ཀུན་མཁྱེན་ཕར་ཕྱིན་ལས་སྐབས་གསུམ་པ་གཞི་ཤེས་ཀྱི་ཉེ་རིང་གི་རྒྱུ་མཚན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-01-09 19:09:13     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 296984669509180833.jpg

                      ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མཐའ་དཔྱོད་ནོར་བུའི་ཕྲེང་མཛེས་མཁས་པའི་མགུལ་རྒྱན་ལས་སྐབས་གསུམ་པ་བཞུགས་སོ། །

                                                                              མཆོད་བརྗོད།

ན་མསྶྭ་ར་སྶྭ་ཏྱཻ།

སྟོབས་བཅུའི་ལྷུན་པོས་མི་མཐུན་རླུང་མནན་ཞིང། །

སྐུ་བཞིའི་བང་རིམ་མཆོག་ཏུ་འཕགས་པའི་རྩེར། །

མཁྱེན་པའི་སྤྱན་སྟོང་འགྲོ་ལ་རྟག་གཟིགས་པ། །

སྟོན་པ་ལྷ་མིའི་དབང་པོས་འགྲོ་འདི་སྐྱོངས། །

 

    ཉེ་རིང་གི་རྒྱུ་མཚན།

    དེ་ལ་འདིར་གསུམ་པ་གཞི་ཤེས་བཤད་པ་ལ། མཚམས་སྦྱར་བ། ལེའུའི་གཞུང་བཤད་པ། སྐབས་བསྡུ་བ་དང་གསུམ། དང་པོ་སྟོན་པར། གཞི་ཐམས་ཅད་ཡོངས་སུ་ཤེས་པ་མེད་པར་450ལམ་ཤེས་པ་ཉིད་མེད་པས་ཐམས་ཅད་ཤེས་པ་ཉིད། ཅེས་བྱུང། གཉིས་པ་ལ། གཞི་ཤེས་ཀྱི་རང་བཞིན་དང། མཁྱེན་གསུམ་གྱི་མཇུག་བསྡུ་གཉིས། དང་པོ་ལ། ཉེ་རིང་གི་ལམ་བཤད་པ་དང། གཞི་ཤེས་སྦྱོར་བ་དང། སྦྱོར་བ་བསྒོམས་པའི་འབྲས་བུ་གསུམ། དང་པོ་ལ། ཉེ་རིང་གི་རྒྱུ་མཚན་དང། རྒྱུ་མཚན་དེ་སྒྲུབ་པ་དང། མི་མཐུན་ཕྱོགས་དང་གཉེན་པོའི་དབྱེ་བ་གསུམ། དང་པོ་སྟོན་པར། ཚུ་རོལ་ཕ་རོལ་མཐའ་ལ་མིན། །ཞེས་སོགས་ཚིགས་བཅད་རྩ་འགྲེལ་གཉིས་བྱུང། གཉིས་པ་སྟོན་པར། དེ་ནི་མཚན་མར་དམིགས་སྒོ་ནས། །ཞེས་སོགས་ཚིགས་བཅད་རྩ་འགྲེལ་བྱུང། གསུམ་པ་སྟོན་པར། གཟུགས་སོགས་ཕུང་པོ་སྟོང་ཉིད་དང། །ཞེས་པ་ནས། ཇི་སྐད་བཤད་པ་འདིར་ཤེས་བྱ། །ཞེས་བྱུང། འདི་དག་ལ་འཕྲོས་དང་མཐའ་དཔྱད་པ་གཉིས། དང་པོ་ནི། མདོ་ལས། བྱང་ཆེན་རྣམས་ཀྱི་ཤེར་ཕྱིན་ནི་ཕ་རོལ་གྱི་མཐའ་མ་ལགས། ཚུ་རོལ་གྱི་མཐའ་མ་ལགས། གཉིས་ཀའི་མཐའ་ལ་མི་གནས་པ་ལགས་སོ། །ཞེས་སོགས་ཀྱི་དོན་སྟོན་པར་འདི་བྱུང། མཐའ་དཔྱད་པ་ལ་གསུམ་ལས། དང་པོ་ལ་ཁ་ཅིག་ན་རེ། སྐབས་འདིར་གཙོ་བོར་བསྟན་པའི་གཞི་ཤེས་ཡིན་ན། ཐེག་ཆེན་གྱི་གཞི་ཤེས་ཡིན་པས་ཁྱབ་ཟེར་ན། འོ་ན། དེ་ལ་མི་མཐུན་ཕྱོགས་ཀྱི་གཞི་ཤེས་མེད་པར་ཐལ། འདོད་པ་དེའི་ཕྱིར། འཁོར་གསུམ། འདོད་མི་ནུས་ཏེ། དེ་གཙོ་བོར་བསྟན་པ་མི་མཐུན་ཕྱོགས་དོར་བའི་ཆེད་ཡིན་པའི་ཕྱིར་ཏེ། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ཀྱང། འདི་མན་ཆད་ནི་ཐམས་ཅད་ཤེས་པ་ཉིད་དེ་བྱང་ཆུབ་གཞན་ཤེས་པར་བྱའོ། །ནས། སྤང་བར་བྱ་དགོས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། བྱང་ཆུབ་གཞན་དང་སྤང་བར་བྱ་དགོས་གསུངས་པ་གཉིས་ཀྱི་དོན་ཡོད་པའི་ཕྱིར། རྣམ་བཤད་ལས། སློབ་དཔོན་སངས་རྒྱས་ཡེ་ཤེས། ཞེས་སོགས་དང། ལམ་ཤེས་ཀྱི་གོལ་ས་ཤེས་པའི་ཆེད་དུ་མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཀྱང་བསྟན་མོད་ཀྱི། ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སྐབས་གསུམ་པའི་ཆེད་དུ་བྱ་བའི་གདུལ་བྱ་ཉན་རང་གི་རིགས་ཅན་ཡོད་པར་ཐལ། འདིས་མི་མཐུན་ཕྱོགས་ཀྱི་གཞི་ཤེས་བསྟན་པའི་ཕྱིར་ན་མ་ཁྱབ་སྟེ། དེ་བསྟན་པ་བྱང་སེམས་ཀྱི་ཆེད་དུ་ཡིན་པའི་ཕྱིར་ཏེ། དེ་ཐེག་དམན་དུ་མི་ལྟུང་བའི་ཆེད་དུ་བསྟན་པའི་ཕྱིར། ཉི་སྣང་ལས། ཐབས་མ་ཡིན་པས་རིང་བ་སྟེ། །ཞེས་བྱ་བ་ནི། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་བའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐབས་མི་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དམིགས་པའི་ཚུལ་གྱིས་ཤེས་པར་བགྱིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདོར་བར་འགྱུར། རིང་དུ་བྱེད་པར་འགྱུར་རོ ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། བྱང་ཆུབ་སེམས་དཔའི་ཐེག་པ་བ་ཞེས་དང་འདོར་བ་དང་རིང་བ་གཉིས་བཤད་པའི་ཕྱིར། ཁྱབ་སྟེ། དེ་ཚེ་འདི་དང་ཕྱི་མའི་དབང་དུ་བྱས་པའི་ཕྱིར། ཉི་སྣང་ལས། འདིའི་ཚེ་དང་ཕྱི་མའི་ཚེ་ལ་ལྟོས་ནས་ཚིག་གཉིས་སོ། །ཞེས་གསུངས་པའི་ཕྱིར། ཨེ་མ་འདི་ལ་བལྟས་ན་དབུ་མ་བའི་ལྟ་བ་ལ་འབད་དགོས་གསུངས་པ་རེད་དོ། །

(450) པར་ཐེངས་གཉིས་པ། ལམ་ལེགས་པར་ཡོངས་སུ་ཤེས་པ་ཉིད།

    དེ་ལ་ཁོ་ན་རེ། ཚིགས་བཅད་དང་པོ་འདིའི་སྐབས་ནས་གཙོ་བོར་བསྟན་པའི་གཞི་ཤེས་ལ་འབྲས་ཡུམ་ལ་ཉེ་བས་ཁྱབ་པར་ཐལ། དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཚིག་དང་པོས་དངོས་བསྟན་ལས་བཟློག་པའི་འབྲས་ཡུམ་ལ་རིང་བའི་ཉན་རང་གི་དེ་བསྟན་པའི་ཕྱིར། དེར་ཐལ། དེེ་ལྟར་བསྟན་པ་གང་ཞིག །དེས་ན་འཁོར་མཐའ་དང་ཞི་མཐར་གནས་པའི་ཕྱིར། དང་པོ་གྲུབ་སྟེ། འགྲེལ་ཆེན་ལས། ཀུན་ཤེས་པ་ཉིད་ཀྱི་སྐབས་སུ་བཟློག་སྟེ་བསྟན་ནས་ཉན་ཐོས་ལ་སོགས་པ་ལ་དུས་གསུམ་མཉམ་པ་ཉིད་དུ་ཤེས་པ་མེད་པའི་ཕྱིར། ཡང་དག་པའི་ཕར་ཕྱིན་དང་རིང་བར་གྱུར་པ་ཡིན་པས། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཡང་དག་པའི་ཤེས་རབ་ཀྱི་ཕར་ཕྱིན་ལ་བྱང་སེམས་དང་སངས་རྒྱས་གཉིས་ཀའི་དེ་ཡོད་པས་འབྲས་ཡུམ་ཁོ་ནས་མ་ཁྱབ་པའི་ཕྱིར། གསེར་ཕྲེང་ལས། འདིར་ཉེ་རིང་དུ་འགྱུར་བའི་ཡུམ་འབྲས་ཡུམ་ལ་འདོད་པ་ནི་རྒྱ་ཆུང་སྟེ། ཚིགས་བཅད་འདིས་ཟིན་པའི་ཡུམ་དེ་བྱང་སེམས་ལ་ཡོད་པར་མདོ་འགྲེལ་ཐམས་ཅད་ལས་གསུངས་པས་སོ། །ཞེས་གསུངས་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། དེ་དག་ཞི་མཐའ་འགོག་པའི་སྙིང་རྗེ་དང་བྲལ། སྲིད་མཐའ་འགོག་པའི་བདག་མེད་རྟོགས་པའི་ཤེས་རབ་དང་བྲལ་བས་སྲིད་ཞི་གཉིས་ཀའི་མཐར་ལྷུང་བའི་ཕྱིར། འགྲེལ་ཆེན་ལས། སྙིང་རྗེ་དང་ཤེས་རབ་དང་བྲལ་བ་ཡིན་པའི་ཕྱིར། དངོས་པོ་དང་དངོས་པོ་མེད་པར་དམིགས་པ་ཉིད་ཀྱིས་འཁོར་བའམ་མྱ་ངན་ལས་འདས་པ་ལ་གནས་པ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར།

    ཡང་སྐབས་འདིའི་མཐར་ལྷུང་བ་དང་མཐའ་ལ་གནས་པར་བཤད་པའི་མཐའི་དོན་གང་ཡིན་ཞེ་ན། ཁ་ཅིག་ན་རེ། གང་དུ་ལྷུང་ན་ཉམས་ཉེས་པར་འགྱུར་བ་ལ་འཇིག་རྟེན་ན་མཐའ་ཞེས་བརྗོད་པ་ལྟར་འདིར་ལྷུང་བས་ཀྱང་སྐྱེས་བུ་སྡུག་བསྔལ་བར་འགྱུར་བས་མཐའ་ཞེས་བརྗོད་ཟེར་ན། འདིའི་སྲིད་ཞི་གང་རུང་གི་མཐར་ལྷུང་ན་སྡུག་བསྔལ་དང་ལྡན་པས་ཁྱབ་པར་ཐལ། ཁྱོད་ཀྱི་མཐའི་སྒྲ་དོན་འཐད་པའི་ཕྱིར། འདོད་ན། ཞི་བའི་དབྱིངས་ལ་གནས་པའི་ཉན་རང་དགྲ་བཅོམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འཁོར་གསུམ་ཁས། རྟགས་གྲུབ་སྟེ། ཀུན་རྫོབ་དང་དོན་དམ་གཉིས་ལ་ལྟོས་ནས་སྲིད་ཞི་གཉིས་ཀའི་མཐར་ལྷུང་བའི་ཕྱིར། ལང་གཤེགས་ལས། དཔེར་ན་ཤིང་ནི་རྒྱ་མཚོ་རུ། །རྦ་རླབས་རྣམས་ཀྱིས་རབ་གཡེངས་པ། །དེ་བཞིན་ཉན་ཐོས་རྨོངས་པ་ཡང། །མཚན་ཉིད་ཀྱིས་ནི་རབ་ཏུ་གཡེང། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་འཁོར་བའི་རྒྱ་མཚོར་མ་བྱིང་བ་དང། རྦ་རླབས་ཀྱི་དཔེས་བདེན་མེད་མ་རྟོགས་པས་སྲིད་ཞིའི་མཐར་གནས་པར་བསྟན་པའི་ཕྱིར། དབུ་མ་སྣང་བ་ལས། འདི་ལ་ཤིང་དང་རྒྱ་མཚོའི་དཔེས་ནི་འཁོར་བའི་རྒྱ་མཚོར་མ་བྱིང་བར་བསྟན་ཏོ། །རྦ་རླབས་ཀྱི་དཔེས་ནི་མཚན་ཉིད་ལ་མངོན་པར་ཞེན་པའི་དབང་གིས་གཅིག་ཏུ་ཡོངས་སུ་མྱ་ངན་ལས་འདས་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དགྲ་བཅོམ་དེ་དག་ཞི་བདེའི་ཏིང་ངེ་འཛིན་གྱིས་ཐུགས་འཕྲོག་ཅིང་བསྐལ་བར་འདའ་བའི་ཕྱིར། ལང་གཤེགས་ལས། ཏིང་ངེ་འཛིན་གྱི་མྱོས་པས་མྱོས། །ཟག་པ་མེད་པའི་དབྱིངས་ལ་གནས། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དབུ་མ་སྣང་བ་ལས། ཟག་པ་མེད་པའི་ཏིང་ངེ་འཛིན་དང་ལྡན་པའི་ཕྱིར། ཟག་པ་མེད་པའི་དབྱིངས་ལ་བསྐལ་བའི་བར་དུ་གནས་པ་འགའ་ཞིག་ཏུ་ཟད་དོ། །ཞེས་དང། རྣམ་བཤད་ལས། ཞི་བདེའི་ཕན་ཡོན་སེམས་པའི་བློ་ཤུགས་དྲག་པས་དགྲ་བཅོམ་ཐོབ་ནས། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སངས་རྒྱས་ཀྱིས་ཞི་བདེའི་དབྱིངས་ལས་སད་པར་བྱས་ནས་ཐེག་ཆེན་དུ་བསྐུལ་ཀྱང་ད་དུང་ཞི་བའི་དབྱིངས་སུ་ཡང་ཡང་སྙོམས་པར་འཇུག་གི །བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྗེས་སུ་ལྡང་སེམས་མེད་པར་སྙོམས་པར་མི་འཇུག་ཀྱང་ཡང་ཡང་སྙོམས་པར་འཇུག་པའི་ཕྱིར། དེར་ཐལ། དེའི་རྒྱུ་མཚན་གྱིས་ཐེག་ཆེན་གྱི་རིགས་ངེས་ལས་འཚང་རྒྱ་བ་བུལ་བའི་ཕྱིར། མདོ་སྡེ་རྒྱན་ལས། མྱ་ངན་འདས་ལ་མངོན་དགའི་ཕྱིར། །རྟོགས་པ་བུལ་བ་ཡིན་པར་འདོད། །ཅེས་དང། རྣམ་བཤད་ལས། འོད་ཟེར་གྱིས་བསྐུལ་ནས་སད་པར་བྱས་པ་ན་ཡང། ཡང་དང་ཡང་དུ་ཞི་བའི་དབྱིངས་སུ་སྙོམས་པར་འཇུག་ཅིང། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་རྗེས་སུ་ཡང་ཡུན་རིང་བོའི་བར་དུ་ཞི་བའི་དབྱིངས་སུ་མཉམ་པར་བཞག་པར་བྱ་བ་མ་ཡིན་པར་རྟོགས་ཀྱང། ཞེས་གསུངས་པའི་ཕྱིར།

    གཞན་ཡང། མཐའི་སྒྲ་དོན་ཁྱོད་ཀྱི་དེ་མི་འཐད་པར་ཐལ། འདིར་མཐའི་དོན་ཟད་པ་དང། མཇུག་གི་ཆ་དང། སྨད་པ་གསུམ་ལ་བྱེད་དགོས་པའི་ཕྱིར། དེར་ཐལ། དང་པོ་གང་ཞིག །གཉིས་པ་ཡང་ཡིན། གསུམ་པ་ཡང་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། འཁོར་བ་ཟད་པ་མཐའ་དང། དེ་གཅིག་པུ་ལ་རང་དོན་དུ་ཞེན་པ་འཁོར་མཐར་ལྷུང་བའི་ཚད་ཡིན་པའི་ཕྱིར་ཏེ། དཔེར་ན་སྡུག་བསྔལ་ཟད་པར་བྱས་པ་ལ་སྡུག་བསྔལ་མཐར་འབྱིན་པར་བཤད་པ་ལྟ་བུ་ཡིན་པའི་ཕྱིར་རོ། །རྣམ་བཤད་རིགས་པ་ལས། མཐའ་ནི་ཟད་དང་མཇུག་ཆ་དང། །ཉེ་དང་ཕྱོགས་དང་སྨད་པ་ལའོ། །ཞེས་གསུངས་པའི་མཐའི་དོན་ལྔའི་ནང་གི་ཟད་པར་བྱེད་པའི་ཕྱིར། རྣམ་བཤད་རིགས་པ་ལས། མཐའི་སྒྲ་ཟད་པ་ལ་ནི་སྡུག་བསྔལ་གྱི་མཐར་འབྱིན་ཞེས་བྱུང་བ་ལྟ་བུའོ ཞེས་གསུངས་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། འཁོར་བའི་མཇུག་གི་མཐའ་ཆ་སྲིད་པའི་མཐའ་དང། དེ་ལ་རང་གཅིག་པུའི་དོན་དུ་ཐོབ་འདོད་ལྷུར་ལེན་པ་འཁོར་མཐར་ལྷུང་བའི་ཚད་ཡིན་པའི་ཕྱིར་ཏེ། དཔེར་ན་འཚོའི་རྗེས་མའི་ཆ་ལ་འཚོའི་མཐར་བཞག་པ་ལྟ་བུ་ཡིན་པའི་ཕྱིར། རྣམ་བཤད་རིགས་པ་ལས། མཇུག་མ་ལ་ནི་འཚོ་བའི་མཐའ་ནི་འཆི་བ་ཞེས་འབྱུང་བ་དང། ཞེས་གསུངས་པའི་ཕྱིར། རྩ་རྟགས་གསུམ་པ་གྲུབ་སྟེ། སྨད་ནི་451ཞི་བ་རབ་དང་མཐའ་མ་གཉིས་ཀྱི་མཐའ་འམ་ཐ་ཆད་དམ་ཞི་བའི་རྒུད་པ་ལ་འདིར་ཞི་མཐའ་དང་དེ་རང་དོན་དུ་གཅིག་ཏུ་ལྷུར་ལེན་པ་ཞི་མཐར་ལྷུང་བའི་དོན་ཡིན་པའི་ཕྱིར་ཏེ། དཔེར་ན་སྲོག་འཚོ་བའི་ཐབས་ངན་པའམ། ཐ་ཆད་ལ་མཐར་བཤད་པ་ལྟ་བུ་ཡིན་པའི་ཕྱིར། རྣམ་བཤད་རིགས་པ་ལས། སྨད་པ་ནི་འཚོ་བ་རྣམས་ཀྱི་མཐའ་སྟེ་འདི་ལྟ་སྟེ་སློང་མོའོ་ཞེས་བྱ་བ་ལྟ་བུ་སྟེ་ཐ་ཆད་དོ་ཞེས་བྱ་བར་མངོན། ཞེས་གསུངས་པའི་ཕྱིར། སྤྲོས་པས་ཆོག་གོ །

