང་བསྲིང་ཉིད་རྣམ་པར་ནི། །སུན་འབྱིན་ཞེས་བྱ། ཞེས་གསུངས་པ་ལྟར་གྱི་སྤོང་གཉེན་དང༌། གཞི་གཉེན་དང༌། ཐག་བསྲིང་གཉེན་པོ་དང༌། རྣམ་པར་སུན་འབྱིན་པའི་གཉེན་པོ་བཞི་མེད་པར་ཐལ། ཆགས་པའི་གཉེན་པོ་ལ་སྤོང་གཉེན་གཅིག་པུས་ཁྱབ་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། སྤོང་གཉེན་ལ་བར་ཆད་མེད་ལམ་གྱིས་ཁྱབ་པའི་ཕྱིར། རང་འགྲེལ་ལས། སྤོང་བའི་གཉེན་པོ་ནི་བར་ཆད་མེད་པའི་ལམ་ཐམས་ཅད་དོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དེ་བཞི་ཡོད་པའི་ཕྱིར། དེར་ཐལ། སྤོང་གཉེན་ཡང་ཡོད། གཞི་གཉེན་ཡང་ཡོད། ཐག་བསྲིང་གཉེན་པོ་ཡང་ཡོད། རྣམ་པར་སུན་འབྱིན་གཉེན་པོ་ཡང་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། བར་ཆད་མེད་ལམ་རྣམས་རྐུན་པོ་འབྱིན་མཁན་ལྟ་བུ་སྤོང་གཉེན་དེ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། རྣམ་གྲོལ་ལམ་ཐམས་ཅད་སྒོ་གཅོད་མཁན་ལྟ་བུ་གཞིའི་གཉེན་པོ་ཡིན་པའི་ཕྱིར་ཏེ། རང་འགྲེལ་ལས། གཞིའི་གཉེན་པོ་ནི་རྣམ་པར་གྲོལ་པའི་ལམ་མོ། །ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། རྣམ་གྲོལ་ལམ་ཡན་ཆད་ཀྱི་ལམ་དང་ཁྱད་པར་གྱི་ལམ་རྣམས་ཉོན་མོངས་ཐག་བསྲིང་བའི་གཉེན་པོ་ཡིན་པའི་ཕྱིར་ཏེ། རང་འགྲེལ་ལས། ཐག་བསྲིང་བའི་ངོ་བོའི་གཉེན་པོ་ནི་ཁྱད་པར་གྱི་ལམ་མོ་ཞེས་བྱ་བ་འདི་ནི་ཆེས་ལེགས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་དང༌། ཆེས་ལེགས་པ་སྨོས་པ་ནི་བྱེ་སྨྲའི་འདོད་པ་ལས་ཟུར་དུ་སློབ་དཔོན་རང་གི་འདོད་པ་ལེགས་པར་བཤད་པའོ། །བཞི་པ་གྲུབ་སྟེ། ལམ་གང་གིས་ཉོན་མོངས་དེའི་སྐྱོན་མཐོང་ནས་སུན་འབྱིན་པ་དེ་ཡིན་པའི་ཕྱིར་ཏེ། རང་འགྲེལ་ལས། རྣམ་པར་སུན་འབྱིན་པའི་གཉེན་པོ་ནི་ལམ་གང་གིས་ཁམས་དེ་ལ་སྐྱོན་དུ་མཐོང་ནས་རྣམ་པར་སུན་འབྱིན་པར་བྱེད་པའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། མཛོད་ལས། མཚན་ཉིད་མི་མཐུན་མི་མཐུན་ཕྱོགས། །ཡུལ་རྣམས་ཆད་དང་དུས་ཀྱིས་ཏེ འབྱུང་དང་ཚུལ་ཁྲིམས་ཕྱོགས་དང་ནི། །དུས་གཉིས་རིང་བ་ཉིད་ལྟ་བུའོ། །ཞེས་གསུངས་པ་ལྟར་མཚན་ཉིད་མི་མཐུན་པས་རིང་བ་འབྱུང་བཞི་ལྟ་བུ་དང༌། གཉེན་པོས་རིང་བ་ཚུལ་ཁྲིམས་དང་ཚུལ་འཆལ་ལྟ་བུ་དང༌། ཡུལ་གྱི་རིང་བ་ཤར་ནུབ་ཀྱི་མཐའ་གཉིས་ལྟ་བུ། དུས་ཀྱི་རིང་བ་འདས་མ་འོང་ལྟ་བུ་རིང་བ་བཞི་མི་འཐད་པར་ཐལ། གཉེན་པོས་རིང་བ་དེ་མེད་པའི་ཕྱིར། དེར་ཐལ། ཚུལ་ཁྲིམས་ཚུལ་འཆལ་གྱི་གཉེན་པོ་མ་ཡིན་པའི་ཕྱིར། ལམ་མ་ཞུགས་ན་གཉེན་པོ་མེད་པའི་ཕྱིར། གཞན་ཡང༌། རྣམ་བཤད་ལས། ཐེག་པ་ཆེན་པོའི་དབང་པོ་རྣོན་པོས་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་སྔ་རོལ་ཏུ་སྟོང་ཉིད་རྟོགས་པ་འགྲོ་དགོས་པའི་ཕྱིར། ཞེས་གསུངས་པ་མི་འཐད་པར་ཐལ། ལམ་མ་ཞུགས་ན་སྟོང་ཉིད་རྟོགས་པའི་ཤེས་རབ་མེད་པའི་ཕྱིར། དེར་ཐལ། ལམ་མ་ཞུགས་ན་གཉེན་པོ་མེད་པའི་ཕྱིར། གཞན་ཡང༌། དབུ་མ་རྒྱན་ལས། ཡང་དག་ཤེས་འཚོལ་སྔོན་བཏང་སྟེ། །དོན་དམ་རྣམ་པར་ངེས་གྱུར་ནས། །ཞེས་གསུངས་པའི་སྔོན་གྱི་དོན་གཅིག་མེད་པར་ཐལ། སྙིང་རྗེ་ཆེན་པོའི་སྔོན་དུའང་ཐེག་ཆེན་རིགས་ངེས་དབང་རྣོན་གྱིས་སྟོང་ཉིད་རྟོགས་དགོས་པར་བསྟན་པ་མ་ཡིན་པའི་ཕྱིར་ཏེ། ལམ་མ་ཞུགས་ན་དེ་མེད་པའི་ཕྱིར། གཞན་ཡང༌། རྩ་བར། སངས་རྒྱས་སོགས་དམིགས་དད་པ་དང༌། །ནས། ཆོས་རྣམས་རྣམ་པ་ཐམས་ཅད་དུ། །ཤེས་པའི་ཤེས་རབ་དང་རྣམ་ལྔ། །ཞེས་གསུངས་པའི་དོན་གཅིག་མེད་པར་ཐལ། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་དབང་པོ་རྣོ་རྟུལ་གཉིས་ཀ་དད་སོགས་ཡུལ་ལྔ་ལ་མཁས་པ་དེའི་དོན་མ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པར་ཐལ། དེ་གཉིས་དེ་ལྔ་ལ་མཁས་པ་ཙམ་དུ་མཚུངས་པའི་ཕྱིར། རྣམ་བཤད་ལས། རྒྱན་གྱི་གདུལ་བྱ་གཉིས་ཀ་དད་སོགས་ཡུལ་ལྔ་ལ་མཁས་པར་མཚུངས་པ་དེ་ལྟ་མོད་ཀྱི། ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། ལམ་མ་ཞུགས་ན་མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་ཐོས་བསམ་གྱིས་ངེས་པར་བྱས་པའི་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་གཉིས་མེད་པའི་ཕྱིར། དེར་ཐལ། ལམ་མ་ཞུགས་ནས་དེ་གཉིས་ཀྱིས་དེ་ལྟར་བྱས་ནས་སྒོམ་པས་རྣམ་པ་བརྒྱ་དོན་གསུམ་ལ་མྱོང་བ་ཐོན་པ་དང་ཐེག་ཆེན་ལམ་དུ་ཞུགས་པ་མ་ཡིན་པའི་ཕྱིར། དེར་ཐལ། ལམ་མ་ཞུགས་ན་རྣམ་པ་བརྒྱ་དང་དོན་གསུམ་རྟོགས་པ་མེད་པའི་ཕྱིར་ཏེ། དེ་ན་གཉེན་པོ་མེད་པའི་ཕྱིར། རྟགས་ཁས་སོ། །དེ་སོགས་སྤྲོ་སླའོ། །ཡང་ཁ་ཅིག །རྣམ་པ་བརྒྱ་དོན་གསུམ་སྐབས་ཀྱི་མདོ་ལས་དོན་རྣམ་འབའ་ཞིག་བསྟན་ཟེར། ཁ་ཅིག །རབ་འབྱོར་གྱིས་ཤེས་རྣམ་དང་དེ་བཞིན་གཤེགས་པས་དོན་རྣམ་བསྟན་ཟེར། ལ་ལ་དེ་ལས་ལྡོག་ནས་བསྟན་ཟེར་བ་གསུམ་ག་མི་འཐད་པར་ཐལ། རབ་འབྱོར་དང་དེ་བཞིན་གཤེགས་པ་གཉིས་ཀས་དོན་རྣམ་དང་ཤེས་རྣམ་གཉིས་ཀ་དངོས་ཤུགས་ཅི་རིགས་ལ་བསྟན་པའི་ཕྱིར། དེར་ཐལ། དཔེར་ན་རྣམ་པ་དང་པོ་ལ་རབ་འབྱོར་གྱིས་མ་མཆིས་པ་ཞེས་པས་དོན་རྣམ་དང༌། ཕ་རོལ་ཏུ་ཕྱིན་པས་ཤེས་རྣམ་གཉིས་སྒྲས་ཟིན་ལ་བསྟན་པ་གང་ཞིག །དེ་བཞིན་གཤེགས་པས་ནམ་མཁའ་མེད་པའི་ཕྱིར་རོ། །ཞེས་པས་རྟག་པར་མེད་པའི་དོན་རྣམ་དངོས་དང་ཤེས་རྣམ་ཤུགས་ལ་བསྟན་པའི་ཕྱིར། དང་པོ་གྲུབ་སྟེ། གསེར་ཕྲེང་ལས། རབ་འབྱོར་དང་དེ་བཞིན་གཤེགས་པ་གཉིས་ཀས་དོན་རྣམ་དང་ཤེས་རྣམ་ཅི་རིགས་པར་གསུངས་ཏེ། དཔེར་ན་མ་མཆིས་པས་དོན་རྣམ་དང༌། དེའི་ཕར་ཕྱིན་གྱིས་ཤེས་རྣམ་གཉིས་སྒྲས་ཟིན་པར་བསྟན་ལ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། གསེར་འཕྲེང་ལས། ནམ་མཁའ་མེད་པའི་ཕྱིར། ཞེས་པས་དངོས་སུ་རྟག་པར་མེད་པའི་དོན་རྣམ་དང་ཤུགས་ལ་དེ་མེད་པར་རྟོགས་པའི་ཤེས་རྣམ་བསྟན་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར།

    གཉིས་པ་རང་ལུགས་ལ། རང་གི་འཛིན་སྟངས་ཀྱི་ཡུལ་གྱི་རྣམ་པ་ཤར་བའི་སྒོ་ནས་རང་གི་མི་མཐུན་ཕྱོགས་ལ་གནོད་བྱེད་ཀྱི་ཆ་ནས་བཞག་པའི་རིག་པ་དེ། གཉེན་པོའི་མཚན་ཉིད། ཆ་བཞག་སྨོས་པས་འཛིན་སྟངས་མི་གསལ་བའི་འགོག་པའི་རྣམ་ཐར་ལྟ་བུ་དང་མོས་སྒོམ་ཁ་ཅིག་དང་རྣམ་མཁྱེན་ཡང་སྡུད་དོ། །སྤྱིར་གཉེན་པོ་ལ་སྤང་བྱ་ལ་གནོད་ཚུལ་གྱིས་དབྱེ་ན་སྤོང་གཉེན། གཞི་གཉེན། ཐག་བསྲིང་གཉེན་པོ། སུན་འབྱིན་གཉེན་པོ་བཞི་ཡོད། སྐབས་འདིར་བསྟན་པའི་རང་གི་འཛིན་སྟངས་ཀྱི་ཡུལ་གྱི་རྣམ་པ་ཤར་ནས་རང་གི་མི་མཐུན་ཕྱོགས་ལ་གནོད་བྱེད་ཀྱི་རིག་པ་དེ། སྐབས་འདིར་བསྟན་གྱི་གཉེན་པོའི་མཚན་ཉིད། དབྱེ་ན་ལམ་ཞུགས་དང་ལམ་མ་ཞུགས་ཀྱི་དེ་གཉིས་དང༌། ཐེག་པ་གསུམ་གྱི་རྟོགས་རིགས་ཀྱི་གཉེན་པོ་ཤེས་རྣམ་གསུམ་ཡོད། གཞུང་གིས་བསྟན་ཚུལ་ཡོད་དེ། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །ཞེས་པས་ཤེས་རྣམ་དེ་བསྟན། རྣམ་པ་ཞེས་པས་གཉེན་པོའི་མཚན་ཉིད་བསྟན། མཚན་ཉིད་ཅེས་པས་ཕྱི་མ་སྔ་མའི་འཇོག་བྱེད་དུ་ཚིག་གིས་བསྟན་པའི