ཀུན་མཁྱེན་ཕར་ཕྱིན་ལས་སྐབས་བཞི་བའི་མཁྱེན་གསུམ་བསྡུས་སྒོམ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-01-15 10:52:50     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

97058295108396316.jpg 

            ༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐའ་དཔྱོད་འཁྲུལ་སེལ་གངྒཱའི་ཆུ་རྒྱུན་མི་ཕམ་ཞལ་ལུང་ལས་སྐབས་བཞི་པའི་མཐའ་དཔྱོད་བཞུགས་སོ། །

མཆོད་བརྗོད།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ།

སྲིད་ཞིའི་མིག་གཅིག་ཐུབ་པས་ང་ཉིད་འདས་རྗེས་སུ། །

ཁྱོད་ནི་བྱིས་པའི་ཚུལ་བཟུང་སངས་རྒྱས་གཉིས་པ་རུ། །

ལྷ་ཀླུ་མི་སོགས་འཁོར་དབུས་དགོན་གནས་ལུང་བསྟན་པའི། །

ཡབ་གཅིག་འཇམ་མགོན་ཙོང་ཁ་པ་ཁྱོད་སྤྱི་བོར་བཞུགས། །

བྱམས་མགོན་བཞེད་ཡངས་མཁའ་ངོས་ལེགས་བཤད་ཀྱི། །འོད་སྟོང་རབ་སྤྲོ་འཕགས་སེང་རང་ལུགས་རྔ། །ལུང་གི་རིན་ཆེན་དབྱུག་གུ་ལེགས་བཀུག་པས རྣོ་འཇམ་བསྣུན་པའི་ཆུ་འཛིན་གླལ་བཞིན་སྙན། །གངས་ཅན་མཁས་དབང་སོ་སོས་རབ་འབད་ཀྱང༌། །མ་ཕིགས་འཕགས་ཡུལ་པཎ་ཆེན་ཐེ་ཚོམ་ཡུལ། །འཇམ་དབྱངས་བླ་མས་ལྷོད་ལྷོད་ལེགས་བཤད་པའི། །གསེར་འཕྲེང་རྣམ་བཤད་ཇི་བཞིན་འཆད་འདི་ཉོན། །

    གཉིས་པ་སྦྱོར་བཞི་རྒྱས་པར་བཤད་པ་ལ། དབང་དུ་བྱེད་པ་རྒྱུ་འབྲས་དང༌། བརྟན་པ་རྒྱུ་འབྲས་བཤད་པ་གཉིས། དང་པོ་ལ། དབང་དུ་བྱེད་པའི་རྒྱུ་རྣམ་རྫོགས་སྦྱོར་བ། འབྲས་བུ་རྩེ་སྦྱོར་བཤད་པ་གཉིས། དང་པོ་ལ། མཚམས་སྦྱར་བ་དང༌། ལེའུའི་གཞུང་བཤད་པ་དང༌། སྐབས་བསྡུ་བ་གསུམ། དང་པོ་ནི། འགྲེལ་པར། ཐམས་ཅད་མཁྱེན་པ་ཉིད་གསུམ་ཡོངས་སུ་ཤེས་པ་ནི་དབང་དུ་བྱ་བའི་ཕྱིར་ཡང་རྣམ་པ་ཐམས་ཅད་དང་ལམ་དང་གཞི་ཤེས་པ་བསྡུས་པའི་སྒོ་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་སྒོམ་པར་བྱེད་པས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ། ཞེས་བྱུང༌། འདི་ལ་འཕྲོས་དང༌། སྦྱོར་བ་དང༌། མཐའ་དཔྱད་པ་གསུམ། དང་པོ་ནི། དེ་ལྟར་འདི་དང་ཡང་འདི་དང༌། །ནས། རྫོགས་པར་ཡོངས་སུ་བསྟན་པ་ཡིན། །ཞེས་པས་མཁྱེན་གསུམ་བཤད་ཟིན་པར་བསྟན་པ་ལ། དེ་ལ་སེམས་དབང་ཐོབ་པའི་ཕྱིར་སྒོམ་ཚུལ་ཇི་ལྟ་བུ་དག་ཡོད་ཅེ་ན། སྒོམ་ཚུལ་དུ་མ་ཡོད་ཀྱང་མཁྱེན་གསུམ་གྱི་རྣམ་པ་མ་ལུས་པའམ་ཀུན་བྱང་སེམས་ཀྱིས་ཐུན་གཅིག་ལ་སྦྱོར་བའི་ཡུལ་དུ་བསྡུས་ནས་སྒོམ་པར་བྱེད་པ་ཡིན་ཞེས་བཤད་པ་ལ་འདི་བྱུང༌།

