ཀུན་མཁྱེན་ཕར་ཕྱིན་ལས་གཞི་ཤེས་ཀྱི་སྦྱོར་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-01-09 19:19:29     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

236388974482820697.jpg          

           གཉིས་པ་གཞི་ཤེས་ཀྱི་སྦྱོར་བ་ལ། རབ་དབྱེ་དང། རང་བཞིན་གཉིས། དང་པོ་སྟོན་པར། གཟུགས་སོགས་དེ་མི་རྟག་སོགས་དང། །ཞེས་སོགས་བྱུང། འཕྲོས་སྦྱོར་མཐའ་དཔྱད་གསུམ། དང་པོ་ནི། མདོ་ལས། གལ་ཏེ་གཟུགས་ལ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཞེས་པ་ནས། སྤྲུལ་བའི་བར་དུ་རློམ་སེམས་སུ་མི་བྱེད་པ་དེའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་སྤྲུལ་བ་ལྟ་བུའི་བར་དུ་ཡོངས་སུ་ཤེས་བར་འགྱུར་རོ། །ཞེས་པའི་དོན་སྟོན་པར་འདི་བྱུང། གཉིས་པ་ནི། འདིར་བསྟན་བྱང་སེམས་ཀྱི་གཞི་ཤེས་སྦྱོར་བ་ཆོས་ཅན། རྣམ་པ་བཅུ་ཡོད་དེ། ཡུལ་གྱི་སྒོ་ནས་བཞི། ངོ་བོའི་སྒོོ་ནས་གསུམ། བྱེད་པའི་སྒོ་ནས་གཉིས། ཤེས་བྱེད་དཔེའི་སྦྱོར་བ་གཅིག་རྣམས་སུ་ཡོད་པའི་ཕྱིར། མཐའ་དཔྱད་པ་ལ་གསུམ་ལས། དང་པོ་ལ་ཁ་ཅིག་ན་རེ། གཞི་ཀུན་རྫོབ་པ་དང་དོན་དམ་པའི་སྡོད་ལུགས་ལ་ཕྱིན་ཅི་ལོག་ཏུ་ཞེན་པ་འགོག་པའི་སེམས་དཔའི་རྣལ་འབྱོར་དེ། སྐབས་འདིར་དངོས་སུ་བསྟན་པའི་གཞི་ཤེས་སྦྱོར་བའི་མཚན་ཉིད་ཟེར་ན། རྒྱུན་མཐའི་བར་ཆད་མེད་ལམ་ཆོས་ཅན། སྐབས་འདིར་དངོས་སུ་བསྟན་པའི་གཞི་ཤེས་སྦྱོར་བ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། བདེན་འཛིན་དངོས་སུ་འཇོམས་བྱེད་ཀྱི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་མ་ཡིན་པར་ཐལ། གཞི་ཤེས་སྦྱོར་བ་མ་ཡིན་པའི་ཕྱིར། དེར་ཐལ། ཐེག་དམན་གྱི་རྟོགས་རིགས་སུ་གནས་པ་མ་ཡིན་པའི་ཕྱིར། དེར་ཐལ། ཐེག་ཆེན་གྱི་བར་ཆད་མེད་ལམ་ཡིན་པའི་ཕྱིར། ཡང་ཁ་ཅིག དེ་གཞི་ཤེས་སྦྱོར་བའི་མཚན་ཉིད་ཟེར་ན། གང་ཟག་གི་བདག་མེད་རྟོགས་པའི་ཉན་ཐོས་ཀྱི་སྦྱོར་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། དེ་འདྲའི་ཉན་ཐོས་ཀྱི་མཐོང་ལམ་གཞི་ཤེས་སྦྱོར་བ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དོན་དམ་པའི་སྡོད་ལུགས་ལ་ཕྱིན་ཅི་ལོག་ཏུ་ཞེན་པའི་གཉེན་པོ་མ་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། གཞི་ཀུན་རྫོབ་པའི་སྡོད་ལུགས་ལ་ཕྱིན་ཅི་ལོག་ཏུ་ཞེན་པ་དང་དོན་དམ་པའི་སྡོད་ལུགས་ལ་ཕྱིན་ཅི་ལོག་ཏུ་ཞེན་པ་གང་རུང་གི་གཉེན་པོར་སྒོམ་པའི་སེམས་དཔའི་རྣལ་འབྱོར་དེ། འདིར་བསྟན་སེམས་དཔའི་གཞི་ཤེས་སྦྱོར་བའི་མཚན་ཉིད་ཟེར་ན། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འཁོར་གསུམ། འདོད་མི་ནུས་ཏེ། ཐེག་དམན་གྱི་རྟོགས་རིགས་སུ་མི་གནས་པའི་ཕྱིར། ཁྱབ་སྟེ། རྣམ་བཤད་ལས། སྐབས་འདིར་སྟོང་ཉིད་ཀྱི་རྣམ་པ་ཅན་གྱི་ལམ་བཤད་པ་ནི་གང་གིས་ཟིན་པའི་ལམ་དེ་ཉིད་སྟོན་པ་ཡིན་གྱི། གཞི་ཤེས་སྦྱོར་བའི་མཚོན་བྱེད་ནི་གཞི་ཤེས་ཀྱི་རྣམ་པ་ཅན་དུ་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར།