(451) པར་ཐེངས་གཉིས་པ། ཞི་བ་དང།

    ཁ་ཅིག་བྱང་སེམས་ཀྱི་སྙིང་རྗེ་ཆེན་པོ་དེ་སྲིད་ཞི་གཉིས་ཀའི་མཐའ་འགོག་བྱེད་ཡིན་ཟེར་ན། འོ་ན། དེ་ཆོས་ཅན། སྲིད་མཐའ་འགོག་བྱེད་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འཁོར་གསུམ། འདོད་ན། མདོ་ལས། ཤེར་ཕྱིན་ནི་ཚུ་རོལ་གྱི་མཐའ་མ་ལགས། ཞེས་པའི་དངོས་བསྟན་གྱི་ལམ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མདོ་ལས། གཉིས་ཀའི་བར་ན་ཡང་མི་གནས་པ་ལགས་ཞེས་པའི་དངོས་བསྟན་གྱི་ལམ་ཡང་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ལམ་ཤེར་ཕྱིན་ལ་མི་རྟག་སོགས་རྟོགས་པའི་ཤེས་རབ་དང་སྙིང་རྗེ་ཆེན་པོ་དང་སྟོང་ཉིད་རྟོགས་པའི་བློ་གསུམ་གྱི་ལག་རྗེས་སོ་སོར་བཞག་མི་རིགས་ཐལ། དེ་མདོ་ཚན་གསུམ་གའི་དངོས་བསྟན་གྱི་ལམ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་གསུམ་ལག་རྗེས་སོ་སོར་མེད་ན། མཐའ་གསུམ་སོ་སོར་མདོ་ལས་བཤད་པ་དོན་མེད་པའི་ཕྱིར། འདོད་མི་ནུས་ཏེ། དང་པོས་ཚུ་རོལ་སྲིད་མཐའ་འགོག །གཉིས་པས་ཕ་རོལ་ཞི་མཐའ་འགོག །གསུམ་པས་དེ་གཉིས་ཀྱི་བར་ན་ཡང་དོན་དམ་པར་མཐའ་ལ་གནས་པ་འགོག་པའི་ཕྱིར། རྣམ་བཤད་ལས། ལམ་ཤེར་ཕྱིན་འདི་ལ་མི་རྟག་སོགས་རྟོགས་པའི་ཤེས་རབ་དང། སྙིང་རྗེ་ཆེན་པོ་དང། སྟོང་ཉིད་རྟོགས་པ་སོགས་དུ་མ་ཡོད་པས་ལག་རྗེས་མི་འདྲ་བ་སོ་སོར་བཞག་ན། ཞེས་གསུངས་པའི་ཕྱིར། མདོ་ལས་ཀྱང། བྱང་ཆེན་རྣམས་ཀྱི་ཤེར་ཕྱིན་ནི་ཕ་རོལ་གྱི་མཐའ་མ་ལགས། ཚུ་རོལ་གྱི་མཐའ་མ་ལགས། གཉིས་ཀའི་བར་ན་ཡང་མི་གནས་པ་ལགས། ཞེས་སོ་སོར་ཕྱེ་ནས་གསུངས་པའི་ཕྱིར། གཞན་ཡང། སྟོང་ཉིད་རྟོགས་པའི་ལམ་ཤེར་ཕྱིན་ཀུན་རྫོབ་ལ་ལྟོས་པའི་སྲིད་ཞིའི་མཐའ་གཉིས་འགོག་བྱེད་ཡིན་པར་ཐལ། མདོ་དང་པོ་གཉིས་ཀྱི་དངོས་བསྟན་རེ་རེ་ནས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། སྟོང་ཉིད་གཅིག་པུར་སྒོམ་ན་ཞི་མཐར་ལྷུང་བའི་ཕྱིར། དེར་ཐལ། དེས་ཉན་ཐོས་བཞིན་དུ་སངས་རྒྱས་ཀྱི་མཛད་པ་བྱེད་མི་ནུས་པའི་ཕྱིར། དེར་ཐལ། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་སྨོན་ལམ་དང་ཐབས་སྙིང་རྗེ་ཆེན་པོ་དང་བྲལ་བའི་ཕྱིར། མདོ་ལས། མ་ཕམ་པ་ཁྱོད་ཀྱིས་ཀྱང་བསྐལ་བ་དྲུག་ཅུར་སྦྱིན་པའི་ཕར་ཕྱིན་ཡང་དག་པར་སྒྲུབ། ཅེས་པ་ནས། དེ་ལ་ནི་མི་བླུན་པོ་དེ་དག་འདི་སྐད་དུ། ཚུལ་གཅིག་ཁོ་ནས་བྱང་ཆུབ་སྟེ། འདི་ལྟ་སྟེ། སྟོང་པ་ཉིད་ཀྱིས་ཚུལ་གྱིས་ཟེར་ཏེ། དེ་དག་སྤྱོད་པ་ཡོངས་སུ་མ་དག་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སྔར་བཤད་པ་ཉན་ཐོས་བཞིན་དུ་འཚང་མི་རྒྱ་བར་བཤད་པའི་ཕྱིར། སྒོམ་རིམ་བར་བ་ལས། ཐབས་དང་བྲལ་ན་བྱང་ཆུབ་སེམས་དཔའི་ཤེས་རབ་འབའ་ཞིག་གིས་ནི་ཉན་ཐོས་བཞིན་དུ་སངས་རྒྱས་ཀྱི་མཛད་པ་བྱེད་མི་ནུས་ཀྱི། ཐབས་ཀྱིས་བསྐང་ན་ནུས་པར་འགྱུར་ཏེ། ཞེས་གསུངས་པའི་ཕྱིར།

    གཞན་ཡང། སྟོང་ཉིད་རྟོགས་པའི་བློ་ཁོ་ན་སྲིད་ཞིའི་མཐའ་འགོག་བྱེད་མ་ཡིན་པར་ཐལ། བྱང་སེམས་ཀྱིས་ཀྱང་སྙིང་རྗེ་ཆེན་པོ་དང་ཕྱིན་དྲུག་གི་ཐབས་མེད་པར་སྟོང་ཉིད་རྟོགས་པའི་ཤེས་རབ་ཁོ་ན་བསྟན་ན་ཐེག་དམན་གྱི་མྱང་འདས་སུ་ལྟུང་བའི་ཕྱིར། དེར་ཐལ། དེས་ན་མི་གནས་པའི་མྱང་འདས་མི་འཐོབ་པའི་ཕྱིར། དཔེར་ན། ས་བརྒྱད་པར་སངས་རྒྱས་ཀྱིས་བསྐུལ་བའི་དགོས་པ་དེའི་ཕྱིར། དྲི་མ་མེད་པར་གྲགས་པའི་མདོ་ལས། ཐབས་ཀྱིས་མ་ཟིན་པའི་ཤེས་རབ་ནི་འཆིང་བའོ། །ཞེས་གསུངས་པའི་ཕྱིར་དང། སྒོམ་རིམ་བར་པ་ལས། བྱང་ཆུབ་སེམས་དཔའི་ཤེས་རབ་ཙམ་བསྟན་ན་ནི་ཉན་ཐོས་ཀྱིས་འདོད་པའི་མྱ་ངན་ལས་འདའ་བར་ལྟུང་བས་འཆིང་བ་བཞིན་དུ་འགྱུར་ཏེ། མི་གནས་པའི་མྱ་ངན་ལས་འདས་པའི་གྲོལ་བར་མི་འགྱུར་རོ། །དེས་ན་ཐབས་དང་བྲལ་བའི་ཤེས་རབ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆིང་བའོ། །ཞེས་གསུངས་པའི་ཕྱིར། བདེན་འཛིན་ཤེས་སྒྲིབ་སྤངས་ན། ཆོས་ཐམས་ཅད་མཁྱེན་དགོས་པའི་ཕྱིར། གཞན་ཡང། བྱང་སེམས་ཀྱི་སྙིང་རྗེ་ཆེན་པོ་དེེ་སྲིད་ཞི་གཉིས་ཀའི་མཐའ་འགོག་བྱེད་ཡིན་པར་ཐལ། དེ་མདོ་ཚན་དང་པོ་གཉིས་ཀའི་དངོས་བསྟན་གྱི་ལམ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཁོ་ན་བསྟན་ན་འཕགས་ལམ་ཙམ་ཡང་མི་ཐོབ་པས་ཤིན་ཏུ་བཅིངས་པ་ཁོ་ན་ཡིན་པའི་ཕྱིར། དྲི་མ་མེད་པར་གྲགས་པའི་མདོ་ལས། ཤེས་རབ་གྱིས་མ་ཟིན་པའི་ཐབས་ནི་འཆིང་བའོ། །ཞེས་དང། སྒོམ་རིམ་བར་པ་ལས། ཐབས་ཙམ་ཞིག་བསྟན་ན་ཡང་བྱང་ཆུབ་སེམས་དཔའ་སོ་སོ་སྐྱེ་བོའི་ས་ལས་མི་འདའ་བས་ཤིན་ཏུ་བཅིངས་པ་ཁོ་ནར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ཡང་རོང་ཊཱིཀ་པ་ན་རེ། ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་འགོག་བྱེད་སྟོང་ཉིད་རྟོགས་པའི་ཤེས་རབ་ལ་བྱེད་ཟེར་ན། འོ་ན། དོན་དམ་དཔྱོད་བྱེད་ཀྱི་རིགས་ཤེས་ཀྱིས་འཁོར་བའི་སྐྱོན་མཐོང་བར་ཐལ་ལོ། །ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་འགོག་བྱེད་ཀྱི་ཤེས་རབ་ལ་འཁོར་བའི་སྐྱོན་མཐོང་བ་གཅིག་དགོས་པ་གང་ཞིག །ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར། དང་པོ་གྲུབ་སྟེ། དེ་ལྟར་དུ་འགྲེལ་ཆེན་དང་ལེགས་ལྡན་གཉིས་ཀས་བཤད་པའི་ཕྱིར་ཏེ། འགྲེལ་ཆེན་ལས། ཚུར་རོལ་གྱི་འཁོར་བར་མ་ཡིན་ཏེ། ཤེས་རབ་ཀྱི་ཉེས་དམིགས་མཐོང་བའི་ཕྱིར་རོ། །ཞེས་དང། དབུ་མ་སྙིང་བོ་ལས། སྐྱོན་མཐོང་ཕྱིར་ནི་སྲེིད་པར་མིན། །བརྩེ་ཕྱིར་མྱ་ངན་འདས་མི་གནས། གཞན་དོན་བསྒྲུབ་ཕྱིར་བརྟུལ་ཞུགས་ཅན། །སྲིད་པ་ན་ཡང་གནས་པར་བྱེད། །ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་རང་འགྲེལ་རྟོག་གེ་འབར་བ་ལས། སྐྱོན་དང་ཉེས་དམིགས་མང་བོ་མཐོང་བའི་ཕྱིར་སྲིད་པར་གནས་འཆའ་བར་མི་བྱེད་ལ། སེམས་ཅན་གྱི་ཁམས་མཐའ་དག་ཡོངས་སུ་བསྐྱབ་པ་ལ་བརྩོན་པའི་ཕྱིར་མྱ་ངན་ལས་འདས་པའི་དབྱིངས་སུ་ཡང་འགྲོ་བར་མི་བྱེད་དེ་གཞན་གྱི་དོན་སྒྲུབ་པའི་ཕྱིར་བརྟུལ་ཞུགས་བླངས་པ་དག་ནི་སྙིང་རྗེའི་དབང་དུ་གྱུར་པའི་སེམས་ཀྱིས་པདྨ་བཞིན་དུ་འཇིག་རྟེན་གྱི་དྲི་མ་དག་གིས་མི་གོས་པར་སྲིད་པ་ན་ཡང་གནས་པར་བྱེད་དེ། ཞེས་གསུངས་པའི་ཕྱིར།