                      མཁྱེན་གསུམ་བསྡུས་བསྒོམ།

    གཉིས་པ་ནི། སྐབས་དང་པོ་གསུམ་དུ་མཁྱེན་གསུམ་གྱི་རྣམ་པ་སོ་སོར་བཤད་ནས། སྐབས་བཞི་པ་འདིར་རྣམ་རྫོགས་སྦྱོར་བ་བཤད་པ་ལ་དགོས་པ་ཡོད་དེ། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱས་སྐབས་དང་པོ་གསུམ་དུ་ཐོས་བསམ་གྱིས་ཤེས་པའི་མཁྱེན་གསུམ་གྱི་རྣམ་པ་མ་ལུས་པ་བསྒོམས་ནས་ཉམས་སུ་བླངས་ཏེ་གོམས་པ་དབང་ཐོབ་པའི་ཆེད་ཡིན་པའི་ཕྱིར་ཏེ། འགྲེལ་པར། ཐམས་ཅད་མཁྱེན་པ་ཉིད་གསུམ་ཡོངས་སུ་ཤེས་པ་ནི་དབང་དུ་བྱ་བའི་ཕྱིར་ཡང་རྣམ་པ་ཐམས་ཅད་དང་ལམ་དང་གཞི་ཤེས་པ་བསྡུ་བའི་སྒོ་ནས། ཐམས་ཅད་མཁྱེན་པ་ཉིད་གསུམ་སྒོམ་པར་བྱེད་པས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ། ཞེས་སོ། །ཡང་སྒྲས་ཐོས་བསམ་དུ་མ་ཟད་སྒོམ་པ་བསྟན། རྒྱན་གྱི་ཆེད་དུ་བྱ་བའི་དེ་ཆོས་ཅན། སྒོམ་ཚུལ་ཡོད་དེ། ཐམས་ཅད་ཀྱི་སྟོང་ཉིད་སྒོམ་པ་དང༌། མཁྱེན་གསུམ་སོ་སོར་སྒོམ་པ་སོགས་དུ་མ་ཡོད་པས་འདིར་ཁྱོད་ཀྱིས་ཐུན་གཅིག་ལ་མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་ཞི་ལྷག་ཟུང་འབྲེལ་གྱི་སྦྱོར་བའི་ཡུལ་དུ་བསྡུས་ནས་རྣམ་པ་རྫོགས་པར་བསྒོམ་པས་ན་རྣམ་རྫོགས་སྦྱོར་བ་ཞེས་བཤད་པ་ཡིན་པའི་ཕྱིར་ཏེ། འགྲེལ་པར། རྣམ་པ་ཐམས་ཅད་དང་ལམ་དང་གཞི་ཤེས་པ་བསྡུས་པའི་སྒོ་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་སྒོམ་པར་བྱེད་པས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ། ཞེས་གསུངས་པའི་ཕྱིར། ཤེས་པ་ཞེས་པ་མཐའི་གསལ་བྱེད་ཡིན་པས་རྣམ་པ་ཐམས་ཅད་དང་ལམ་ལ་ཡང་སྦྱར།

    གསུམ་པ་མཐའ་དཔྱད་པ་ལ་གསུམ་ལས། དང་པོ་ལ་ཁ་ཅིག་ན་རེ། བཞི་པ་འདིར་ཡང་མཁྱེན་གསུམ་གྱི་རྣམ་པ་རྒྱས་པར་བསྟན་པར་ཐལ། དེ་བརྒྱ་བདུན་ཅུ་རྩ་གསུམ་བསྟན་པ་དེའི་ཕྱིར། འདོད་ན། དང་པོ་གསུམ་དང་ཟློས་སྐྱོན་ཡོད་པར་ཐལ་ལོ། །འདོད་པའི་ཕྱིར། ཞེས་རྩོད་ཚུལ་འཆད་པར། འགྲེལ་ཆེན་ལས། ཡང་ཐམས་ཅད་མཁྱེན་པ་ཉིད་གསུམ་དང་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་ཁྱད་པར་གང་ཞིག་ཡིན་ཞེ་ན། ཞེས་སོ། །དེ་ལ་སྔོན་གྱི་ཆེན་པོ་ཁ་ཅིག་ན་རེ།.....ལོ་ཆེན། དེའི་ཟློས་སྐྱོན་མེད་དེ། དང་པོ་གསུམ་དུ་ཐོས་བསམ་གྱིས་ཤེས་པར་བྱ་བའི་ཆེད་ཙམ་དུ་བསྟན་ཅིང༌། བཞི་པ་འདིར་དེ་ཉམས་ལེན་ཁོ་ནའི་ཆེད་དུ་བསྟན་པའི་ཕྱིར། དང་པོ་གྲུབ་སྟེ། འགྲེལ་པར། ཐམས་ཅད་མཁྱེན་པ་ཉིད་གསུམ་ཡོངས་སུ་ཤེས་པ་ནི། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། ཁྱབ་སྟེ། དེ་ཡོངས་སུ་ཤེས་པ་ལས་སྒོམ་པའི་སྒྲ་མ་བྱུང་བའི་ཕྱིར་ན་ཡང་མ་ཁྱབ་སྟེ། དང་པོ་གསུམ་དུ་ཡང་སོ་སོའི་སྒོམ་ཚུལ་བཤད་པའི་ཕྱིར། གཉིས་པ་གྲུབ་སྟེ། འགྲེལ་པ་ལས། དབང་དུ་བྱ་བའི་ཕྱིར། ཞེས་དང༌། ཐམས་ཅད་མཁྱེན