    ཡང་ཀུ་མ་ར་ཤྲི་ན་རེ། འདིའི་གཞི་ཤེས་སྦྱོར་བ་སྦྱོར་ལམ་ལ་བྱེད་ཟེར་ན། དེ་མི་འཐད་པར་ཐལ། འདིའི་གཞི་ཤེས་སྦྱོར་བ་ལྟ་སྒོམ་སྤྱོད་འབྲས་སོགས་ལ་མཚན་མར་འཛིན་པ་འགོག་བྱེད་ཡིན་པའི་ཕྱིར། ཁྱབ་སྟེ། དེས་ན་ཇི་སྲིད་མཚན་མ་དེ་དག་སྐྱེ་བ་དེ་སྲིད་དུ་སྒོམ་དགོས་པའི་ཕྱིར། གསེར་ཕྲེང་ལས། ཇི་སྲིད་མཚན་མ་དེ་དག་སྐྱེ་བ་དེ་སྲིད་དུ་སྒོམ་དགོས་པས། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ས་བདུན་པའི་བར་དུ་ཡོད་ཟེར་ན། དེ་ཡང་མི་འཐད་པར་ཐལ། ཚོགས་ལམ་ནས་རྒྱུན་མཐའི་བར་དུ་གཞི་ཤེས་སྦྱོར་བ་ཡོད་པའི་ཕྱིར། གསེར་ཕྲེང་ལས། ཚོགས་ལམ་ནས་ས་བཅུའི་བར་ལ་བཞག་གོ །ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། བྱ་དཀའ་རྣམ་གསུམ་སྦྱོར་བ་གསུམ་ལ་བྱེད་པར་ཐལ། བྱ་དཀའ་བ་གསུམ་ནི་གོ་ཆའི་དཀའ་སྤྱོད་དང། འཇུག་པའི་དཀའ་སྤྱོད་དང། སྟོན་པའི་མཚན་ཉིད་ཀྱི་བྱེད་པའི་དཀའ་སྤྱོད་ཀྱི་སྦྱོར་བ་གསུམ་ལ་བྱེད་པའི་ཕྱིར། དེར་ཐལ། འགྲེལ་བ་གྲགས་ཆ་ལས། སྦྱོར་བ་དཀའ་བ་རྣམ་གསུམ་དང། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེར་དེ་ལྟར་བཤད་ཀྱང་མདོ་དང་འགྲེལ་ཆེན་རྣམས་དང་མི་མཐུན་པའི་ཕྱིར། དེར་ཐལ། བྱ་དཀའ་བ་གསུམ་ཡུལ་དང། སྦྱོར་བ་ཡུལ་ཅན་དུ་བཤད་པའི་ཕྱིར། དེར་ཐལ། ཆེད་དུ་བྱ་དཀའ་བ་རྣམ་མཁྱེན་དང་སྦྱོར་བ་དེའི་ཡུལ་ཅན་ཡིན། ལམ་ཤེས་སྦྱོར་བ་བྱ་དཀའ་བ་དང་སྦྱོར་བ་དེའི་ཡུལ་ཅན་དང། ལས་བྱ་དཀའ་བ་གཞི་ཤེས་དང་སྦྱོར་བ་དེའི་ཡུལ་ཅན་ཡིན་པའི་ཕྱིར། རྟགས་ཟུར་དང་པོ་གྲུབ་སྟེ། ཉི་སྣང་ལས། ཆེད་དུ་བྱ་དཀའ་བ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ།457 གང་དག་དེ་ལ་སྦྱོར་བར་འདོད་པ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ནམ་མཁའ་གྲོལ་འདོད་པ་ལྟར་དོན་དམ་པར་ཁྱད་པར་འགྲོར་མེད་ཅིང་ཐ་སྙད་དུ་སེམས་ཅན་མི་ཟད་པས་ཆེད་དུ་བྱ་བ་རྣམ་མཁྱེན་ཐོབ་དཀའ་བའི་ཕྱིར། ཉི་སྣང་ལས། དེ་ལ་སྦྱོར་བར་འདོད་པ་དེ་དག་ནི་ནམ་མཁའ་ཡོངས་སུ་གྲོལ་བར་འདོད་པ་ཡིན་ནོ། །ཞེས་དང། འགྲེལ་ཆེན་ལས་ཀྱང། ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་དམིགས་པ་དེ་ཁོ་ནར། ཞེས་གསུངས་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། ཉི་སྣང་ལས། སྦྱོར་བ་བྱ་དཀའ་བ་ཉིད་ནི་ལམ་ཤེས་པ་ཉིད་དེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གདུལ་བྱའི་རྒྱུད་ལ་ལམ་ཤེས་458སྦྱོར་བའམ་ལམ་ཤེས་སྐྱེད་དགོས་ཀྱང་ནམ་མཁའ་བར་སྣང་ལ་བཏེགས་འདོད་པ་ལྟར་དོན་དམ་པར་སྐྱེད་བྱེར་མེད་ཅིང་ཐ་སྙད་དུ་སེམས་ཅན་མི་ཟད་པའི་ཕྱིར། ཉི་སྣང་ལས། གང་དག་དེ་ལ་འབད་པར་འདོད་པ་དེ་དག་ནི་ནམ་མཁའ་བར་སྣང་ལ་འདེགས་པར་འདོད་པ་ཡིན་ནོ། །ཞེས་དང། འགྲེལ་ཆེན་ལས། གང་ལམ་ཤེས་པ་ཉིད་ལ་རབ་ཏུ་སྦྱོར་བར་འདོད་པ། ཞེས་གསུངས་པའི་ཕྱིར། རྩ་རྟགས་གསུམ་པ་གྲུབ་སྟེ། ཉི་སྣང་ལས། ལས་བྱ་དཀའ་བ་ཉིད་ནི་ཐམས་ཅད་ཤེས་པ་ཉིད་དེ་གང་དག་དེ་ལ་རྩོལ་བར་འདོད་པ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གདུལ་བྱའི་སེམས་ཅན་ལ་དེ་ཤེས་པར་བྱས་ནས་སྟོན་དགོས་ཀྱང་དོན་དམ་པར་བསྟན་བྱ་མ་གྲུབ་ཅིང་ཐ་སྙད་དུ་སེམས་ཅན་མི་ཟད་པའི་ཕྱིར། ཉི་སྣང་ལས། གང་དག་དེ་ལ་རྩོལ་བར་འདོད་པ་དེ་དག་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་ཉིད་དོ། །ཞེས་གསུངས་པའི་ཕྱིར་དང། གསེར་ཕྲེང་ལས། བྱ་དཀའ་བའི་ཚུལ་ནི་བདེན་གཉིས་ཀྱི་སྒོ་ནས་སྔར་བཤད་པ་ཉིད་མདོ་དང་འགྲེལ་ཆེན་རྣམས་ཀྱི་དགོངས་པ་ལ་འགྲིག་གོ །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། སྦྱོར་བ་དང་པོ་དགུ་མཉམ་བཞག་ནས་གཙོ་ཆེར་སྒོམ་ཞིང་བཅུ་པ་རྗེས་ཐོབ་ན་སྒོམ་ཟེར་ན། འོ་ན། དང་པོ་དགུ་མཉམ་བཞག་ནམ་མཁའ་ལྟ་བུའི་དུས་སུ་སྒོམ་པར་ཐལ། དེ་དགུ་མཉམ་བཞག་གི་སྒོམ་ལམ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། མཉམ་བཞག་ནམ་མཁའ་ལྟ་བུ་དང་རྗེས་ཐོབ་སྒྱུ་མ་ལྟ་བུར་བཤད་པའི་ཕྱིར་ཏེ། རྣམ་པར་མི་རྟོག་པའི་གཟུངས་ལས། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་དང་མཚུངས་པར་མཐོང་ངོ་། །དེའི་རྗེས་ལ་ཐོབ་པས་ནི་ཆོས་ཐམས་ཅད་སྒྱུ་མ་དང་སྨིག་རྒྱུ་དང་རྨི་ལམ་ལ་སོགས་པ་དང་མཚུངས་པར་མཐོང་ངོ། ཞེས་གསུངས་པའི་ཕྱིར། འདོད་ན། གཟུགས་སོགས་ཀྱི་སྦྱོར་བ་དང། གཟུགས་སོགས་མི་རྟག་སོགས་ཀྱི་སྦྱོར་བ་དང། གཟུགས་སོགས་ལ་མ་རྫོགས་པ་དང་རྫོགས་པའི་སྦྱོར་བ་གསུམ་དོན་དམ་པའི་རྣམ་པ་ཅན་ཡིན་པར་ཐལ། དེ་མཉམ་བཞག་ནམ་མཁའ་ལྟ་བུའི་སྦྱོར་བ་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། དེ་གསུམ་ཀུན་རྫོབ་ལ་དམིགས་པ་དང་ཆགས་མེད་ལ་དམིགས་པ་དོན་དམ་རྣམ་ཅན་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། ཀུན་རྫོབ་ལ་དམིགས་པ་གསུམ་དང་དོན་དམ་ལ་དམིགས་པ་གཅིག་ཡོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ལྷག་མ་ཀུན་རྫོབ་ལ་དམིགས་པ་རྟོགས་སླ་བའི་ཕྱིར། གསེར་ཕྲེང་ལས། སྦྱོར་བ་བཅུ་པོ་འདི་རྗེས་ཐོབ་གཙོ་ཆེ་སྟེ། ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། འོ་ན། སློབ་དཔོན་གྱིས་དེ་དག་ཡུལ་དུ་བྱས་ནས་བདེན་ཞེན་འགོག་པར་བཤད་པ་མི་འཐད་པར་ཐལ། དེ་དག་རྗེས་ཐོབ་གཙོ་ཆེ་བའི་ཕྱིར་ན་མ་ཁྱབ་སྟེ། རྗེས་ཐོབ་བདེན་གྲུབ་བཀག་པའི་རྫུན་པ་སྒྱུ་མ་ལྟ་བུར་བྱེད་པའི་ཕྱིར། གསེར་ཕྲེང་ལས། དེ་དག་ཏུ་ཞེན་ན་དེ་ཡང་དགག་དགོས་པ་ལ་དགོངས་སོ། །ཞེས་གསུངས་པའི་ཕྱིར།