    ཡང་མཐའ་དཔྱོད་ནོར་བུའི་ཕྲེང་བ་མཁན་ན་རེ། གང་ཟག་གི་བདག་འཛིན་ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་དང། འཁོར་བ་བདེན་པར་འཛིན་པའི་བདེན་འཛིན་དོན་དམ་ལ་ལྟོས་པའི་སྲིད་མཐའ་དང། ཆད་པའི་མྱང་འདས་ཀུན་རྫོབ་ལ་ལྟོས་པའི་ཞི་མཐའ་དང། དེ་ལ་བླང་བྱའི་གཙོ་བོར་བདེན་པར་ཞེན་པའི་བདེན་འཛིན་དེ་དོན་དམ་ལ་ལྟོས་པའི་ཞི་མཐའ་ཟེར། དམ་བཅའ་དང་པོ་ལ་གང་ཟག་གི་བདག་འཛིན་ཆོས་ཅན། ཁྱོད་རྒྱུད་ལྡན་གྱི་གང་ཟག་དེ་ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་ལ་གནས་པའི་གང་ཟག་ཡིན་པར་ཐལ། ཁྱོད་རྒྱུད་ལ་ལྡན་པ་དེ་སྲིད་མཐའ་ལ་གནས་པའི་དོན་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་ན། དེ་རྒྱུད་ལ་ལྡན་པའི་བྱང་སེམས་མཐོང་ལམ་པ་ཆོས་ཅན དེར་ཐལ། དེའི་ཕྱིར། འཁོར་གསུམ། འདོད་མི་ནུས་ཏེ། ཀུན་རྫོབ་དོན་དམ་གང་གི་ཡང་སྲིད་མཐར་མི་གནས་པའི་གང་ཟག་ཡིན་པའི་ཕྱིར། ཁྱབ་སྟེ། མི་རྟག་སོགས་རྟོགས་པའི་ཤེས་རབ་དང་ཐབས་སྙིང་རྗེ་ཆེན་པོ་གཉིས་ཟུང་འབྲེལ་དུ་རྒྱུད་ལ་ལྡན་པའི་གང་ཟག་ཡིན་པའི་ཕྱིར་ཏེ། ཤེས་པས་སྲིད་ལ་མི་གནས་ཤིང། །ཞེས་སོགས་གསུངས་པའི་ཕྱིར། རྟགས་གྲུབ་སྟེ། ཐེག་ཆེན་འཕགས་པ་ཡིན་པའི་ཕྱིར། དམ་བཅའ་གཉིས་པར། འཁོར་བ་བདེན་འཛིན་ཆོས་ཅན། ཁྱོད་རྒྱུད་ལྡན་ཡིན་ན། དོན་དམ་ལ་ལྟོས་པའི་སྲིད་མཐར་གནས་པས་ཁྱབ་བར་ཐལ། ཁྱོད་ལ་གནས་པ་དེ་དོན་དམ་ལ་ལྟོས་པའི་སྲིད་མཐར་གནས་པའི་དོན་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། འཁོར་བ་བདེན་འཛིན་རྒྱུད་ལྡན་གྱི་བྱང་འཕགས་ཆོས་ཅན། དེར་ཐལ། དེའི་ཕྱིར། འཁོར་གསུམ་ཁས། འདོད་མི་ནུས་ཏེ། ཁྱོད་དོན་དམ་ལ་ལྟོས་པའི་སྲིད་ཞིའི་མཐའ་འགོག་པའི་ཐབས་ཤེས་རྒྱུད་ལྡན་གྱི་སྐྱེ་འཕགས་གང་རུང་ཡིན་པའི་ཕྱིར་ཏེ། ཐབས་སྙིང་རྗེ་ཆེན་པོ་དང་སྟོང་ཉིད་རྟོགས་པའི་ཤེས་རབ་གཉིས་རྒྱུད་ལྡན་གྱི་བྱང་འཕགས་ཡིན་པའི་ཕྱིར། རིགས་པ་དེས་དམ་བཅའ་ཕྱི་མ་གཉིས་འགོག་སླའོ། །ཡང་དེ་དག་གི་རྗེས་འབྲང་མང་པོ་ན་རེ། སྲིད་པར་སྐྱེ་བ་ལ་མཐའ་གཅིག་ཏུ་དོར་བྱར་ཞེན་པའི་ཆ་འདིར་བསྟན་ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་དང། དེ་ལ་གནས་པ་ཀུན་རྫོབ་ལ་ལྟོས་པའི་སྲིད་མཐར་གནས་པའི་ཚད་དང། སྲིད་པར་སྐྱེ་བ་ཆད་ཙམ་གྱིས་ཐོབ་པའི་མྱང་འདས་ལ་མཐའ་གཅིག་ཏུ་བླང་བྱར་ཞེན་པའི་ཆ་ཞི་མཐའ་དང། དེ་རྒྱུད་ལ་ལྡན་པ་དེ་ལ་གནས་པའི་ཚད་ཟེར་ན། འོ་ན། འཁོར་མཐའ་དང་འཁོར་མཐར་ལྷུང་བའི་ཚད་དོན་གཅིག་ཡིན་པར་ཐལ། དམ་བཅའ་དེ་དག་འཐད་པའི་ཕྱིར། འདོད་ན། ཆད་མཐར་གནས་པ་དང་ཆད་མཐའ་དོན་གཅིག་ཡིན་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། རྒྱང་འཕེན་པ་ཆོས་ཅན། ཆད་མཐའ་ཡིན་པར་ཐལ། ཆད་མཐའ་ལ་གནས་པའི་ཕྱིར། དེར་ཐལ། ཆད་མཐར་ལྷུང་བའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། འདོད་ན། མེད་པར་ཐལ་ལོ། །འདོད་མི་ནུས་ཏེ། གཞི་གྲུབ་པའི་ཕྱིར།