་པ་ཉིད་གསུམ་སྒོམ་པར་བྱེད་པས། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། ཁྱབ་སྟེ། དེ་ལ་སྒོམ་པ་ལས་ཐོས་བསམ་ཞེས་པའི་སྒྲ་མ་བྱུང་བའི་ཕྱིར་ན་ཡང་མ་ཁྱབ་སྟེ། དང་པོ་གསུམ་དུ་བཤད་པའི་རྣམ་པ་ལ་བསྒོམ་བྱ་མ་ཡིན་པ་དང༌། འདིར་བཤད་པའི་བསྒོམ་བྱ་ལ་དང་པོ་གསུམ་གང་རུང་དུ་མ་བསྟན་པ་མི་སྲིད་པའི་ཕྱིར་ཏེ། རྣམ་བཤད་ལས། འདིར་དབང་དུ་བྱ་བའི་ཕྱིར་ཞེས་པ་དང༌། ཞེས་པ་ནས། འདིར་བསྟན་པའི་རྣམ་པ་སྦྱོར་བས་སྒོམ་པ་མ་ཡིན་པའི་ལམ་དང་དེ་ལས་ལྡོག་པ་མི་སྲིད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། བཤད་ཚུལ་དེ་གཏན་ནས་མི་འཐད་པར་ཐལ། དང་པོ་གསུམ་གྱིས་ཀྱང་ཐོས་བསམ་ཁོ་ན་བསྟན་པ་དང༌། བཞི་པས་སྒོམ་པ་ཁོ་ན་བསྟན་པ་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེས་སྦྱོར་བཞི་མཐོང་སྒོམ་ས་བཅུ་བཤད་པའི་ཕྱིར། ཁྱབ་སྟེ། དེ་ཕལ་ཆེར་སྒོམ་པ་བསྟན་པ་ཡིན་པའི་ཕྱིར་ཏེ། གང་ཐོས་བསམ་གྱིས་ཤེས་པ་དེ་སྒོམ་དགོས་པའི་ཕྱིར་ཏེ། དགོངས་འགྲེལ་ལས། བྱམས་པ་ངས་ཆོས་གདགས་པ་རྣམ་པར་བཞག་པ་འདི་ལྟ་སྟེ་མདོའི་སྡེ་དང༌། ནས། གཏན་ལ་དབབ་པར་བསྟན་པའི་སྡེ་གང་དག་བྱང་ཆུབ་སེམས་དཔའ་རྣམས་ལ་བཤད་པ་དེ་དག་བྱང་ཆུབ་སེམས་དཔས་ལེགས་པར་ཐོས། ལེགས་པར་བཟུང༌། ཁ་ཏོན་བྱང་བར་བྱས། ཡིད་ཀྱིས་ལེགས་པར་བརྟགས། མཐོང་པས་ཤིན་ཏུ་རྟོགས་པར་བྱས་ནས། དེ་གཅིག་པུ་དབེན་པར་འདུག་སྟེ་ནང་དུ་ཡང་དག་བཞག་ནས། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཤིན་ཏུ་རྟོགས་པར་བྱས་པ་ཡན་ཆད་ཀྱི་ཐོས་བསམ་གྱིས་རྟོགས་ཚུལ་བསྟན། ནང་དུ་མན་ཆད་ཀྱིས་ཞི་ལྷག་སྒོམ་ཚུལ་བཤད་པའི་ཕྱིར། དེས་ན་རྣམ་བཤད་ལས། དེ་དག་ཐམས་ཅད་ཐོས་བསམ་གྱིས་ཀྱང་ཤེས་པར་བྱེད་ལ། སྒོམ་བྱུང་གིས་ཀྱང་སྒོམ་པར་བྱེད་པས། ཞེས་པ་ནས། དོར་བར་རིགས་པ་ཁོ་ན་ཡིན་ནོ ཞེས་གསུངས་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། བཞི་པ་འདིར་ཡང་དེ་ལ་ཐོས་བསམ་བྱེད་ཚུལ་བཤད་པའི་ཕྱིར་ཏེ། རྩ་བར། སངས་རྒྱས་བསྟེན་དང་ཀུན་འདྲི་དང༌། །སོགས་རྩ་འགྲེལ་དང༌། དེའི་ཐད་ཀྱི་མདོ་དོན་ཡོད་པའི་ཕྱིར། མདོ་སྡེ་རྒྱན་ལས། འདི་ན་དང་པོར་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང༌། །ཞེས་སོགས་དང༌། དགོངས་འགྲེལ་ལས། ཇི་ལྟར་ལེགས་པར་བསམ་པའི་ཆོས་དེ་དག་ཉིད་ཡིད་ལ་བྱེད་ཅིང་སེམས་གང་གིས་ཡིད་ལ་བྱེད་པའི་སེམས་དེ་ནང་དུ་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་ཡིད་ལ་བྱེད་དོ། །ནས། ཞི་གནས་ཞེས་བྱ། ཞེས་གསུངས་པའི་ཕྱིར། དེས་ན་རྣམ་བཤད་ལས། གཉིས་ཀ་ཐོས་བསམ་གྱིས་ཤེས་པར་བྱ་བ་དང་བསྒོམ་པར་བྱ་བ་ཡིན་པས་ཐོས་བསམ་དང་ཉམས་ལེན་གྱི་གཞུང་སོ་སོར་གཅོད་པ་རྣམ་པ་ཐམས་ཅད་དུ་མི་རིགས་སོ། །ཞེས་གསུངས་པའི་ཕྱིར།