(457) པར་ཐེངས་གཉིས་པ། དེ་ཉིད་ཀྱི་ཕྱིར།

(458) པར་ཐེངས་གཉིས་པ། སྦྱོར་བས།

    གཉིས་པ་རང་ལུགས་ལ། གཞི་ཀུན་རྫོབ་པ་དང་དོན་དམ་པའི་སྡོད་ལུགས་གང་རུང་ལ་ཕྱིན་ཅི་ལོག་ཏུ་ཞེན་པ་འགོག་པའི་ཤེས་རབ་ཀྱིས་ཟིན་ཅིང། ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་འདིར་བསྟན་སེམས་དཔའི་རྣལ་འབྱོར་དེ། འདིར་བསྟན་སེམས་དཔའི་གཞི་ཤེས་སྦྱོར་བའི་མཚན་ཉིད། གོ་ཐོབ་བྱས། རྩོད་ཚེ། ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་འདིར་བསྟན་སེམས་དཔའི་རྣལ་འབྱོར་དེ། འདིར་བསྟན་སེམས་དཔའི་གཞི་ཤེས་སྦྱོར་བའི་མཚན་ཉིད། མི་རྟག་སོགས་བཅུ་དྲུག་རྟོགས་པའི་སེམས་དཔའི་དེ་དང། རང་རྒྱལ་གྱི་རྟོགས་རིགས་ཀྱི་སེམས་དཔའི་སྦྱོར་ལམ་ལྟ་བུ་མཚན་གཞི། འདིར་བསྟན་སྦྱོར་བ་ལ་གཞི་ཤེས་སྦྱོར་བས་མ་ཁྱབ་ཅིང། དབྱེ་ན་བཅུ། ས་མཚམས། ཐེག་ཆེན་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་ཡོད། གཞི་ཀུན་རྫོབ་པ་དང་དོན་དམ་པའི་སྡོད་ལུགས་གང་རུང་ལ་ལོག་པར་ཞེན་པའི་བདེན་འཛིན་གྱི་གཉེན་པོ་མེད་པའི་ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་སྦྱོར་བ་དེ། ཤུགས་བསྟན་ཐེག་དམན་གྱི་གཞི་ཤེས་སྦྱོར་བའི་མཚན་ཉིད། དེ་དང་ཐེག་དམན་གཞི་ཤེས་སྦྱོར་བ་དོན་གཅིག་སྟེ། འགྲེལ་བ་ལས། ཤུགས་ཀྱིས་ན་ཉན་ཐོས་ལ་སོགས་པ་ཡི་ནི་ཇི་སྐད་བཤད་པ་ལས་བཟློག་སྟེ་སྦྱོར་བ་ཡིན་ནོ ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། སྣང་བ་རྣམ་བདུན་བརྒྱད་སྟོང་པར་དངོས་སུ་བསྟན་པར་ཐལ། འགྲེལ་ཆེན་ལས། དངོས་སུ་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེར་བར་མ་བྲག་ཆ་བསྟན་ནས་སྔ་ཕྱི་གསུམ་གསུམ་ཤུགས་ལ་བསྟན་པའི་ཕྱིར། འགྲེལ་ཆེན་ལས། དེ་ལྟར་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་གསུངས་ལ། འདིར་ནི་མདོར་བསྡུ་བར་བཞེད་པའི། ནས། བར་མ་བསྟན་པས་ཐོག་མ་དང་ཐ་མའི་གསུམ་གསུམ་བསྟན་པ་ཞེས་གསུངས་པའི་ཕྱིར། དཔེ་དོན་སྦྱོར་ཚུལ་ནི། ཟག་བཅས་ཀྱི་རྟེན་འབྲེལ་རྣམས་ཆོས་ཅན། སྣང་ཡང་བདེན་པར་མ་གྲུབ་སྟེ། བག་ཆགས་ཡོངས་སུ་གྱུར་པའི་སྣང་བ་ཡིན་པའི་ཕྱིར། དཔེར་ན། རྨི་ལམ་བཞིན། ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེས་མཐོང་ན། །བྱུང་ནས་དགའ་ཞིང་ཤི་ནས་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་ལྟར་ཤེས་པར་གྱིས། །ཞེས་སོ། །ཆོས་ཅན་དང་ཆོས་འདྲ། རྒྱུ་རྐྱེན་མཉམ་དུ་ཚོགས་པ་ལས་བྱུང་བའི་སྣང་བ་ཡིན་པའི་ཕྱིར། དཔེར་ན། སྒྱུ་མའི་རྟ་གླང་སོགས་བཞིན། ཏིང་འཛིན་རྒྱལ་པོ་ལས། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་བོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་ལྟར་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་ལྟར་ཤེས་པར་གྱིས། །ཞེས་སོ། །དེ་དོན་དམ་པར་མེད་དེ། བདེན་པར་ཡོད་པར་འགལ་བའི་སྣང་བ་ཡིན་པའི་ཕྱིར། དཔེར་ན། སྨིག་རྒྱུ་ལ་ཆུར་སྣང་བ་བཞིན། ཏིང་འཛིན་ལས། སྨིག་རྒྱུ་ལ་ནི་ཆུར་ནི་459ཡོད་མེད་ན། །སེམས་ཅན་རྨོངས་པ་དེ་ལ་འཐུང་འདོད་དེ། །མི་བདེན་ཆུ་ནི་བཏུང་བར་460ཡོད་མི་ནུས། །ཆོས་རྣམས་ཐམས་ཅད་དེ་ལྟར་ཤེས་པར་གྱིས། །ཞེས་སོ། །དེ་བདེན་པར་མེད་དེ། རྐྱེན་ལ་རག་ལས་པའི་སྣང་བ་ཡིན་པའི་ཕྱིར། དཔེར་ན། བྲག་ཆ་བཞིན། མདོ་ལས། ཇི་ལྟར་མི་དག་ནགས་ཀྱི་ཁྲོད་འདུག་སྟེ། །གླུ་ལེན་སྨྲ་ཞིང་གད་མོ་རྒོད་པ་ལ། །བྲག་ཆ་སྣང་ཡང་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་ལྟར་ཤེས་པར་གྱིས། །ཞེས་སོ། །དེ་བདེན་པར་མེད་དེ། སྣང་ཡང་བག་ཆགས་འཇོག་བྱེད་ཀྱི་རྣམ་པ་ལས་མ་འཕོས་པའི་སྣང་བ་ཡིན་པའི་ཕྱིར། དཔེར་ན། ཆུ་ཟླ་བཞིན། མདོ་ལས། ཇི་ལྟར་ནམ་མཁའ་དྭངས་པར་ཟླ་ཤར་བ དེ་ཡི་གཟུགས་བརྙན་དྭངས་པའི་མཚོར་སྣང་ཡང། །ཟླ་བ་ཆུ་ཡི་ནང་དུ་འཕོས་པ་མེད། །ཆོས་རྣམས་ཐམས་ཅད་དེ་ལྟར་ཤེས་པར་གྱིས། །ཞེས་སོ། །དེ་བདེན་པར་མེད་དེ། བདེན་པར་གྲུབ་པའི་རྟེན་མེད་པའི་སྣང་བ་ཡིན་པའི་ཕྱིར། དཔེར་ན། ཡུལ་གྱི་ཁྱབ་པར་དང་སྤྲིན་དང་ཉེ་བའི་རྒྱུ་ལས་དྲི་ཟའི་གྲོང་ཁྱེར་གྱི་སྣང་བ་བྱུང་བ་བཞིན། དེ་བདེན་པར་མེད་དེ། དོན་དམ་པར་བྱེད་པ་པོ་མ་ཡིན་ཀྱང་བྱེད་པར་སྣང་བ་ཡིན་པའི་ཕྱིར། དཔེར་ན། སྤྲུལ་བ་རྣམས་འགྲོ་འོང་དང་སྨྲ་བརྗོད་སོགས་བྱེད་པར་སྣང་ཡང་དེར་མ་གྲུབ་པ་བཞིན། ཕྱི་མ་གཉིས་སྟོན་པར། མདོ་ལས། ཇི་ལྟར་སྤྲུལ་བ་དྲི་ཟའི་གྲོང་ཁྱེར་དང། །རྨི་ལམ་ཇི་བཞིན་སྒྱུ་མ་ཇི་བཞིན་དུ། །མཚན་མ་སྒོམ་པ་ངོ་བོ་ཉིད་ཀྱིས་སྟོང། །ཆོས་རྣམས་ཐམས་ཅད་དེ་ལྟར་ཤེས་པར་གྱིས། །ཞེས་སོ། །