    ཡང་ཁ་ཅིག་ན་རེ། ཐེག་དམན་འཕགས་པ་ཡིན་ན་ཀུན་རྫོབ་ལ་ལྟོས་པའི་སྲིད་མཐར་གནས་པས་ཁྱབ་སྟེ། དེ་ཡིན་ན་སྲིད་པར་སྐྱེ་བ་ཙམ་ལ་མཐའ་གཅིག་ཏུ་དོར་བྱར་འཛིན་པས་ཁྱབ་པའི་ཕྱིར་ཟེར་ན། སྲིད་པར་སྐྱེ་བ་ཆེད་དུ་གཉེར་ནས་འཛིན་པའི་ཉན་ཐོས་འཕགས་པ་ཆོས་ཅན། སྲིད་པར་སྐྱེ་བ་ཙམ་ལ་མཐའ་གཅིག་ཏུ་དོར་བྱར་འཛིན་པར་ཐལ། ཐེག་དམན་འཕགས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་དེ་ཡིན་པར་ཐལ། དེ་འདྲ་ཡོད་པའི་ཕྱིར། དེར་ཐལ། གཟུགས་ཁམས་སུ་སྐྱེ་བ་ཆེད་དུ་གཉེར་ནས་འཛིན་པའི་ཉན་ཐོས་འཕགས་པ་ཡོད་པའི་ཕྱིར་ཏེ། འོག་མིན་དུ་སྐྱེ་བ་ཆེད་དུ་གཉེར་ནས་འཛིན་པའི་ཉན་ཐོས་འཕགས་པ་ཡོད་པའི་ཕྱིར་ཏེ། གཙོ་བོར་འོག་མིན་དུ་སྐྱེ་བའི་ཆེད་དུ་བསམ་གཏན་སྤེལ་སྒོམ་བྱེད་པའི་ཉན་ཐོས་འཕགས་པ་ཡོད་པའི་ཕྱིར། རྩ་བར། སྐྱེ་དང་གནས་པར་བྱ་ཕྱིར་དང། །ཞེས་པའི་དོན་གྲུབ་པའི་ཕྱིར། རྩ་བར་འདོད་ན། སྲིད་པར་ཆེད་དུ་གཉེར་ནས་འཛིན་པའི་གང་ཟག་མ་ཡིན་པར་ཐལ་ལོ། །འདོད་པ་དེའི་ཕྱིར། འཁོར་གསུམ་ཁས། ཡང་ཁ་ཅིག་ན་རེ། ཆད་པའི་མྱང་འདས་ལ་མཐའ་གཅིག་ཏུ་བླང་བྱར་འཛིན་པའི་གང་ཟག་ཡིན་ན། ཞི་མཐའ་ལ་གནས་པས་ཁྱབ་ཟེར་ན། སངས་རྒྱས་འཕགས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འཁོར་གསུམ་ཁས། རྟགས་གྲུབ་སྟེ། ཆད་པའི་མྱང་འདས་ལ་མཐའ་གཅིག་ཏུ་བླང་བྱར་རྟོགས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། ཐེག་ཆེན་འཕགས་པ་གང་ཞིག །ཆད་པའི་མྱང་འདས་དེ་མཐའ་གཅིག་ཏུ་བླང་བྱ་ཡིན་པའི་ཕྱིར། དེར་ཐལ། དེ་ཡིན་ན་བླང་བྱ་ཡིན་པས་ཁྱབ་པའི་ཕྱིར། རྩ་བར་འདོད་ན། ཞི་མཐར་མི་གནས་པར་ཐལ། མི་གནས་པའི་མྱང་འདས་ཐོབ་པའི་གང་ཟག་ཡིན་པའི་ཕྱིར་ཏེ། སངས་འཕགས་ཡིན་པའི་ཕྱིར། འཁོར་གསུམ་ཁས། ཡང་ཁ་ཅིག་ན་རེ། ཉན་ཐོས་ཀྱི་ལུགས་ལ། མྱང་འདས་ནི་དོན་དམ་པར་དངོས་པོ་ཡིན་ཏེ། རྟག་པ་ཡིན་པའི་ཕྱིར། འཁོར་བ་ནི་དངོས་པོ་མེད་པ་སྟེ། སྤང་བྱ་ཡིན་པས་སོ། །ཞེས་རྟོགས་དཀར་གསུངས་པས་དངོས་པོ་དང་རྟག་པ་མྱང་འདས་ལ་སྦྱར་བ་དང། དངོས་མེད་འཁོར་བར་སྦྱོར་ཟེར་ན། དེ་མི་འཐད་པར་ཐལ། རྟག་པ་འཁོར་བར་སྦྱར། ཆད་པ་མྱང་འདས་ལ་སྦྱར་དགོས་པའི་ཕྱིར། དེར་ཐལ། འགྲེལ་བ་ལས། གོ་རིམ་བཞིན་དུ་རྟག་པ་དང་ཆད་པའི་མཚན་ཉིད། ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། ཚུ་རོལ་ཕ་རོལ་མཐའ་ལ་མིན། །ཞེས་པའི་གོ་རིམ་བཟློག་མི་རིགས་པའི་ཕྱིར། གསེར་ཕྲེང་ལས། སྔར་འཁོར་འདས་གཉིས་ལ་རྟག་ཆད་དུ་བཤད་པ་དང། ཞེས་དང། རྣམ་བཤད་ལས། རྒྱུ་མཚན་སྔ་མ་གཉིས་གོ་བཟློག་ནས་སྦྱོར་བ་ནི། གཞུང་འདིའི་དོན་མ་ཡིན་པར་རྗེ་ཉིད་ཀྱི་གསུང་ལས་འབྱུང་བའོ ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། རྣམ་བཤད་ཀྱི་ལུང་གི་དོན་ནི་ཤེས་རབ་དང་བྲལ་བས་སྲིད་མཐར་གནས་པ་དང། སྙིང་རྗེ་དང་བྲལ་བས་ཞི་མཐར་གནས་པར་བཤད་པ་གཞུང་གི་དོན་452མིན་ཞེས་པ་ཡིན་ཟེར་ན། འགྲེལ་བ་ལས། རང་གི་རྟོགས་པ་ཙམ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྙིང་བརྩེ་བ་དང་ཤེས་རབ་དང་བྲལ་བའི་ཕྱིར། དངོས་པོ་དང་དངོས་པོ་མེད་པར་དམིགས་པ་ཉིད་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་གནས་པ། ཞེས་པས་དངོས་པོ་དངོས་མེད་དང། འཁོར་བ་དང་མྱང་འདས་གཉིས་བཤད་པའི་གོ་རིམ་བཟློག་པ་གཞུང་དོན་མ་ཡིན་པར་བཤད་པ་མ་ཡིན་པར་ཐལ། ཁྱོད་ཀྱི་བཤད་ཚུལ་དེའི་ཕྱིར། འདོད་མི་ནུས་ཏེ། དངོས་པོ་དངོས་མེད་དང། འཁོར་བ་དང་མྱང་འདས་བཞི་པོ་གོ་རིམ་ལྟར་བྱས་ནས། སྙིང་རྗེ་དང་ཤེས་རབ་དང་བྲལ། ཞེས་པའི་སྙིང་རྗེ་སྔོན་ལ་བྱུང་ཡང་གོ་རིམ་བཟློག་ནས་ཤེས་རབ་སྔོན་ལ་བྱེད་དགོས་པའི་དོན་ཡིན་པའི་ཕྱིར། གསེར་ཕྲེང་ལས། སྙིང་བརྩེ་བ་དང་བྲལ་བ་སྔོན་ལ་བྱུང་ཡང་སྡེབ་སྦྱོར་གྱི་ངོར་ཡིན་པས། ཤེས་སྒྲོན་ལྟར་ཤེས་རབ་དང་བྲལ་བ་དང་པོར་གདོན་ནོ། །ཞེས་གསུངས་པའི་ཕྱིར་ཏེ། དེའི་ཤེས་རབ་དང་བྲལ་བ་ཡང་སྟོང་ཉིད་རྟོགས་པའི་ཤེས་རབ་དང་ཞེས་བཤད་མི་རིགས་པའི་དོན་ཡིན་པའི་ཕྱིར།

(452) པར་ཐེངས་གཉིས་པ། མིན་ནོ།

    ཡང་ཁ་ཅིག་ན་རེ། ཉན་རང་འཕགས་པའི་མཉམ་བཞག་མི་རྟག་སོགས་སུ་བདེན་པར་འཛིན་པ་ཡིན་ཟེར་ན། འོ་ན། ཉན་རང་གི་མཉམ་བཞག་མི་རྟག་སོགས་རྟོགས་པའི་ཡེ་ཤེས་ཆོས་ཅན། གང་ཟག་གི་བདག་འཛིན་དང་ཉོན་མོངས་ཀྱི་ས་བོན་འཇོམས་མི་ཐུབ་པར་ཐལ། ཞེན་ཡུལ་ལ་འཁྲུལ་བའི་ལོག་ཤེས་ཡིན་པའི་ཕྱིར། འདོད་ན། ཉན་རང་གི་ཐེག་པས་ཉོན་མོངས་སྤོང་མི་ཐུབ་པར་ཐལ་ལོ། །དེའི་མཉམ་བཞག་བདེན་འཛིན་གང་ཞིག །སྤོང་བྱེད་གཞན་མེད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལྟར་འདོད་མཁན་བྱང་སེམས་སྡོམ་ལྡན་ཡིན་ན་རྩ་ལྟུང་འབྱུང་བས་ཁྱབ་པའི་ཕྱིར། སྡོམ་པ་བསྡུས་པ་ལས། སློབ་པའི་ཐེག་པའི་ཆགས་ལ་སོགས། །སྤོང་བར་འགྱུར་བ་མིན་ཞེས་འཛིན། །ཞེས་གསུངས་པའི་ཕྱིར། རྣམ་བཤད་ལས། ཁ་ཅིག་ཉན་རང་འཕགས་པའི་མཉམ་བཞག་བདེན་འཛིན་དུ་འདོད་པ་ནི་རྣ་བར་མི་འོང་བའི་ཚིག་སྟེ། ཞེས་སོ། །གཞན་ཡང། དེ་དག་གི་མཉམ་བཞག་མི་རྟག་སོགས་རྟོགས་པའི་ཡེ་ཤེས་ཆོས་ཅན། སྒྲ་དོན་འདྲེས་རུང་དུ་འཛིན་པའི་རྟོགས་པར་ཐལ་ལོ། །བདེན་འཛིན་གང་ཞིག །རྟོག་མེད་ལོག་ཤེས་མ་ཡིན་པའི་ཕྱིར། རྟགས་དང་པོ་ཁས། རྟགས་གཉིས་པ་གྲུབ་སྟེ། རྟོག་བྲལ་མ་འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར་ཏེ། མངོན་སུམ་ཡིན་པའི་ཕྱིར། ཁྱབ་སྟེ། རིགས་ཐིག་ལས། མངོན་སུམ་ནི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། རྟོག་བྲལ་ཡིན་པའི་ཕྱིར་ཏེ། རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར། ཁྱབ་སྟེ། ཚད་མ་མདོར། རྣལ་འབྱོར་རྣམས་ཀྱི་བླ་མས་བསྟན། །མ་འདྲེས་པ་ཡི་དོན་ཙམ་མོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མ་འདྲེས་པ་དང་ཙམ་སྒྲའི་དོན་ཡོད་པའི་ཕྱིར། གསེར་ཕྲེང་ལས། རྣལ་འབྱོར་མངོན་སུམ་གྱིས་བདེན་བཞིའི་ཆོས་རྣམས་མིང་དང་མ་འདྲེས་པར་ཡུལ་དུ་བྱེད་པར་གསུངས་པ་དང། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ཤིང་རྟ་ཆེན་པོའི་དགོངས་པ་ཡིན་པའི་ཕྱིར། ཀུན་བཏུས་ལས། འཇིག་རྟེན་ལས་འདས་པའི་ཤེས་པས་བདེན་པའི་རྣམ་པ་ལ་འཇུག་པ་ན། མི་རྟག་པའི་དོན་མཐོང་གི །མི་རྟག་པ་ཉིད་དོ་ཞེས་བྱ་བར་ནི་མ་ཡིན་ནོ། །མི་རྟག་པ་ཉིད་ཇི་ལྟ་བ་བཞིན་དུ་རྣམ་པ་ལྷག་མ་རྣམས་ལ་ཡང་དེ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། སྲིད་མཐར་ལྷུང་བའི་ཚད་ལ་ལས་ཉོན་གྱི་སྐྱེ་བ་ཆད་ཙམ་ལ་གཅིག་ཏུ་ཐོབ་བྱར་ཞེན་པ་ཟེར་ན། འོ་ན། འདིའི་ཆད་པའི་མྱང་འདས་ལ་ལས་ཉོན་ཀྱི་སྐྱེ་བ་ཟད་པ་ཁོ་ནས་ཆོག་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེར་མ་ཟད་སྙིང་རྗེ་དང་སྨོན་ལམ་གྱིས་སྐྱེ་བ་ཡང་འགོག་འདོད་པས་མྱང་འདས་དོན་གཉེར་དགོས་པའི་ཕྱིར། རྣམ་བཤད་ལས། ལས་ཉོན་གྱིས་སྐྱེ་བར་མ་ཟད་སྙིང་རྗེ་དང་སྨོན་453ལམ་གྱིས་སྐྱེ་བ་ཡང་འགོག་འདོད་པས། ཞེས་གསུངས་པའི་ཕྱིར། 454འདི་དག་ལ་སྤྲོ་བྱ་མང་མོད་ཡི་གེ་མང་དོགས་དེས་ཤེས་པར་གྱིས།