    ཡང་ཁ་ཅིག་ན་རེ། དང་པོ་གསུམ་དང་བཞི་པར་ཟློས་སྐྱོན་མེད་པར་ཐལ། སྐབས་དང་པོ་གསུམ་དུ་མཁྱེན་གསུམ་གྱི་རྣམ་པ་གསལ་བར་མ་བསྟན་ཅིང༌། བཞི་པར་མཁྱེན་གསུམ་གྱི་རྣམ་པ་གསལ་བར་བསྟན་པའི་ཕྱིར་ཟེར། དེ་ཤིན་ཏུ་མི་འཐད་པར་ཐལ། སྐབས་དང་པོར་ཆོས་བཅུ་སོགས་ཀྱི་རྒྱུ་འབྲས་ཀྱི་རྣམ་པ་ཀུན་མཁྱེན་པར་གསལ་བར་བཤད། གཉིས་པར་ལམ་ཤེས་ཀྱི་ངོ་བོ་ལམ་གསུམ་སོགས་ཀྱི་རྣམ་པ་དང༌། གསུམ་པར་གཞི་ཤེས་ཀྱི་རྣམ་པ་མཐུན་ཕྱོགས་མི་མཐུན་ཕྱོགས་ཀྱི་གཞི་ཤེས་སོགས་ཀྱིས་གསལ་བར་བཤད་པའི་ཕྱིར་ཏེ། རྣམ་བཤད་ལས། སྐབས་དང་པོར་རྒྱུ་འབྲས་གཙོ་བོའི་དོན་གྱི་རྣམ་པ་དང༌། གཉིས་པར་ལམ་གསུམ་གྱི་རྣམ་པ་དང༌། གསུམ་པར་གཞི་ཤེས་ཀྱི་རྣམ་པ་གསལ་བར་བཤད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཡང་བསྡུས་ནས་སྒོམ་པའི་དོན་སྔོན་གྱི་ཆེན་པོ་ཁ་ཅིག་ན་རེ།.....ལོ་བུ་སོགས། རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་སྟོང་ཉིད་དུ་བསྡུས་ནས་སྒོམ་པ་དེ། མཁྱེན་གསུམ་བསྡུས་སྒོམ་གྱི་དོན་ཡིན་ཟེར་ཏེ། རྣམ་བཤད་ལས། སྔོན་གྱི་བོད་མཁས་པ་ཁ་ཅིག་ན་རེ། ནས། དེས་ན་མཉམ་བཞག་ཏུ་ཞི་ལྷག་ཟུང་འབྲེལ་གྱི་སྦྱོར་བས་རྣམ་ཐར་སྒོ་གསུམ་དུ་བསྡུས་ནས་སྒོམ་པ་མཁྱེན་གསུམ་བསྡུས་སྒོམ་གྱི་དོན་དུ་མཛད་པ་ནི། ཞེས་སོ། །རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱས་མི་རྟག་པ་དང་སྡུག་བསྔལ་སོགས་ཤེས་བྱ་ཇི་སྙེད་པའི་རྣམ་པ་བརྒྱ་དང་གཉིས་ཡོད་པར་ཁྱེད་རང་འདོད་པ་ཞི་ལྷག་ཟུང་འབྲེལ་གྱི་སྦྱོར་བའི་འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་སྒོམ་པ་དང༌། དེ་ལྟར་མི་སྒོམ་པ་གང་རུང་ཡིན་པར་ཐལ། ཁྱོད་ཀྱི་བསྡུས་སྒོམ་གྱི་འདོད་ཚུལ་དེའི་ཕྱིར། འདོད་ན། དེ་གང་རུང་མ་ཡིན་པར་ཐལ། དེ་ལྟར་སྒོམ་པ་མ་ཡིན་པ་གང་ཞིག །མི་སྒོམ་པ་ཡང་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། རྣམ་པ་དེ་དག་སྒོམ་པའི་རྣམ་དབྱེ་གཅིག་སྐབས་འདིར་བཤད་རིགས་པར་ཐལ། སྐབས་འདིར་རྣམ་པ་རྫོགས་པར་རམ་མ་ལུས་པར་སྒོམ་པའི་སྐབས་ཡིན་པའི་ཕྱིར། འདོད་ན། རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་ཞི་ལྷག་ཟུང་འབྲེལ་གྱི་སྦྱོར་བའི་འཛིན་སྟངས་སུ་བསྡུས་ནས་སྒོམ་པར་ཐལ། དེའི་ཀུན་རྫོབ་ཀྱི་རྣམ་པ་བརྒྱ་རྩ་གཉིས་ཀྱང་སྒོམ། དོན་དམ་གྱི་རྣམ་པ་བདུན་ཅུ་རྩ་གཅིག་ཁྱོད་ཀྱི་འདོད་པ་ཡང་སྒོམ་པར་འདོད་པའི་ཕྱིར། རྟགས་སོ་སོ་ནས་ཁས་བླངས། འདོད་ན། འགྲེལ་པའི་ཚིག་ཟིན་ལྟར་དེ་ལྟར་སྒོམ་པ་མཁྱེན་གསུམ་བསྡུས་སྒོམ་གྱི་དོན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་དག་རྣམ་ཐར་སྒོ་གསུམ་དུ་བསྡུས་ནས་སྒོམ་པ་མཁྱེན་གསུམ་བསྡུས་སྒོམ་ཡིན་པ་མི་འཐད་པར་ཐལ། རྣམ་བཤད་ལས། དང་པོ་ལྟར་ན། བྱང་ཆུབ་སེམས་དཔས་ཞི་ལྷག་ཟུང་འབྲེལ་གྱི་སྦྱོར་བས་རྣམ་པ་མ་ལུས་པ་ཤར་ནས་རང་རྒྱུད་ལ་སྒོམ་པར་བྱེད་ན་དེའི་དབྱེ་བ་མི་མཛད་པ་མི་རིགས་པའི་ཕྱིར་དང༌། ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། དེ་མི་སྒོམ་པ་ཤིན་ཏུ་མི་འཐད་པར་ཐལ། དེ་མི་སྒོམ་ན་འཕགས་པས་རྟག་འཛིན་སོགས་ཀྱི་གཉེན་པོར་མི་རྟག་པ་སྒོམ་པར་བཤད་པ་དང་འགལ། འགྲེལ་པ་འདིས་ཀྱང་དེ་ལྟར་བཤད་པ་དང་འགལ། རྩ་བ་དང་ཡང་འགལ་བའི་ཕྱིར། དང་པོ་གྲུབ་སྟེ། ཉི་སྣང་ལས། བྱེ་བྲག་ནི། མི་མཐུན་ཕྱོགས་གང་གི་གཉེན་པོའི་མཚན་ཉིད་གང་ཡིན་པ་སྟེ། དཔེར་ན་རྟག་པར་འཛིན་པ་ལ་མི་རྟག་པ་ལ་སོགས་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། བྱང་སེམས་དེ་ལྟར་སྒོམ་པས། ཐེག་བསྡུས་ལས། ཉོན་མོངས་ཐུལ་ལ་སྤངས་པ་མེད། །ཅེས་པའི་དོན་འབྱུང་བའི་ཕྱིར། གཉིས་པ་གྲུབ་སྟེ། འགྲེལ་པ་ལས། རྟག་པ་ལ་སོགས་པར་འཛིན་པ་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོའི་ཆོས་ཉིད་ཀྱི་ངོ་བོ་ཉིད་མི་རྟག་པ་ལ་སོགས་པ་ལ་དམིགས་པའི་ཡེ་ཤེས་ཀྱི་བྱེ་བྲག་རྣམས་རྣམ་པ་ཉིད་དུ་རྣམ་པར་བཞག་པ་ནི་མཚན་ཉིད་དེ། ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། རྩ་བར། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །ནས། སུམ་ཅུ་བདུན་དང་སུམ་ཅུ་བཞི། །སུམ་ཅུ་རྩ་དགུ་དག་ཏུ་བཞེད། །ཅེས་པས་བརྒྱ་དང་དོན་གསུམ་བཤད་པའི་ཕྱིར། ཁྱབ་སྟེ། དེ་མི་སྒོམ་ན་དེའི་དབྱེ་བ་དོན་མེད་དུ་འགྱུར་བའི་ཕྱིར། རྣམ་བཤད་ལས། བརྒྱ་དང་དོན་གསུམ་གྱི་རྣམ་པའི་དབྱེ་བ་བྱས་པ་དོན་མེད་པར་འགྱུར་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། དོན་དམ་པའི་རྣམ་པ་བདུན་ཅུ་དོན་གཅིག་བྱས་ནས་སྟོང་པ་ཉིད་རྟོགས་པའི་ཞི་ལྷག་ཟུང་འབྲེལ་ཚོགས་ལམ་ནས་ས་བཅུ་པའི་བར་ལ་འདོད་པ་ཡང་ཤིན་ཏུ་མི་འཐད་པར་ཐལ། ཐེག་པ་གསུམ་གྱི་རིགས་ངེས་གསུམ་ལ་སྦྱོར་ལམ་མ་ཐོབ་བར་དུ་བདག་མེད་ཕྲ་རགས་གང་རུང་གི་ལྷག་མཐོང་ཐོབ་པ་ཐལ་འགྱུར་བའི་ལུགས་མ་ཡིན་པ་ལ་མི་འོང་བའི་ཕྱིར་ཏེ། ཀུན་བཏུས་ལས། དྲོ་བར་གྱུར་པ་གང་ཞེ་ན། སོ་སོ་རང་གི་བདེན་པ་རྣམས་ལ་སྣང་བ་ཐོབ་པའི་ཏིང་ངེ་འཛིན་དང་ཤེས་རབ་དང་མཚུངས་པར་ལྡན་པ་དང་བཅས་པའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སྤྱིར་ཚོགས་སྦྱོར་གཉིས་ལ་ཐུན་མོང་དུ་འགྲོ་བའི་སྒོམ་བྱུང་ཡོད་ཀྱང་དྲོད་སོགས་བཞི་སྦྱོར་ལམ་གྱི་ཡིན་ལ་ཚོགས་ལམ་ལ་མེད་པའི་ལམ་ཡིན་པའི་ཕྱིར་ཏེ། ཀུན་བཏུས་ལས། སྦྱོར་བའི་ཡིན་ལ་ཚོགས་ཀྱི་མ་ཡིན་པ་ཡོད་དེ། ཚོགས་བསགས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་རྣམས་ཏེ། དེ་ནི་དྲོ་བར་གྱུར་པ་དང༌། ཞེས་སོགས་གསུངས་པའི་ཕྱིར། དེ་སྐད་དུ། རྣམ་བཤད་ལས། དེ་ཚོགས་ལམ་ནས་ས་བཅུ་པའི་བར་ལ་ཡོད་པར་འདོད་པ་ནི་ཉེས་པ་ཤིན་ཏུ་ཆེན་པོ་ཡིན་ཏེ། ཞེས་པ་ནས། ལམ་གྱི་རྣམ་གཞག་བྱེད་པ་མོས་པ་ཙམ་དུ་ཟད་དོ། །ཞེས་གསུངས་པའི་ཕྱིར། སློབ་དཔོན་ལ་དགག་པ་འབྲེལ་མེད་ཚུལ་ཡང་ཤེས་སླའོ། །ཡང་ཁ་ཅིག །མཁྱེན་གསུམ་གྱི་རྣམ་པ་ལ་དབང་ཐོབ་ཕྱིར་དུ་མཁྱེན་གསུམ་གྱི་རྣམ་པ་བསྡུས་ནས་སྒོམ་པའི་སེམས་དཔའི་རྣལ་འབྱོར་དེ། རྣམ་རྫོགས་སྦྱོར་པའི་མཚན་ཉིད་ཟེར་ན། བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་མཁྱེན་གསུམ་གྱི་རྣམ་པ་ལ་དམིགས་པའི་ཞི་ལྷག་ཟུང་འབྲེལ་གྱི་རྩེ་སྦྱོར་ཆོས་ཅན། མཚན་ཉིད་དེར་ཐལ། རྣམ་རྫོགས་སྦྱོར་བ་ཡིན་པའི་ཕྱིར། འདོད་ན། མཁྱེན་གསུམ་གྱི་རྣམ་པ་ལ་དབང་མ་ཐོབ་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་རྣམ་པ་ལ་དབང་ཐོབ་པའི་ཕྱིར། དེར་ཐལ། དེའི་རྣམ་པ་ལ་དམིགས་པའི་ཞི་ལྷག་ཐོབ་པའི་ཕྱིར། ཁྱབ་སྟེ། དེ་ལ་སེམས་བཞག་ན་རི་བཞིན་སྡོད་དཔྱད་ན་ཕྲ་མོ་ལའང་འགྲོ་ལ་མ་བསམ་པར་མི་འགྲོ་བའི་ཕྱིར་ཏེ། ལམ་རིམ་བསྡུས་དོན་ལས། བསམ་གཏན་སེམས་ལ་དབང་བསྒྱུར་རྒྱལ་བོ་སྟེ། །བཞག་ན་གཡོ་མེད་རི་ཡི་དབང་བོ་བཞིན། །བཏང་ན་དགེ་བའི་དམིགས་པ་ཀུན་ལ་འཇུག །ཅེས་གསུངས་པའི་ཕྱིར། ཁ་ཅིག །རྣམ་རྫོགས་སྦྱོར་བ་སྐབས་བཞི་པའི་བསྟན་བྱའི་གཙོ་བོར་གྱུར་པའི་རྣམ་རྫོགས་སྦྱོར་བ་ཡིན་ཟེར་ན། འོ་ན། རྣམ་རྫོགས་སྦྱོར་བ་ཆོས་ཅན། ཁྱོད་རྒྱུད་ལྡན་གྱི་གང་ཟག་ཡིན་ན། སྐབས་འདིའི་བསྟན་བྱའི་གཙོ་བོར་གྱུར་པའི་རྣམ་རྫོགས་སྦྱོར་བ་རྒྱུད་ལྡན་གྱི་གང་ཟག་ཡིན་པས་ཁྱབ་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། སྟོང་ཉིད་མ་རྟོགས་པའི་བྱང་སེམས་དང་མ་ངེས་པའི་རིགས་ཅན་གྱི་བྱང་སེམས་དང༌། དགྲ་བཅོམ་རྟོགས་པ་སྔོན་སོང་གི་བྱང་སེམས་གསུམ་རེ་རེ་ནས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཞེས་པའི་དངོས་བསྟན་གཙོ་བོར་གྱུར་པའི་དེ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་དག་གི་ལམ་རྣམས་བསྟན་བྱ་ཕལ་བའི་ཚུལ་གྱིས་བསྟན་པའི་ཕྱིར། དེར་ཐལ། རྒྱན་འདིར་ཆེད་དུ་བྱ་བའི་གདུལ་བྱ་དབང་རྣོན་དང་རིགས་ངེས་ཀྱི་ལམ་བསྒྲོད་ཚུལ་གཙོ་བོར་བསྟན། དབང་རྟུལ་དང་མ་ངེས་པའི་ལམ་བསྒྲོད་ཚུལ་ཞར་ལ་བསྟན་པའི་ཕྱིར། རྣམ་བཤད་ལས། རྟུལ་པོ་ལ་ནི་ངེས་པ་མེད་པས། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། འདིར་བསྟན་བྱའི་གཙོ་བོའི་རྣམ་རྫོགས་སྦྱོར་བ་རྒྱུད་ལྡན་ཡིན་ན། བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་ནས་འཚང་རྒྱ་བའི་མགོ་རྩོམ་པའི་ལམ་གྱི་ཐོག་མ་རྒྱུད་ལྡན་གྱི་གང་ཟག་ཡིན་པས་ཁྱབ་ཟེར་ན། མཚན་མེད་ཅེས་སོགས་ཀྱི་བསྟན་བྱའི་གཙོ་བོར་གྱུར་པའི་བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་རྣམ་རྫོགས་སྦྱོར་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་སླ། འདོད་ན། གྲངས་མེད་གསུམ་གྱི་ཚོགས་བསགས་པའི་ཐོག་མའི་ལམ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། གྲངས་མེད་དང་པོའི་ཚོགས་རྫོགས་ནས་གཉིས་པའི་སྐབས་ཀྱི་ལམ་ཡིན་པའི་ཕྱིར་ཏེ། བྱང་སེམས་རིགས་ངེས་དབང་རྣོན་གྱི་མཐོང་ལམ་ཡིན་པའི་ཕྱིར།