(459) པར་ཐེངས་གཉིས་པ། ཡོང།

(460) པར་ཐེངས་གཉིས་པ། ཡོང།

    ཡང་ཁོ་ན་རེ། འདིའི་སྦྱོར་བ་བཅུ་ཐེག་དམན་རྟོགས་རིགས་སུ་གནས་པར་ཐལ། གཞུང་འདིས་གཞི་ཤེས་སྦྱོར་བ་བསྟན་པའི་ཕྱིར་ན་མ་ཁྱབ་སྟེ། དངོས་བསྟན་གཙོ་བོ་ཐེག་ཆེན་རྟོགས་རིགས་ཀྱི་སེམས་དཔའི་རྣལ་འབྱོར་ཡིན་ལ། ཤུགས་བསྟན་ལ་ཉན་རང་གི་གཞི་ཤེས་སྦྱོར་བ་བསྟན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་འདྲའི་སྦྱོར་ལམ་འདའ་བྱེད་མཐོང་ལམ་གྱི་རིགས་འདྲ་སྔ་མ་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། སྟོང་པ་ཉིད་ཀྱི་རྣམ་པ་ཅན་གྱི་སྦྱོར་ལམ་ནི་འོག་ནས་འཆད་པའི་འདའ་བར་བྱེད་པའི་མཐོང་ལམ་དེ་ཉིད་ཀྱི་རིགས་འདྲའི་རྒྱུ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དངོས་བསྟན་གཙོ་བོ་དེ་ལྟར་དང། ཕལ་བ་ལ་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་མི་རྟག་སོགས་རྟོགས་པའི་གཞི་ཤེས་སྦྱོར་བ་ཡོད་པའི་ཕྱིར་ཏེ། རྣམ་བཤད་ལས། དེའི་རྒྱུ་མི་རྟག་སོགས་བཅུ་དྲུག་གི་རྣམ་པ་ཅན་གྱི་བྱང་སེམས་ཀྱི་སྦྱོར་ལམ་དེ་ཉིད་ཡིན་ལ། ཞེས་གསུངས་པའི་ཕྱིར། གོང་གི་རྟགས་གཉིས་པ་གྲུབ་སྟེ། རྣམ་བཤད་ལས། ཤུགས་ཀྱིས་ཉན་རང་གི་སྦྱོར་ལམ་དུ་བདེན་འཛིན་མ་བཀག་པར་སྒོམ་པར་བསྟན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། བདེན་འཛིན་བཀག་ནས་བསྒོམ་ན་བདེན་འཛིན་གྱིས་མི་འཆིང་ཡང་དེ་ལྟར་མ་བསྒོམ་པས་དེས་བཅིངས་པར་བསྟན་པའི་ཕྱིར། གཞན་ཡང། ཀུ་མ་ར་ཤྲིས། སྦྱོར་བ་དང་མཉམ་ཉིད་ས་མཚམས་སོ་སོར་འབྱེད་པ་མི་འཐད་པར་ཐལ། དེ་གཉིས་ས་མཚམས་སོ་སོར་བྱེད་པའི་ཤེས་བྱེད་མེད་ཅིང་རིགས་པས་གནོད་པའི་ཕྱིར། དང་པོ་གྲུབ་སྟེ། གསེར་ཕྲེང་ལས། དེ་ལ་སྦྱོར་བ་ནི་དྲོད་རྩེ་མོའི་དབང་པོ་བཅུའོ། །མཉམ་པ་ཉིད་ནི་བཟོད་པ་དང་ཆོས་མཆོག་གི་སྟོབས་བཅུའོ། །ཞེས་ཟེར་བ་ལ་ནི་ཤེས་བྱེད་མེད་ཅིང། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྣམ་བཞི་དེའི་མཉམ་ཉིད་ནི་སྦྱོར་བའི་སྒོམ་ཚུལ་ཡིན་པས་སྦྱོར་བ་དེ་དང་ས་མཚམས་སོ་སོར་མི་རུང་བའི་ཕྱིར། དེར་ཐལ། རྣམ་བཞི་སྦྱོར་བའི་སྒོམ་ཚུལ་ཡིན་པ་གང་ཞིག །དེས་ན་དེ་གཉིས་ས་མཚམས་མི་གཅིག་པ་ལ་གནོད་བྱེད་དུ་འགྱུར་བའི་ཕྱིར། དང་པོ་གྲུབ་སྟེ། ཉི་སྣང་ལས། ཇི་ལྟར་ན་རྣམ་པ་བཞི་ཡིན་ཞེ་ན། གཟུགས་རློམ་སེམས་སུ་མི་བྱེད། གཟུགས་ཀྱིས་རློམ་སེམས་སུ་མི་བྱེད། གཟུགས་བདག་གི་ཞེས་རློམས་སེམས་སུ་མི་བྱེད། གཟུགས་ལ་རློམ་སེམས་སུ་མི་བྱེད་ཅེས་བྱ་བ་གང་གསུངས་པ་དང། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་སྦྱོར་བའི་སྒོམ་ཚུལ་ཡིན་པའི་ཕྱིར། འགྲེལ་ཆེན་ལས། མཉམ་པ་ཉིད་ཀྱི་སྒོ་ནས་སྦྱོར་བ་སྒོམ་དགོས་པས། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་བཞིས་སྦྱོར་ལམ་སྐབས་སུ་ཡང་དེ་ཐོབ་པ་ལ་རློམ་སེམས་བཀག་པས། རྟོགས་པ་པོ་དང་རྟོགས་ཡུལ་གྱི་ཆོས་ཐམས་ཅད་མི་དམིགས་པ་བཞིར་བཤད་པའི་ཕྱིར། འགྲེལ་ཆེན་ལས། རྟོགས་པ་པོ་དང་ཤེས་བྱའི་ཆོས་རྣམ་པ་ཐམས་ཅད་དུ་མི་དམིགས་པ་རྣམ་པ་བཞི་གསུངས་པ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་དང། གསེར་ཕྲེང་ལས། རྣམ་བཞི་དེའི་མཉམ་ཉིད་ནི་སྦྱོར་བའི་སྒོམ་ཚུལ་ལ་གསུངས་པས། ཞེས་གསུངས་སོ། །གོང་གི་རྟགས་གཉིས་པ་གྲུབ་སྟེ། གསེར་ཕྲེང་ལས། དེ་གཉིས་ས་མཚམས་མི་གཅིག་པ་ལ་གནོད་བྱེད་ཡོད་དོ། །ཞེས་གསུངས་པའི་ཕྱིར།

 