(453) པར་ཐེངས་གཉིས་པ། ལམ་གྱིས་ཀྱང།

(454) པར་ཐེངས་གཉིས་པ། དེ་དག་

    གཉིས་པ་རང་ལུགས་ལ། སྲིད་ཞིའི་མཐའ་ངོས་འཛིན་པ་དང། དེ་ལ་གནས་ཚད། དེ་འགོག་བྱེད་ཀྱི་ལམ་བཤད་པ་དང། གཞི་ཤེས་ཀྱི་མཚད་ཉིད་བཤད་པ་དང། དེའི་དབྱེ་བ་གཉེན་པོ་དང་མི་མཐུན་ཕྱོགས་ཀྱི་གཞི་ཤེས་བཤད་པ་ལྔ། དང་པོ་ནི། ལས་ཉོན་གྱིས་རང་དབང་མེད་པར་ཉིང་མཚམས་སྦྱར་བའི་འཁོར་བ་ནི། ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་དང། འཁོར་མཐའ་ཡིན་ཏེ། སྲིད་པའི་རྒུད་པ་ཡིན་པའི་ཕྱིར། སོ་སྐྱེའི་རྒྱུད་དང་ཉན་རང་རྒྱུད་ཀྱི་འཁོར་བ་རྣམས་མཚན་གཞི། རྣམ་བཤད་ལས། ཚུ་རོལ་ནི་སོ་སོ་སྐྱེ་བོ་ལ་ལྟོས་པ་སྟེ་ཚུར་ངོས་ན་ཡོད་ཀྱི། འཁོར་བ་ཆད་པའི་ཕར་ངོས་ན་མེད་པའི་དོན་ནོ། །ཞེས་སོ། །ལས་ཉོན་གྱིས་ཉིང་མཚམས་སྦྱར་ནས་རྒྱུན་རིང་བོར་ཞུགས་པའི་འཁོར་བ་དེ། འདིར་བསྟན་ཚུ་རོལ་འཁོར་བའི་རྟག་མཐའ་ཡིན་ཀྱང་རྟག་མཐའ་མ་ཡིན་ཏེ། རྟག་མཐའ་ཡིན་པ་མི་སྲིད་ཅིང་འདིར་འཁོར་བ་ཡིན་པའི་ཕྱིར། འཁོར་མཐའ་ཐམས་ཅད་ལ་འདིར་བསྟན་རྟག་མཐའ་ཞིག་མི་དགོས་པའི་ཕྱིར། དེ་ལ་ཡུན་རིང་བོར་འཁོར་བར་ཉིང་མཚམས་སྦྱར་བས་མ་ཁྱབ་པའི་ཕྱིར་ཏེ། རྣམ་བཤད་ལས། རྒྱུན་རིང་བོར་འཇུག་པའི་དོན་ཡིན་གྱི། རྟག་དངོས་ཀྱི་མཐའ་ནི་མིན་ནོ། །ཞེས་གསུངས་པའི་ཕྱིར། ལས་ཉོན་ཀྱིས་སྐྱེ་བ་ཆད་པར་མ་ཟད་སྙིང་རྗེ་དང་སྨོན་ལམ་གྱིས་སྐྱེ་བ་ཆད་ཙམ་གྱི་མྱང་འདས་དེ། ཀུན་རྫོབ་ལ་ལྟོས་པའི་ཕ་རོལ་ཞི་མཐའ་དང་ཞི་མཐའ་གཉིས་ཀ་ཡིན་ཏེ། དེ་ཞི་བའི་རྒུད་པ་ཡིན་པའི་ཕྱིར། རྣམ་བཤད་ལས། ཆད་མཐའ་ཡང་ལས་ཉོན་གྱི་དབང་གིས་སྐྱེ་བ་ཆད་པར་མ་ཟད་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་སྐྱེ་བ་ཆད་པས་ཐོབ་པའི་མྱང་འདས་སོ། །ཞེས་སོ། །དེ་ལས་ཉོན་གྱི་སྐྱེ་བའི་མཇུག་གི་ཆ་ཡིན་པས་འདིར་བསྟན་ཆད་མཐའ་ཡིན་ཀྱང་ཆད་མཐའ་མ་ཡིན་ཏེ། ཆད་མཐའ་གཞི་མ་གྲུབ་པའི་ཕྱིར་དང། དེ་ཟད་པའི་མཇུག་ཆ་ལ་བཞག་པའི་ཕྱིར། རྣམ་བཤད་རིགས་པ་ལས། མཐའ་ནི་ཟད་དང་མཇུག་ཆ་དང། །ཞེས་གསུངས་པའི་ཕྱིར། འཁོར་བ་དོན་དམ་པར་གྲུབ་པ་དེ། འདིར་བསྟན་དོན་དམ་ལ་ལྟོས་པའི་སྲིད་མཐའ་ཡིན་ཏེ། སྲིད་པ་ལ་མཐའ་གཅིག་ཏུ་དོན་དམ་པར་དོར་བྱར་ཞེན་པའི་ཡུལ་ཡིན་པའི་ཕྱིར། ཆད་པའི་མྱང་འདས་དོན་དམ་པར་གྲུབ་པ་དེ། འདིར་བསྟན་དོན་དམ་ལ་ལྟོས་པའི་ཞི་མཐའ་ཡིན་ཏེ། སྲིད་པར་སྐྱེ་བ་ཆད་ཙམ་གྱི་མྱང་འདས་ལ་མཐའ་གཅིག་ཏུ་དོན་དམ་པར་དོར་བྱར་བཟུང་བའི་ཞེན་ཡུལ་ཡིན་པའི་ཕྱིར། རྣམ་བཤད་ལས། སྲིད་ཞིའི་མཐའ་ལ་བདེན་པར་ཞེན་པས། ཞེས་གསུངས་པའི་ཕྱིར་དང། འགྲེལ་ཆེན་ལས། དེ་ཁོ་ན་ཉིད་དུ་དམིགས་པའི་འདུ་ཤེས་ནི་ཕྱིན་ཅི་ལོག་ཏུ་འཇུག་པས་མི་མཐུན་པའི་ཕྱོགས་ཡིན་པ་དེའི་ཕྱིར། ཞེས་གསུངས་པའི་ཕྱིར། གཉིས་པ་ནི། ཐབས་ཤེས་ཁྱད་པར་ཅན་དང་བྲལ་ཞིང་སྲིད་པར་ལས་ཉོན་དུ་མ་ཟད་སྙིང་རྗེ་དང་སྨོན་ལམ་གྱི་སྐྱེ་བ་ལ་ཡང་མཐའ་གཅིག་ཏུ་དོར་བྱར་ཞེན་པ་དེ། ཀུན་རྫོབ་ལ་ལྟོས་པའི་སྲིད་མཐར་ལྷུང་བའི་ཚད་ཡིན་ཏེ། དེ་རྒྱུད་ལ་ལྡན་ཙམ་གྱིས་མི་ཆོག་པར་བཤད་ཟིན་པའི་ཕྱིར། སྒོམ་རིམ་བར་བ་ལས། ཐབས་དང་བྲལ་བའི་ཤེས་རབ་འབའ་ཞིག་གིས་ནི་ཉན་ཐོས་བཞིན་དུ། ཞེས་གསུངས་པའི་ཕྱིར། ཐབས་ཤེས་ཁྱད་པར་ཅན་དང་བྲལ་བས་རང་གཅིག་པུའི་དོན་དུ་སྲིད་པར་སྐྱེ་བ་ཆད་ཙམ་གྱི་མྱང་འདས་ལ་མཐའ་གཅིག་ཏུ་བླང་བྱར་ཞེན་པ་དེ། ཞི་མཐའ་ལ་གནས་པ་དང་ལྷུང་བའི་ཚད་ཡིན་ཏེ། དེར་ལྷུང་བ་དང་གནས་པ་བློའི་དབང་གིས་ཡིན་ཏེ། སྒོམ་རིམ་བར་བ་ལས། ཉན་ཐོས་རྣམས་ཀྱི་ནི་སྙིང་རྗེ་ཆེན་པོ་དང་བྲལ་བས་ཐབས་དང་མི་ལྡན་པ་ཡིན་ཏེ། དེ་བས་ན་གཅིག་ཏུ་མྱ་ངན་ལས་འདས་པ་ལ་གཞོལ་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། འདིའི་ཤུགས་ལ་ཞི་མཐར་ལྷུང་ཚད་ཡིན་པར་ཤེས་པར་གྱིས། དོན་དམ་ལ་ལྟོས་པའི་སྲིད་མཐར་ལྷུང་བའི་ཚད་ཡོད་དེ། ཐབས་ཤེས་མེད་ཅིང་རང་དོན་དུ་འཁོར་བ་ལ་མཐའ་གཅིག་ཏུ་དོན་དམ་པར་དོར་བྱར་ཞེན་པ་དེ་ཡིན་པའི་ཕྱིར། དོན་དམ་ལ་ལྟོས་བའི་ཞི་མཐར་ལྟུང་པའི་ཚད་ཡོད་དེ། ཐབས་ཤེས་མེད་ཅིང་རང་གཅིག་པུའི་དོན་དུ་མྱང་འདས་ལ་དོན་དམ་པར་མཐའ་གཅིག་ཏུ་བླང་བྱར་ཞེན་པ་དེ་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། སྲིད་ཞིའི་མཐའ་ལ་བདེན་པར་ཞེན་པས། དུས་གསུམ་མཉམ་པ་ཉིད་དུ་ཤེས་པ་མེད་པའི་ཕྱིར། ཞེས་དང། གསེར་ཕྲེང་ལས། ཉི་ཚེ་བའི་ཡུམ་ནི་འཁོར་འདས་ལ་ཞེན་ནས་གནས་པ་ཡིན་པར་ཤེས་པར་བྱའོ ཞེས་གསུངས་པའི་ཕྱིར། འདི་དག་གིས་དོན་དམ་པར་སྲིད་ཞིའི་མཐར་ལྷུང་ཚད་གཉིས་ཀ་བཤད་པའི་ཕྱིར། གསུམ་པ་ནི། ཐབས་ཀྱིས་ཟིན་པའི་མི་རྟག་སོགས་རྟོགས་པའི་ཤེས་རབ་དེ། ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་འགོག་བྱེད་ཡིན་ཏེ། སྲིད་རྩ་འཇོམས་པའི་གཉེན་པོ་ཡིན་པའི་ཕྱིར། སྒོམ་རིམ་ལས། དེ་དག་ཀྱང་ཡེ་ཤེས་ཀྱི་ཚོགས་ཀྱི་སྟོབས་ཀྱིས་ཉོན་མོངས་པ་མཐའ་དག་སྤངས་པས་འཁོར་བར་ཡང་མི་ལྟུང། ཞེས་གསུངས་པའི་ཕྱིར། བྱང་སེམས་རྒྱུད་ཀྱི་སྙིང་རྗེ་ཆེན་པོ་ནི། ཀུན་རྫོབ་ལ་ལྟོས་པའི་ཞི་མཐའ་དང་ཆད་མཐའ་འགོག་བྱེད་ཡིན་ཏེ། དེའི་དབང་གིས་འཁོར་བར་སྐྱེ་བ་ཡང་ཡང་བླངས་ནས་མི་གནས་པའི་མྱང་འདས་སྒྲུབ་པའི་ཕྱིར། སྒོམ་རིམ་ལས། སེམས་ཅན་ཐམས་ཅད་ལ་ལྟ་བས་བསོད་ནམས་ཀྱི་ཚོགས་རྒྱ་ཆེ་ཞིང་ཚད་མེད་པའི་དབང་གིས་མྱ་ངན་ལས་འདས་པར་ཡང་མི་ལྟུང་ངོ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སེམས་ཅན་ལ་ལྟ་ཞེས་པས་སེམས་ཅན་ཚད་མེད་པའི་དོན་དུ་ཞིང་སྣ་ཚོགས་སུ་སྐྱེ་བ་བསྟན་པའི་ཕྱིར། སྔར་བཤད་ཟིན། བྱང་སེམས་ཀྱི་ཐབས་ཁྱད་པར་ཅན་གྱིས་ཟིན་པའི་སྲིད་ཞི་བདེན་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དེ། དོན་དམ་པར་སྲིད་ཞིའི་མཐར་ལྷུང་བའམ་གནས་པ་འགོག་བྱེད་ཡིན་ཏེ། དེས་དུས་གསུམ་པའི་ཆོས་རྣམས་བདེན་པའི་སྐྱེ་མེད་དུ་མངོན་སུམ་དུ་རྟོགས་པའི་ཕྱིར། འགྲེལ་བ་ལས། དུས་གསུམ་གའི་ཆོས་རྣམས་སྐྱེ་བ་མེད་པའི་རྣམ་པར་མཉམ་པ་ཉིད་རྟོགས་པ། ཞེས་དང། འགྲེལ་ཆེན་ལས། ཤེས་རབ་དང་སྙིང་རྗེ་དག་ཡང་དག་པར་རྟོགས་པས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀར་དམིགས་པ་དང་བྲལ་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དམིགས་པ་དང་བྲལ་བ་ཞེས་པས་འཁོར་འདས་བདེན་པར་མ་དམིགས་པ་བཤད་པའི་ཕྱིར། དེས་ན་བདེན་གྲུབ་འཁོར་འདས་ལ་མ་སྦྱར་བར་སྤང་བླང་དུ་བདེན་པར་ཞེན་པ་455ནོར་བ་ཆེན་པོ་ཡིན་ཏེ། བྱ་བའི་ཡུལ་དང་བྱ་བ་གཉིས་གཞི་གཅིག་ལ་མི་འཐད་པའི་ཕྱིར། ཐལ་འགྱུར་བས་ཀྱང་ཀུན་རྫོབ་ལ་ལྟོས་པའི་སྲིད་ཞིར་ལྷུང་ཚུལ་འདྲ་ཡང། ཉན་རང་འཕགས་པ་དོན་དམ་ལ་ལྟོས་པའི་མཐར་ལྷུང་བ་མི་འདོད་ཅིང་ཉན་རང་སོ་སྐྱེ་རྟུལ་བོ་ལྷུང་བར་འདོད་དགོས་སོ། །