    གཉིས་པ་རང་ལུགས་ལ། སྐབས་དང་པོ་གསུམ་དུ་མཁྱེན་གསུམ་གྱི་རྣམ་པ་རྒྱས་པར་བཤད་པ་དང༌། བཞི་པར་དེ་རྒྱས་པར་བཤད་པ་གཉིས་ཟློས་སྐྱོན་མེད་པར་ཐལ། དང་པོ་གསུམ་དང་བཞི་པས་དེ་བརྗོད་ཚུལ་མི་འདྲ་བའི་ཁྱད་པར་དུ་མ་ཡོད་པ་ལྟར་དགོས་པ་ཡང་ཡོད་པའི་ཕྱིར། དེར་ཐལ། ཕྱོགས་གཅིག་ཏུ་བསྡུས་མ་བསྡུས་ཀྱི་སྟོན་ཚུལ་དང་དགོས་པ་མི་གཅིག རང་གི་ངོ་བོ་དང་སྒོམ་བྱེད་ཀྱི་ལྡོག་ཆའི་བསྟན་ཚུལ་དང་དགོས་པ་མི་གཅིག མི་མཐུན་ཕྱོགས་དང་བྲལ་ཚུལ་དང༌། གཉེན་པོའི་ལྡོག་ཆའི་བསྟན་ཚུལ་དང་དགོས་པ་མི་གཅིག་པའི་ཕྱིར། དང་པོ་གྲུབ་སྟེ། སྐབས་དང་པོ་གསུམ་དུ་མཁྱེན་གསུམ་གྱི་རྣམ་པ་ཡུལ་གྱི་སྒོ་ནས་སོ་སོར་བཤད་ལ། མཁྱེན་གསུམ་གྱི་རྣམ་པ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ནས་མ་བཤད། བཞི་པ་འདིར་ཕྱོགས་གཅིག་ཏུ་རྣམ་པ་མ་ལུས་པ་བརྒྱ་བདུན་ཅུ་རྩ་གསུམ་དུ་བྱས་ནས་བཤད་པའི་ཕྱིར་ཏེ། འགྲེལ་ཆེན་ལས། ཁ་ཅིག་ན་རེ་ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་ཇི་སྐད་བཤད་པའི་རྣམ་པས་རྣམ་པའི་ཡུལ་སོ་སོར་ངེས་པ་ཡིན་ལ། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ནི་རྣམ་པ་མ་ལུས་པའི་ཡུལ་ཅན་ཡིན་ནོ། །ཞེས་འདོད་དོ། །ཞེས་གསུངས་པའི་ཕྱིར། འདི་ལའང་བརྗོད་ཚུལ་དང་དགོས་པ་གཉིས་ཀ་མི་གཅིག་སྟེ། བརྗོད་ཚུལ་སླ་ཞིང་དགོས་པ་དང་པོ་གསུམ་དུ་སོ་སོར་སྒོམ་པའི་ཆེད་དང༌། འདིར་རྣམ་པ་མ་ལུས་པ་ཐུན་གཅིག་ལ་སྒོམ་སྟེ། དབང་ཐོབ་པར་བྱ་བའི་ཆེད་ཡིན་པའི་ཕྱིར། རྣམ་བཤད་ལས། སྔར་རང་རྒྱུད་ལ། ཞེས་པ་ནས། བརྗོད་ཚུལ་དང་དགོས་པ་མི་འདྲ་བའི་ཕྱིར། ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། དང་པོ་གསུམ་དུ་མཁྱེན་གསུམ་གྱི་ངོ་བོ་དང་རྣམ་པ་ཤེས་ནས་སྒོམ་པ་དང་འདིར་མཁྱེན་གསུམ་གྱི་རྣམ་པ་མ་ལུས་པའི་སྦྱོར་བ་ཤེས་ནས་སྒོམ་པའི་ཆེད་ཡིན་པའི་ཕྱིར་ཏེ། འགྲེལ་ཆེན་ལས། གཞན་དག་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་མཚན་ཉིད་པ་ཉིད་དུ་རྣམ་པར་བཞག་ལ། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ནི་སྦྱོར་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ལྟར་ན་སྒོམ་བྱའི་ཡུལ་ཤེས་པ་དང་སྒོམ་བྱེད་ཀྱི་སྦྱོར་བ་ཤེས་པའི་དགོས་པ་མི་གཅིག་པ་གཉིས་ཡོད་པའི་ཕྱིར། རྣམ་བཤད་ལས། སྐབས་དང་པོ་གསུམ་དུ་མཁྱེན་གསུམ་གྱི་མཚན་ཉིད་ཤེས་ནས་བསྒོམ་པར་བྱ་བའི་ཆེད་དང༌། སྐབས་འདིར་སྒོམ་བྱེད་ཀྱི་སྦྱོར་བ་ཤེས་ནས་སྒོམ་པའི་ཆེད་དུ་བསྟན་པས། ཞེས་གསུངས་པའི་ཕྱིར། འདིས་བསྟན་ཚུལ་མི་གཅིག་པ་རྟོགས་སླ་ཞིང་དགོས་པ་སྔ་མ་དང་མི་གཅིག་སྟེ། བསྒོམ་བྱ་དང་སྒོམ་བྱེད་ཀྱི་རྨོངས་པ་བསལ་ནས་དེ་གཉིས་ཤེས་པ་གཉིས་སྔ་མ་དང་མི་གཅིག་པའི་ཕྱིར། འདིའི་སྔ་འགྲེལ་དུ། རྣམ་བཤད་ལས། འོ་ན་ཕྱི་མ་ཉིད་བསྟན་པས་ཆོག་མོད་ཅེ་ན། དགོས་པ་གཞན་ཡང་ཡོད་པར་སྟོན་པ་ནི། ཞེས་གསུངས་པའི་ཕྱིར། རྟགས་གསུམ་པ་གྲུབ་སྟེ། དང་པོ་གསུམ་དུ་མཁྱེན་གསུམ་རང་རང་གི་སྤང་བྱ་དང་བྲལ་ཚུལ་ཤེས་ནས་སྒོམ་པ་དང༌། བཞི་པར་མི་མཐུན་ཕྱོགས་དེ་དང་དེའི་གཉེན་པོ་སོ་སོར་ཤེས་ནས་སྒོམ་པའི་ཆེད་དུ་བསྟན་པའི་ཕྱིར་ཏེ། འགྲེལ་ཆེན་ལས། ལ་ལ་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོར་བཞག་པས་རབ་ཏུ་ཕྱེ་བ་ཡིན་ལ། ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་རང་བཞིན་གྱིས་ཞི་བའི་རྣམ་པ་ཉིད་ཡིན་པའི་ཕྱིར་དེ་ལྟ་བུ་མ་ཡིན་ནོ། །ཞེས་འཆད་དོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ལྟར་ན་སྟོན་ཚུལ་མི་གཅིག་པ་དང་དགོས་པ་སྔར་བཤད་པ་གཉིས་མ་ཡིན་པའི་གསུམ་པ་བྱུང་བའི་ཕྱིར། དེར་ཐལ། འདིར་སྤང་བྱ་མ་ལུས་པ་སྤངས་པའི་ཆེད་དུ་གཉེན་པོའི་རྣམ་པ་མ་ལུས་པ་སྒོམ་པར་བསྟན་པའི་ཕྱིར། རྣམ་བཤད་ལས། འདིར་མི་མཐུན་ཕྱོགས་མ་ལུས་པ་སྤངས་པའི་ཆེད་དུ་རྣམ་པ་མ་ལུས་པ་སྒོམ་པ་བསྟན་ནས་དང་པོ་གསུམ་དུ་མི་མཐུན་ཕྱོགས་ཅི་རིགས་པ་དང་བྲལ་བའི་མཁྱེན་གསུམ་བསྟན་པ་ནི་བརྗོད་ཚུལ་དང་དགོས་པ་མི་འདྲ་བ་ཙམ་དུ་ཟད་ཀྱི། ཞེས་གསུངས་པའི་ཕྱིར། དེས་ན་དེ་ལྟར་མ་བཤད་པར་སྣ་ཚོགས་གཅིག་བཤད་དོ། །