    རང་བཞིན་མཉམ་ཉིད།

    གཉིས་པ་གཞི་ཤེས་སྦྱོར་བའི་རང་བཞིན་མཉམ་ཉིད་སྟོན་པར། རྩ་བར། གཟུགས་ལ་སོགས་ལ་རློམ་མེད་པ རྣམ་བཞི་དེ་ཡི་མཉམ་པ་ཉིད། །ཅེས་བྱུང། འཕྲོས་དང་མཐའ་དཔྱད་གཉིས། དང་པོ་ནི། མདོ་ལས། གཟུགས་ལ་རློམ་སེམས་སུ་མི་བྱེད། ཅེས་པ་ནས། རྣམ་མཁྱེན་ལ་རློམ་སེམས་སུ་མི་བྱེད། ཅེས་གསུངས་པ་སྟོན་པར་འདི་བྱུང། གཉིས་པ་ནི། ཁ་ཅིག་ན་རེ། གཞིའི་དབྱེ་བ་དང་མཚན་མཚོན་དང་ཡུལ་ལ་བདེན་ཞེན་འགོག་པའི་སེམས་དཔའི་རྣལ་འབྱོར་དེ། གཞི་ཤེས་སྦྱོར་བའི་མཉམ་ཉིད་ཀྱི་མཚན་ཉིད་ཟེར་ན། འོ་ན། དེ་འདྲའི་སེམས་དཔའི་རྣལ་འབྱོར་དེ་ཆོས་ཅན། གཞི་ཤེས་སྦྱོར་བའི་འཛིན་སྟངས་ཡིན་པར་ཐལ། དེའི་འཛིན་སྟངས་མཉམ་ཉིད་ཡིན་པའི་ཕྱིར། འདོད་ན། གཞི་ཤེས་སྦྱོར་བའི་སྒོམ་པའི་ཡུལ་མཉམ་ཉིད་ཡིན་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། དངོས་པོ་མ་ཡིན་པར་ཐལ། སྟོང་ཉིད་ཡིན་པའི་ཕྱིར། འཁོར་གསུམ། གཞན་ཡང། སྐབས་འདིའི་མཉམ་ཉིད་བདེན་འཛིན་འགོག་པའི་སྦྱོར་བའི་ཡུལ་ལ་མི་བྱེད་པར་ཐལ། ཁྱོད་ཀྱིས་དེ་ཡུལ་ཅན་གཞི་ཤེས་སྦྱོར་བར་བྱེད་པའི་ཕྱིར། རྟགས་ཁས། འདོད་ན། དེ་གཞི་ཤེས་སྦྱོར་བ་ཟིན་བྱེད་སེམས་དཔའི་བདེན་འཛིན་འགོག་པའི་སྦྱོར་བའི་འཛིན་སྟངས་མ་ཡིན་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་མི་ནུས་ཏེ། རྣམ་བཤད་ལས། གཞིའི་དབྱེ་བ་དང་མཚན་མཚོན་དང་ཡུལ་ཅན་ལ་བདེན་ཞེན་འགོག་པའི་སྦྱོར་བ་དེའི་མཉམ་ཉིད་འཛིན་སྟངས་སོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། སྦྱོར་བ་དེའི་འཛིན་སྟངས་སྦྱོར་བ་དེ་ཡིན་ཟེར་ན། འོ་ན། བདེན་འཛིན་གྱི་འཛིན་སྟངས་བདེན་འཛིན་ལ་བྱེད་པར་ཐལ། སྦྱོར་བ་ལ་དེའི་ཕྱིར། འདོད་ན། བདེན་འཛིན་ཆོས་ཅན། ཁྱོད་མེད་པ་461བདེན་མེད་རྟོགས་པའི་ཡེ་ཤེས་ཀྱི་རྙེད་དོན་ཡིན་པར་ཐལ། ཁྱོད་བདེན་འཛིན་གྱི་འཛིན་སྟངས་ཡིན་པའི་ཕྱིར། ཁྱབ་སྟེ། བདེན་འཛིན་དང་462བདེན་མེད་རྟོགས་པའི་ཡེ་ཤེས་དེ་གཉིས་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་བློ་ཡིན་པའི་ཕྱིར།

(461) པར་ཐེངས་གཉིས་པ། བདེན་འཛིན།

(462) པར་ཐེངས་གཉིས་པ། བདེན་འཛིན།

    རང་ལུགས་ལ། གཞིའི་དབྱེ་བ་དང་མཚན་མཚོན་དང་ཡུལ་ཅན་ལ་བདེན་ཞེན་འགོག་པ། སྦྱོར་བ་དེའི་འཛིན་སྟངས་མཉམ་ཉིད་ཀྱི་མཚན་ཉིད། མཉམ་ཉིད་དེ་ལ་ནམ་མཁའ་ལྟ་བུ་དང་སྒྱུ་མ་ལྟ་བུའི་མཉམ་ཉིད་གཉིས་ཡོད་པ་རྣམ་པར་མི་རྟོག་པའི་གཟུངས་དང་ཏིང་ངེ་འཛིན་རྒྱལ་པོ་ལས་བཤད་པ་ལྟར་རོ། །རྩ་བའི་དབྱེ་བ་བཞི་དང་སྦྱོར་བ་བཅུའི་སྒོ་ནས་བཞི་བཅུར་བཤད། ས་མཚམས། ཚོགས་ལམ་ནས་རྒྱུན་མཐའི་བར་རོ། །

 

    མཐོང་ལམ་རྒྱས་བཤད།

    གསུམ་པ་ལ་མཐོང་ལམ་རྒྱས་པར་བཤད་པ་དང། སྒོམ་ལམ་མི་སྟོན་པའི་རྒྱུ་མཚན་གཉིས། དང་པོ་སྟོན་པར། སྡུག་བསྔལ་ལ་སོགས་བདེན་པ་ལ། །ཞེས་པ་ནས། ཀུན་ཤེས་ཉིད་ཀྱིས་སྐད་ཅིག་མ། །ཞེས་བྱུང། འཕྲོས་དང་སྦྱོར་བ་མཐའ་དཔྱད་པ་གསུམ། དང་པོ་ནི། མདོ་ལས། གཟུགས་རྟག་ཅེས་བྱ་བ་དང་མི་རྟག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །ཞེས་པ་ནས། དེ་ལྟར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་སྤྱོད་པ་ཡིན་ཏེ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །ཞེས་པའི་ཤེས་བཟོད་བཅུ་དྲུག་བསྟན་པ་དེ་སྟོན་པར་འདི་བྱུང། གཉིས་པ་ནི། ཐེག་ཆེན་གྱེི་མཐོང་ལམ་ཤེས་བཟོད་སྐད་ཅིག་བཅུ་དྲུག་ཆོས་ཅན། འདིར་བསྟན་ཐེག་ཆེན་གྱི་མཐོང་ལམ་ཡིན་ཏེ། འདའ་བྱའི་མཐོང་ལམ་འཕེན་པར་བྱེད་པའི་འདའ་བྱེད་མཐོང་ལམ་ཡིན་པའི་ཕྱིར། གསུམ་པ་ལ། ཁ་ཅིག་ན་རེ། སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དེ། སྐབས་འདིར་དངོས་སུ་བསྟན་པའི་ཐེག་ཆེན་མཐོང་ལམ་གྱི་མཚན་ཉིད་ཟེར་ན། མི་རྟག་སོགས་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འཁོར་གསུམ། རྟགས་གྲུབ་སྟེ། འདའ་བྱའི་ཐེག་ཆེན་མཐོང་ལམ་ཡིན་པའི་ཕྱིར་ཏེ། ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་གྱི་མཐོང་ལམ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཐོང་ལམ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། འདའ་བྱེད་ཀྱི་མཐོང་ལམ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། མི་རྟག་སོགས་རྟོགས་པའི་མཐོང་ལམ་ཡིན་པའི་ཕྱིར། ཡང། དེ་འདྲ་དེ་སྐབས་འདིར་དངོས་སུ་བསྟན་པའི་ཐེག་ཆེན་མཐོང་ལམ་གྱི་མཚན་ཉིད་ཟེར་ན། བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་སྙིང་རྗེ་ཆེན་པོ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། འདའ་བྱེད་ཀྱི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་ཡིན་པའི་ཕྱིར། དེར་ཐལ། ཐེག་ཆེན་གྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་ཡིན་པའི་ཕྱིར། ཁྱབ་སྟེ། དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེས་བདེན་མེད་མ་རྟོགས་པའི་ཕྱིར། དེར་ཐལ། སློབ་པའི་རྒྱུད་ཀྱི་སྙིང་རྗེ་ཡིན་པའི་ཕྱིར།