(455) པར་ཐེངས་གཉིས་པ། ནོར་ས།

    བཞི་པ་ནི། ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་ཆ་ནས་བཞག་པའི་འཕགས་རྒྱུད་ཀྱི་མཁྱེན་པ་དེ། གཞི་ཤེས་ཀྱི་མཚན་ཉིད། དབྱེ་ན། རྟེན་གྱི་སྒོ་ནས་འཕགས་བཞིའི་རྒྱུད་ཀྱི་གཞི་ཤེས་བཞི། རྟོགས་རིགས་ཀྱི་སྒོ་ནས་ཉན་རང་གི་རྟོགས་རིགས་གཉིས་ཡོད། ས་མཚམས། ཉན་ཐོས་ཀྱི་མཐོང་ལམ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད། འཕགས་རྒྱུད་ཀྱི་མཁྱེན་པ་ལ་མཁྱེན་གསུམ་གང་རུང་གིས་མ་ཁྱབ་སྟེ། དགྲ་བཅོམ་རྟོགས་པ་སྔོན་སོང་གི་བྱང་སེམས་ཚོགས་ལམ་པའི་སེམས་བསྐྱེད་དང། ལྷག་བསམ་སོགས་དང། ཉན་རང་འཕགས་རྒྱུད་ཀྱི་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལྟ་བུ་རྣམས་གཞི་ཤེས་སུ་མ་བཤད་པའི་ཕྱིར། ལྔ་པ་ལ། བདེན་འཛིན་གྱིས་བཅིངས་པའི་ཐེག་དམན་འཕགས་པའི་མཁྱེན་པ་དེ། འབྲས་ཡུམ་ལ་རིང་བའི་གཞི་ཤེས་ཀྱི་མཚན་ཉིད། དབྱེ་ན། ཉན་རང་གི་མཐོང་སྒོམ་མི་སློབ་ལམ་གསུམ་ཡོད། ས་མཚམས། ཉན་ཐོས་ཀྱི་མཐོང་ལམ་ནས་ཉན་རང་དགྲ་བཅོམ་གྱི་བར་དུ་ཡོད། ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་ཅིང་ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་འཕགས་རྒྱུད་ཀྱི་མཁྱེན་པ་དེ། འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་ཀྱི་མཚན་ཉིད། དབྱེ་ན། ཐེག་ཆེན་ལམ་དུ་འཇུག་ཁ་མ་དང། བྱང་སེམས་སྐྱེ་འཕགས་གཉིས་དང། སངས་འཕགས་བཞི་ཀའི་རྒྱུད་ཀྱི་དེ་བཞི་ཡོད། ས་མཚམས། ཐེག་ཆེན་ལམ་དུ་འཇུག་ཁའི་ལྷག་བསམ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད། སྙིང་རྗེ་ཆེན་པོ་དང་བྲལ་ཞིང་མཚན་འཛིན་གྱིས་བཅིངས་པའི་ཆ་ནས་བཞག་པའི་གཞི་ཤེས་དེ། མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཀྱི་མཚན་ཉིད། དེ་དང། འབྲས་ཡུམ་ལ་རིང་བའི་གཞི་ཤེས། མཚན་འཛིན་གྱིས་བཅིངས་པའི་གཞི་ཤེས་གསུམ་དོན་གཅིག་སྟེ། བདེན་འཛིན་གཙོ་བོར་མི་སྤོང་བར་རྒྱུད་ལ་ལྡན་པའི་གང་ཟག་གི་རྒྱུད་ཀྱི་གཞི་ཤེས་ཡིན་ཞིང་དེ་དེས་བཅིངས་པའི་དོན་ཡིན་པའི་ཕྱིར། ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་ཅིང་ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་འཕགས་རྒྱུད་ཀྱི་མཁྱེན་པ་དེ། གཉེན་པོ་ཕྱོགས་ཀྱི་གཞི་ཤེས་ཀྱི་མཚན་ཉིད། དེ་དང། འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་དང། ལྷག་བསམ་རྒྱུད་ལྡན་གྱི་འཕགས་རྒྱུད་ཀྱི་གཞི་ཤེས་རྣམས་དོན་གཅིག །ས་མཚམས། ལྷག་བསམ་རྣམ་དག་རྒྱུད་ལ་སྐྱེས་པ་ནས་སངས་རྒྱས་ཀྱི་སའི་བར་འཇོག །གཞི་ཤེས་འདི་གཉིས་འདོད་པའི་སེམས་ཙམ་པ་དང་རང་རྒྱུད་པའི་སློབ་དཔོན་མང་སྟེ། བྱམས་ཆོས་ཀྱི་རྗེས་སུ་འབྲངས་པའི་ཕྱིར། གསེར་ཕྲེང་ལས། དེའི་རྗེས་སུ་འབྲང་ནས་ཐོགས་མེད་སྐུ་མཆེད་དང་བློ་གྲོས་བརྟན་པ་ལ་སོགས་པའི། ཞེས་པ་ནས། སློབ་དཔོན་ཆེན་པོ་ལེགས་ལྡན་འབྱེད་དང་ཞི་འཚོ་དཔོན་སློབ་དང་འཕགས་སེང་རྗེས་འབྲངས་དང་བཅས་པའི་ཕར་ཕྱིན་པ་རྣམས་ཀྱིས་ཀྱང་ཉན་རང་གིས་ཆོས་ཀྱི་བདག་མེད་མ་རྟོགས་པར་གསུངས་ཏེ། ཞེས་གསུངས་པའི་ཕྱིར། འདི་དག་གིས་ཉན་རང་འཕགས་པས་ཆོས་ཀྱི་བདག་མེད་མ་རྟོགས་ཀྱང་དེ་བཞིན་ཉིད་དང་གང་ཟག་གི་བདག་མེད་ཀྱི་སྟོང་ཉིད་རྟོགས་པར་འདོད་དེ། དེ་དག་གི་གང་ཟག་གི་བདག་མེད་ཕྲ་མོ་དེ་བཞིན་ཉིད་དང་དེ་ལ་སྟོང་ཉིད་ཉི་ཤུ་ཡང་བཞེད་པའི་ཕྱིར། བསྡུ་བ་ལས། གང་གིས་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་བཞིན་ཉིད་རྟོགས་པར་བྱེད་པའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཆོས་དང་གང་ཟག་གི་བདག་མེད་གཉིས་ཀ་དེ་བཞིན་ཉིད་དུ་བཤད་པའི་ཕྱིར་ཏེ། ཀུན་བཏུས་ལས། ཆོས་དགེ་བ་རྣམས་ཀྱི་དེ་བཞིན་ཉིད་གང་ཞེ་ན། བདག་མེད་པ་གཉིས་དང། ཞེས་དང། དབུས་མཐའ་ལས་ཀྱང། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་པའི་སྟོང་པ་ཉིད། །ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་སྔ་འགྲེལ་ལས། དེ་ལ་སྟོང་པ་ཉིད་གང་ཞེ་ན། གང་ཟག་དང་ནི་ཆོས་རྣམས་ཀྱི། །ཞེས་དང། གསེར་འཕྲེལ་ལས། སྟོང་ཉིད་བཅུ་དྲུག་ལ་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་ཀྱི་སྟོང་ཉིད་གཉིས་བཤད་པ། ཞེས་གསུངས་པའི་ཕྱིར། གཞན་ཡང། དེ་ཡིན་པར་ཐལ། ཆོས་དབྱིངས་ནམ་མཁའ་ལྟར་དགག་བྱ་བཀག་ཙམ་ལ་དབྱེར་མེད་ཀྱང་རྟོགས་ཚུལ་ཐ་དད་པ་གསུམ་གྱིས་རིགས་སོ་སོར་འབྱེད་པའི་ཕྱིར། དེར་ཐལ། བདག་མེད་གཉིས་ཆོས་དབྱིངས་སུ་ཐ་དད་པ་མེད་པ་ནམ་མཁའ་དང་འདྲ་ཡང་རྟོགས་ཚུལ་ཐ་དད་པ་གསུམ་ཡོད་པས་རིགས་གསུམ་བཞག་པའི་ཕྱིར། དཔེར་ན། ནམ་མཁའ་ལ་བྱའི་ལམ་དང་བསེར་བུའི་ལམ་དང་ཉི་མའི་ལམ་གསུམ་འབྱེད་པ་བཞིན་ཡིན་པའི་ཕྱིར། ཤནྟི་པས་ཀྱང། ནམ་མཁའ་ཐ་དད་པ་མེད་ཀྱང་ལམ་གྱི་དབྱེ་བས་ཐ་དད་དེ་བྱའི་ལམ་དང་བསེར་བུའི་ལམ་དང་ཉི་མའི་ལམ་བཞིན་ནོ་ཞེས་གསུངས་པའི་ཕྱིར། ཚུལ་འདི་རང་རྒྱུད་པའི་འཕགས་སེང་གིས་རིགས་བཤད་ཚུལ་ལའང་བླ་མ་སྔ་མ་དག་གིས་གསུང་སྟེ། ཤེས་བྱེད་ཀྱང་ཀུན་བཏུས་སོགས་ཡིན་ནོ། །