    རྣམ་རྫོགས་སྦྱོར་བ་ལ། མཚན་ཉིད། དབྱེ་བ། ས་མཚམས། སྒྲ་བཤད་དང་བཞི། དང་པོ་ཡོད་དེ། མཁྱེན་གསུམ་གྱི་རྣམ་པ་མ་ལུས་པ་སྒོམ་པའི་ཤེས་རབ་ཀྱིས་ཟིན་པའི་ཆ་ནས་བཞག་པའི་སེམས་དཔའི་སྦྱོར་བ་དེ། རྣམ་རྫོགས་སྦྱོར་བའི་མཚན་ཉིད་ཡིན་པའི་ཕྱིར། ཆ་བཞག་སྨོས་པས་མ་ངེས་པ་དང་དབང་རྟུལ་རྣམ་པ་མ་ལུས་པ་མི་ཤེས་པའི་རྒྱུད་ཀྱི་དེ་ཡང་སྡུད་ཅིང༌། ཟིན་པ་སྨོས་པས་གྲོགས་དང་སྒོམ་བྱུང་མ་ཡིན་པ་ཡང་སྡུད་དོ། །གཉིས་པ་ནི། དབྱེ་ན་བརྒྱ་དང་བདུན་ཅུ་རྩ་གསུམ། གསུམ་པ་ནི། ས་མཚམས་ལ་འདོད་ཚུལ་མང་ཡང་རྗེ་ཡབ་སྲས་ཀྱི་ལུགས་ལ་ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད་པར་བཞེད་དེ། ལེགས་བཤད་གསེར་འཕྲེང་ལས། ཚོགས་ལམ་ཆུང་ངུ་ནས་ས་བཅུ་རྒྱུན་མཐའི་བར་ན་ཡོད་དེ། ཞེས་གསུངས་པའི་ཕྱིར། བཞི་པ་སྒྲ་དོན་སྔར་བཤད་པས་ཤེས་སོ མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་རྣམ་རྫོགས་སྦྱོར་བའི་འཛིན་སྟངས་ཀྱི་ཡུལ་དུ་བསྒོམ་པ་དེ་མཁྱེན་གསུམ་བསྡུས་སྒོམ་གྱི་དོན་ཡིན་ནོ། །