    རང་ལུགས་ལ། སྐབས་འདིར་དངོས་སུ་བསྟན་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དེ་སྐབས་འདིར་དངོས་སུ་བསྟན་པའི་ཐེག་ཆེན་གྱི་མཐོང་ལམ་གྱི་མཚན་ཉིད། དབྱེ་ན་ཤེས་བཟོད་བཅུ་དྲུག་ཡོད། སྐབས་འདིར་ཤུགས་ལ་བསྟན་པའི་ཐེག་དམན་གྱི་བདེན་པ་མངོན་རྟོགས་དེ། སྐབས་འདིར་ཤུགས་ལ་བསྟན་པའི་ཐེག་དམན་གྱི་མཐོང་ལམ་གྱི་མཚན་ཉིད། དབྱེ་ན་བཅུ་དྲུག་ཡོད།

 

    སྒོམ་ལམ་མི་སྟོན་པའི་རྒྱུ་མཚན་བཤད་པ།

    གཉིས་པ་སྟོན་པར། འགྲེལ་བ་ལས། ཉན་ཐོས་ཀྱི་ལམ་ནི་བྱང་ཆུབ་སེམས་དཔས་ཡོངས་སུ་ཤེས་པར་བྱ་བ་ཡིན་གྱི་463མངོན་དུ་བྱ་བ་ནི་མ་ཡིན་པས། སྒོམ་པའི་ལམ་ནི་མ་བསྟན་ཏེ། ཞེས་བྱུང། བོད་ཁ་ཅིག.....གཉལ་དང་བཟང་པ་སོགས། ན་རེ། འདིར་མ་བསྟན་པའི་སྒོམ་ལམ་ཉན་རང་གི་སྒོམ་ལམ་ཁོ་ནར་བྱེད་ཟེར་ན། འོ་ན། ཉན་རང་གི་སྒོམ་ལམ་དེ་ཆོས་ཅན། བྱང་སེམས་ཀྱི་མཐོང་ལམ་མན་ཆད་དུ་ཤེས་བསྐྱེད་བྱས་ནས་འདའ་བའི་འདའ་བྱའི་སྒོམ་ལམ་ཡིན་པར་ཐལ། བྱང་སེམས་ཀྱི་ཤེས་པ་དང་མཐོང་བས་བལྟས་ནས་འདའ་རྒྱུའི་སྒོམ་ལམ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། ཉི་སྣང་ལས། བྱང་ཆུབ་སེམས་དཔའི་ཤེས་པ་དང་མཐོང་བས་བལྟས་ནས་འདའོ་ཞེས་གསུངས་པས་ན་འདི་ནི་464གཞན་དོན་བྱེད་པའི་ཕྱིར་རོ ཞེས་བྱ་བར་དགོངས་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཏེ། དེ་དང་ཐུབ་དགོངས་སུ་ཡང་དེ་ལྟར་བཤད་པ་གཉིས་འཕགས་སེང་གི་བཞེད་པ་མ་ཡིན་པའི་ཕྱིར། གསེར་ཕྲེང་ལས། དེ་གཉིས་ཀ་ཡང་འཕགས་པ་དང་སློབ་དཔོན་གྱི་བཞེད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། འོ་ན་ཉན་རང་གི་སྒོམ་ལམ་བྱང་སེམས་ཀྱི་མཐོང་ལམ་མན་ཆད་དུ་རྒྱུད་ལ་སྐྱེད་རུང་བར་ཐལ། དེ་ལྟར་གདམས་པའི་ཕྱིར། འདོད་ན། བྱང་སེམས་ལ་མཐོང་ལམ་མན་ཆད་དུ་ཉན་རང་ལམ་དུ་ཞུགས་ཞེས་གདམས་པར་ཐལ་ལོ། །འདོད་པའི་ཕྱིར། གཞན་ཡང། འདིའི་མི་སྟོན་རྒྱུའི་སྒོམ་ལམ་ལ་ཐེག་ཆེན་གྱི་སྒོམ་ལམ་ཞིག་དང་ཐེག་དམན་གྱི་སྒོམ་ལམ་གཉིས་མེད་པར་ཐལ། ཁྱོད་ཀྱིས་ཐེག་དམན་གྱི་སྒོམ་ལམ་ཁོ་ན་མི་སྟོན་རྒྱུར་བཤད་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། མི་སྟོན་རྒྱུའི་སྒོམ་ལམ་ལ་མི་རྟག་སོགས་རྟོགས་པའི་ཐེག་ཆེན་གྱི་སྒོམ་ལམ་ཞིིག་ཀྱང་ཡོད། དེ་ལ་མི་རྟག་སོགས་རྟོགས་པའི་ཉན་རང་གཉིས་ཀྱི་སྒོམ་ལམ་ཞིག་ཀྱང་ཡོད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། རྟོགས་དཀའ་ལས། ཐམས་ཅད་ཤེས་པ་ཉིད་ལ་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དག་གི་སྒོམ་པའི་ལམ་སོ་སོར་མེད་ཅེ་ན། ཞེས་པའི་དྲིས་ལན་དུ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕུན་ཚོགས་ནི་བྱང་ཆུབ་སེམས་དཔའི་ཤེས་པ་དང་མཐོང་བས་བལྟས་ནས་འདའ་བར་བྱའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གསེར་ཕྲེང་ལས། ལན་དང་པོ་བྱང་སེམས་ཀྱི་སྒོམ་ལམ་དང། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ལན་གཉིས་པས་ཉན་ཐོས་ཀྱི་སྒོམ་ལམ་མི་སྟོན་པའི་རྒྱུ་མཚན་དུ་སྦྱར་བའི་ཕྱིར། དེར་ཐལ། རྟོགས་དཀའ་ལས། ཉན་ཐོས་ལ་སོགས་པ་ལ་ཡང་ཇི་ལྟར་མཐོང་བའི་དོན་ཉིད་ཡང་དང་ཡང་དུ་མངོན་དུ་བྱེད་པ་སྒོམ་ལམ་ཡིན་པས་གོ་སླ་བའི་ཕྱིར་མ་གསུངས་སོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ལན་གཉིས་པ་དེས་ཉན་ཐོས་ཀྱི་སྒོམ་ལམ་མ་བསྟན་ཀྱང་གོ་སླ་བར་བཤད་པའི་ཕྱིར་ཏེ། གསེར་ཕྲེང་ལས། གཉིས་པ་ཉན་ཐོས་ཀྱི་སྒོམ་ལམ་མི་སྟོན་པའི་རྒྱུ་མཚན་དུ་སྦྱར་བ་ཉིད་སློབ་དཔོན་གྱི་དགོངས་པའོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། སྐབས་འདིར་དངོས་སུ་མ་བསྟན་པའི་སྒོམ་ལམ་ཡིན་ན། སྐབས་འདིར་དངོས་སུ་མི་སྟོན་རྒྱུའི་སྒོམ་ལམ་ཡིན་པས་ཁྱབ་ཟེར་ན། ཉན་ཐོས་ཀྱི་སྒོམ་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། བྱང་ཆུབ་སེམས་དཔའི་རང་རྒྱུད་ལ་ཤེས་བསྐྱེད་བྱ་རྒྱུའི་དེ་མ་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། སྐབས་འདིར་དངོས་སུ་བསྟན་པའི་སྒོམ་ལམ་ཡིན་ན། ཐེག་དམན་རྟོགས་རིགས་ཡིན་པས་ཁྱབ་ཟེར་བ་དང། ཁ་ཅིག །དེ་ཡིན་ན། བྱང་སེམས་སྒོམ་ལམ་པས་གཙོ་བོར་མི་སྒོམ་པས་ཁྱབ་ཟེར་རོ། །དེ་གཉིས་ལ་འོ་ན། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་སྒོམ་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། ཤེས་སྒྲིབ་སྤོང་ཕྱིར་དུ་གོམས་པ་ལྷུར་ལེན་གྱིས་བསྒོམ་པ་ཡིན་པའི་ཕྱིར། གྲ་ཆུང་ཡོན་རྒྱམ་ན་རེ། མི་རྟག་སོགས་བཅུ་དྲུག་གོམས་པ་ལྷུར་ལེན་གྱིས་བསྒོམ་པའི་ཐེག་ཆེན་སྒོམ་ལམ་དེ། སྐབས་འདིར་དངོས་སུ་མི་སྟོན་རྒྱུའི་སྒོམ་ལམ་ཟེར་ན། འོ་ན། དེ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉོན་མོངས་སྤང་བྱའི་གཙོ་བོར་བྱེད་པའི་བྱང་སེམས་སྒོམ་ལམ་པ་ཡོད་པར་ཐལ་ལོ། །འདོད་པའི་ཕྱིར།