་ཕྱིར། དང་པོ་གྲུབ་སྟེ། ཉི་སྣང་ལས། དངོས་པོ་ལ་དམིགས་པ་ནི་གཞི་ཤེས་པའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། བྱེ་བྲག་གི་སྐད་དོད་བི་ཤི་ཥའི་བི་རྣམ་པའི་སྐད་དོད་ཡིན་པའི་ཕྱིར། ཉི་སྣང་ལས། བྱེ་བྲག་ནི་མི་མཐུན་ཕྱོགས་གང་གི་གཉེན་པོའི་མཚན་ཉིད་གང་ཡིན་པ་སྟེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྣམ་བཤད་ལས། མཁྱེན་པ་གསུམ་པོ་གང་རུང་གི་རྣམ་པ་ལེགས་པར་ཤར་ནས་སྒོམ་པར་བྱེད་པའི་བྱང་སེམས་ཀྱི་ཡེ་ཤེས་ཞེས་བྱ་བ་ནི་སྐབས་འདིར་གཉེན་པོའི་མཚན་ཉིད། ཅེས་གསུངས་པའི་ཕྱིར། དེས་ན། རྣམ་པ་ཞེས་བྱ། ཞེས་པའི་རྣམ་པ་ལ་དུ་མ་ཡོད་དེ། ཕུང་པོ་མི་རྟག་པ་ལ་སོགས་པའི་དོན་རྣམ་བརྒྱ་བདུན་ཅུ་རྩ་གསུམ་དང༌། ཕུང་པོ་མི་རྟག་པར་རྟོགས་པའི་གཞི་ཤེས་སོགས་མཁྱེན་གསུམ་གྱི་ཤེས་རྣམ་བརྒྱ་དང་དོན་གསུམ་དང༌། མཁྱེན་གསུམ་གྱི་འཛིན་སྟངས་བརྒྱ་དོན་གསུམ་འཛིན་སྟངས་སུ་བྱེད་པའི་བྱང་སེམས་ཀྱི་སྦྱོར་བའི་ཤེས་རྣམ་བརྒྱ་དང་དོན་གསུམ་ལ་རྣམ་པར་བྱས་པ་སྟེ་གསུམ་གྱིས་བཤད་དགོས་པའི་ཕྱིར་ཏེ། མདོ་ལས་བཤད་ཚུལ་དེའི་ཕྱིར།

    གསུམ་པ་རྩོད་སྤོང་ལ་ཁོ་ན་རེ། ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། རང་གི་འཛིན་སྟངས་ཀྱི་རྣམ་པ་ཤར་བར་ཐལ། གཉེན་པོ་ཡིན་པའི་ཕྱིར། འདོད་ན། རང་ཡུལ་གྱི་རྣམ་པ་ཤར་བར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་ཡུལ་ལ་དམིགས་ཡུལ་དངོས་ཡུལ་ཤུགས་ཡུལ་གསུམ་ཡོད་པའི་ཕྱིར། ཁྱབ་སྟེ། དེའི་དངོས་ཡུལ་ལ་གང་ཟག་གི་བདག་མེད་ཕྲ་མོས་ཁྱབ་པའི་ཕྱིར། དེས་ལྷག་མ་ཀུན་ཤེས་སླ། ཡང་ཁ་ཅིག །འགྲེལ་ཆུང་སྐབས་འདིའི་ཚིག་ལ་དོན་རྣམ་ཤེས་རྣམ་གྱི་ཐ་སྙད་མེད་པས། ལོ་ཆེན་དང་རྗེ་ཡབ་སྲས་སོགས་ཀྱིས་དོན་རྣམ་དང་ཤེས་རྣམ་ཟེར་བ་གསུང་རབ་ཀྱི་ཐ་སྙད་མིན་ཟེར་ན། དེ་མི་འཐད་པར་ཐལ། དོན་རྣམ་གྱི་ཐ་སྙད་གསུང་རབ་ལས་བཤད་པ་གང་ཞིག །ཤེས་རྣམ་ལ་ཡང་དེའི་ཕྱིར། དང་པོ་གྲུབ་སྟེ། རྩ་བར། འཕགས་པའི་བདེན་པ་བཞི་དག་གི །རྣམ་པ། ཞེས་དང༌། རྣམ་འགྲེལ་ལས། ཡུལ་རྣམ་ཅན་ནི་ཐ་དད་པས། །བློ་ཡི་རྟོགས་པ་ཐ་དད་ཕྱིར། །ཞེས་པ་ལྟ་བུ་གྲངས་ཀྱིས་མི་ལངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རིགས་འབྱིན་གྱིས། ཡེ་ཤེས་ཀྱི་རྣམ་པ་ནི་གཉེན་པོ་མ་ལུས་པ་ལ་དམིགས་པར་བྱེད་པའི་སེམས་ཀྱི་ཁྱད་པར་རོ། །ཞེས་མཁྱེན་གསུམ་གྱི་རྣམ་པ་ཞེས་ཡང་ཡང་དུ་མས་བཤད་པའི་ཕྱིར། ཡང་ཁོ་ན་རེ། རྒྱས་བཤད་ཀྱིས་ཀྱང་ཤེས་རྣམ་གཙོ་བོར་དངོས་སུ་བསྟན་པར་ཐལ། མདོར་བསྟན་གྱིས་ཤེས་རྣམ་དངོས་བསྟན་གྱི་གཙོ་བོར་བྱས་པའི་ཕྱིར་ན་མ་ཁྱབ། མདོར་བསྟན་གྱིས་དེ་ལྟར་ཡིན་པ་གང་ཞིག །རྒྱས་བཤད་ཀྱིས་དངོས་བསྟན་དོན་རྣམ་གཙོ་བོར་བཤད་པའི་ཕྱིར། དང་པོ་གྲུབ་སྟེ། གསེར་འཕྲེང་ལས། འདིར་བསྟན་པའི་ཚུལ་ནི་མདོར་བསྟན་དུ་ཤེས་པའི་རྣམ་པ་དང༌། རྒྱས་བཤད་དུ་དོན་གྱི་རྣམ་པ་གཙོ་བོར་བསྟན་ཏེ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྩ་བར། བདེན་པ་སོ་སོ་ལ་བཞི་དང༌ ལམ་ལ་དེ་ནི་བཅོ་ལྔར་བཤད། །ཅེས་དང༌། ཉི་སྣང་ལས། བདེན་པ་གང་ལ་རྣམ་པ་ཇི་སྙེད་ཡོད་པ་དེ་སྟོན་པས། ཞེས་གསུངས་པའི་ཕྱིར། གསེར་འཕྲེང་ལྟར་བཤད་དོ། །ཡང་ཁོ་ན་རེ། བདེན་མེད་རྟོགས་པའི་རྣམ་མཁྱེན་གྱི་རྣམ་པ་ཅན་གྱི་སྦྱོར་བ་ཆོས་ཅན། བདེན་མེད་རྟོགས་པར་ཐལ། བདེན་མེད་རྟོགས་པའི་རྣམ་མཁྱེན་གྱི་རྣམ་པ་ཅན་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པར་ཐལ། དེ་འདྲའི་རྣམ་མཁྱེན་གྱི་རྣམ་པ་ཅན་ལ་བདེན་མེད་རྟོགས་པས་ཁྱབ་པའི་ཕྱིར། དེར་ཐལ། དེ་འདྲའི་རྣམ་མཁྱེན་གྱི་འཛིན་སྟངས་རྣམ་ཅན་གྱི་སྦྱོར་བ་ལ་བདེན་མེད་རྟོགས་པས་ཁྱབ་པའི་ཕྱིར་ན་མ་ཁྱབ། འོ་ན། ཁྱོད་རང་ལ། བདེན་མེད་རྟོགས་པའི་རྣམ་མཁྱེན་འཛིན་པའི་རྟོག་པ་ཆོས་ཅན། བདེན་མེད་ཀྱི་རྣམ་ཅན་ཡིན་པར་ཐལ། བདེན་མེད་རྟོགས་པའི་རྣམ་མཁྱེན་འཛིན་པའི་རྟོག་པ་ཡིན་པའི་ཕྱིར། རྟགས་ཁས་སོ། །འདོད་མི་ནུས་ཏེ། རང་ཡུལ་རྣམ་མཁྱེན་གྱི་རྣམ་པ་ཅན་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་འཛིན་རྟོག་པ་ཁྱོད་ཀྱི་རྣམ་ཅན་ཡིན་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། འཁོར་གསུམ།

                                                                                                                          རྩོམ་སྒྲིག་པ། མང་ར་བ།

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                                དྲ་བའི་སྦྲེལ་ཐགhttp://www.tb1025.cn  

བརྒྱུད་འགོད།