    གསུམ་པ་རྩོད་པ་སྤོང་བ་ལ་ཁོ་ན་རེ། སྟོང་ཉིད་ཞི་ལྷག་གིས་སྒོམ་པའི་བྱང་སེམས་ཀྱི་སྦྱོར་ལམ་དྲོད་ཆོས་ཅན། མཁྱེན་གསུམ་གྱི་རྣམ་པ་ལ་དབང་མ་ཐོབ་པ་ཐོབ་ཕྱིར་དུ་སྒོམ་པའི་སེམས་དཔའི་རྣལ་འབྱོར་ཡིན་པར་ཐལ། རྣམ་རྫོགས་སྦྱོར་བ་ཡིན་པའི་ཕྱིར་ན་ཤིན་ཏུ་མ་ཁྱབ། ཡང་ཁོ་ན་རེ། རྣམ་རྫོགས་སྦྱོར་བ་ཡིན་ན་ཞི་ལྷག་ཟུང་འབྲེལ་གྱིས་མཁྱེན་གསུམ་གྱི་རྣམ་པ་སྒོམ་པས་ཁྱབ་པར་ཐལ། དེ་ཡིན་ན་མཁྱེན་གསུམ་གྱི་རྣམ་པ་སྒོམ་པའི་ཤེས་རབ་ཀྱིས་ཟིན་པས་ཁྱབ་པའི་ཕྱིར་ན་མ་ཁྱབ་ཅིང༌། འདོད་མི་ནུས་ཏེ། དེ་ལྟར་ཟིན་ཅིང་སྒོམ་པ་མ་ཡིན་པའི་ཐོས་བསམ་གྱི་བློ་གང་རུང་དུ་གྱུར་པའི་རྣམ་རྫོགས་སྦྱོར་བ་ཡོད་པའི་ཕྱིར་ཏེ། རྩ་བར། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །མཐོང་དང་སྒོམ་པའི་ལམ་ཉིད་ལ། །ཡང་དང་ཡང་དུ་སེམས་པ་དང༌། །འཇལ་དང་ངེས་རྟོག ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། རྣམ་རྫོགས་སྦྱོར་བ་ཐོབ་པའི་གང་ཟག་ལ་ཞི་ལྷག་ཐོབ་པས་ཁྱབ་པར་ཐལ། མཁྱེན་གསུམ་བསྡུས་སྒོམ་བྱེད་པའི་བྱང་སེམས་ལ་དེ་ཐོབ་པས་ཁྱབ་པའི་ཕྱིར། དེར་ཐལ། མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་ཞི་ལྷག་ཟུང་འབྲེལ་གྱིས་འཛིན་སྟངས་སུ་བསྡུས་ནས་སྒོམ་པ་མཁྱེན་གསུམ་བསྡུས་སྒོམ་གྱི་དོན་ཡིན་པའི་ཕྱིར། དེར་ཐལ། དེའི་དོན་ཡོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། བྱང་ཆུབ་ཀྱི་སེམས་ལ་བཅོས་མིན་གྱི་མྱོང་བ་ཐོན་པ་དང༌། བྱང་ཆུབ་ཀྱི་སེམས་ཐོབ་པ་དུས་མཉམ་པ་གང་ཞིག །ངེས་འབྱུང་གི་སེམས་དང་སེམས་བསྐྱེད་ཐོབ་པ་ཞི་གནས་ལ་མི་ལྟོས་པའི་ཕྱིར། དང་པོ་གྲུབ་སྟེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང༌། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ལམ་རིམ་ལས། མི་རྟག་པ་དང་འཁོར་བའི་ཉེས་དམིགས་དང་བྱང་ཆུབ་ཀྱི་སེམས་སྦྱངས་པ་ལ་ཡིད་འགྱུར་བའི་མྱོང་བ་སྐྱེ་བ་ཡང་ཞི་གནས་ལ་རག་ལས་པ་ཧ་ཅང་ཐལ་ཆེ་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར

                                                                                                                            རྩོམ་སྒྲིག་པ། མང་ར་བ།

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                        དྲ་བའི་སྦྲེལ་ཐགhttp://www.tb1025.cn  

བརྒྱུད་འགོད།