(463) པར་ཐེངས་གཉིས་པ། མངོན་སུམ་དུ་བྱ་བ་མ་ཡིན་པས།

(464) པར་ཐེངས་གཉིས་པ། གཞན་གཙོར།

    རང་ལུགས་ལ། སྐབས་འདིར་མི་སྟོན་རྒྱུའི་སྒོམ་ལམ་ཡིན་ན། བྱང་ཆུབ་སེམས་དཔས་ཤེས་མཐོང་གིས་བལྟས་ནས་འདའ་བར་465བྱ་བའི་སྒོམ་ལམ་ཡིན་དགོས། མངོན་དུ་བྱ་བའི་མངོན་རྟོགས་མ་ཡིན་དགོས། འོ་ན། སྐབས་གསུམ་པར་བསྟན་པའི་སྒོམ་ལམ་ཡོད་དམ་མེད་སྙམ་ན་ཡོད་དེ། བདེན་མེད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་མཐོང་ལམ་གྱི་རིགས་འདྲར་གྱུར་པའི་སྒོམ་ལམ་དེ་སྐབས་འདིར་མཐོང་ལམ་གྱི་ཤུགས་ལ་བསྟན་པའི་སྒོམ་ལམ་ཡིན་ཏེ། སྐབས་དང་པོ་དྲུག་ཏུ་སྦྱོར་མཐོང་སྒོམ་གསུམ་ལན་དྲུག་བསྟན་པར་བཤད་པའི་ཕྱིར་རོ། །

(465) ཕར་ཐེངས་གཉིས་པ། བྱེད་པའི།

 

སྨྲས་པ།

འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་རྒྱན་རྩེར། །

མཁྱེན་བརྩེ་ནུས་པའི་ཞབས་སེན་ངལ་གསོ་ཞིང། །

ཕུན་ཚོགས་གྲགས་པའི་དྲི་བསུང་ཕྱོགས་ཀུན་འགེངས། །

རྒྱལ་བ་གཉིས་པས་དུས་ཀུན་དགེ་ལེགས་སྩོལ། །

    ཐེག་པ་གསུམ་གྱི་གཞི་ཤེས་དོན་མ་ལུས། །ཕྲ་ཞིབ་འཕགས་སེང་དགོངས་དོན་གླུར་བླངས་པས། །རྣམ་སད་པི་ཝང་བསྒྱུར་བའི་སྒེག་མོ་དེ། །ཕྱོགས་འདིར་འོངས་སམ་སྐྱེ་རྒུའི་ཡིད་དབང་འཕྲོག །ཅེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐའ་དཔྱོད་ནོར་བུའི་ཕྲེང་མཛེས་མཁས་པའི་མགུལ་རྒྱན་ལས་སྐབས་གསུམ་པའི་དོན་ལེགས་པར་བཤད་ཟིན་ཏོ།། །སརྦ་མངྒ་ལཾ།

 

                                                                                                                           རྩོམ་སྒྲིག་པ། མང་ར་བ།

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                       དྲ་བའི་སྦྲེལ་ཐགhttp://www.tb1025.cn  

བརྒྱུད་འགོད།