    ཐལ་འགྱུར་བས་འཕགས་པ་ཡིན་ན་ཆོས་རྣམས་བདེན་མེད་དུ་རྟོགས་པས་ཁྱབ་པར་འདོད་དེ། དེ་འཕགས་པ་ཡབ་སྲས་ཀྱིས་དགོངས་པར་སློབ་དཔོན་ཟླ་གྲགས་དང་ཞི་བ་ལྷ་གཉིས་རྗེས་འབྲང་དང་བཅས་པས་བཀྲལ་བའི་ཕྱིར་ཏེ། གསེར་ཕྲེང་ལས། དེ་ལྟ་ན་དཔལ་ལྡན་ཟླ་གྲགས། ཛ་ཡ་ཨ་ནན་ཏ། སློབ་དཔོན་ཞི་བ་ལྷ། ཤེར་འབྱུང། དགེ་བ་ལྷ། བི་མ་ལ་མི་ཏྲ་རྣམས་ཉན་རང་ལ་ཆོས་རང་བཞིན་མེད་པར་རྟོགས་པ་ཡོད་པར་བཞེད་དོ། །ཞེས་གསུངས་པའི་ཕྱིར།

    གསུམ་པ་རྩོད་པ་སྤོང་བ་ལ་ཁོ་ན་རེ། ཉན་རང་འཕགས་རྒྱུད་ཀྱི་གཞི་ཤེས་ཆོས་ཅན། མི་མཐུན་ཕྱོགས་ཡིན་པར་ཐལ། མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཡིན་པའི་ཕྱིར་ན་འགལ་ཁྱབ་ཡིན་ཏེ། དེ་456བྱང་སེམས་ལམ་ལ་ལྟོས་པའི་མི་མཐུན་ཕྱོགས་ཡིན་ཀྱང་སྤྱིར་གཉེན་པོ་ཡིན་པའི་ཕྱིར་ཏེ། འཕགས་ལམ་ཡིན་པའི་ཕྱིར། འགྲེལ་བ་ལས། དེ་བཞིན་གཤེགས་པ་ལ་སོགས་པ་ལ་ཕྱག་འཚལ་བ་ལ་སོགས་པ་ནི་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུ་ཡིན་པ་ཉིད་ཀྱིས་གཉེན་པོ་ཡིན་མོད་ཀྱི། ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཡིན་ན་བདེན་འཛིན་གྱིས་བཅིངས་པའི་གཞི་ཤེས་ཡིན་དགོས་པར་ཐལ། དེ་ཡིན་ན་འབྲས་ཡུམ་ལ་རིང་བའི་གཞི་ཤེས་ཡིན་དགོས་པའི་ཕྱིར། ཁྱབ་སྟེ། དེ་ནི་མཚན་མར་དམིགས་སྒོ་ནས། །ཐབས་མ་ཡིན་པས་རིང་བ་སྟེ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཉན་རང་འཕགས་རྒྱུད་ཀྱི་དེ་ཆོས་ཅན། བདེན་འཛིན་གྱིས་བཅིངས་པའི་དེ་ཡིན་པར་ཐལ། མི་མཐུན་ཕྱོགས་ཀྱི་དེ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཉན་རང་གི་མཁྱེན་པ་དེ། གང་ཟག་གི་བདག་འཛིན་གྱིས་བཅིངས་པར་ཐལ། འདོད་པ་དེའི་ཕྱིར་ན་མ་ཁྱབ་སྟེ། ཉན་རང་འཕགས་པར་བདེན་འཛིན་སྤོང་བའི་གཉེན་པོ་མེད་པས་དེས་བཅིངས་པར་བཤད་པའི་ཕྱིར་ཏེ། ཉན་རང་འཕགས་པས་རང་ལམ་དུ་དེ་སྤོང་བར་མི་བྱེད་པའི་ཕྱིར། ཁྱོད་རང་ལ་འོ་ན། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཉན་རང་མཐོང་སྒོམ་བར་ཆད་མེད་ལམ་པས་གང་ཟག་གི་བདག་འཛིན་སྤོང་བར་མི་བྱེད་པར་ཐལ། བདེན་མེད་མངོན་སུམ་དུ་རྟོགས་པའི་ཉན་རང་གི་མཐོང་ལམ་པ་དང་སྒོམ་ལམ་པས་བདེན་འཛིན་སྤོང་བར་མི་བྱེད་པའི་ཕྱིར། མ་ཁྱབ་ན། དེའི་རྒྱུད་དེས་བཅིངས་པར་ཐལ། མ་ཁྱབ་པ་དེའི་ཕྱིར། ཡང་ཁོ་ན་རེ། གཉེན་པོ་ཕྱོགས་ཀྱི་གཞི་ཤེས་དང་མི་མཐུན་ཕྱོགས་ཀྱི་གཞི་ཤེས་གཉིས་འདིར་བསྟན་གཞི་ཤེས་ཡིན་པར་ཐལ། དེ་གཉིས་རྩ་བར། དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། །ཞེས་སོགས་ཀྱི་བསྟན་བྱའི་གཙོ་བོ་ཡིན་པའི་ཕྱིར། འདོད་ན། དེ་གཉིས་སྐབས་གསུམ་པའི་བསྟན་བྱའི་གཙོ་བོ་ཡིན་པར་ཐལ། འདོད་པའི་ཕྱིར་ན་རྣམ་པ་གཅིག་ཏུ་མ་ཁྱབ། འདོད་ན། མི་མཐུན་ཕྱོགས་ཀྱི་དེ་སྐབས་གསུམ་པའི་བསྟན་བྱའི་གཙོ་བོ་ཡིན་པར་ཐལ། འདོད་པའི་ཕྱིར་ན་འདིར་མ་ཁྱབ། འདོད་ན། གཞི་ཤེས་དེ་མངོན་རྟོགས་རྒྱན་གྱི་བསྟན་བྱའི་གཙོ་བོ་ཡིན་པར་ཐལ། དོན་མངོན་རྟོགས་བརྒྱད་མངོན་རྟོགས་རྒྱན་གྱི་བསྟན་བྱའི་གཙོ་བོ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། རྩ་བར། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིིས་ཡང་དག་བཤད། །ཅེས་གསུངས་པའི་ཕྱིར། འདོད་ན། སྐབས་གསུམ་པའི་བསྟན་བྱའི་གཙོ་བོ་ཡིན་ན། མངོན་རྟོགས་རྒྱན་གྱི་དེ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། སྐབས་གསུམ་པའི་ཤུགས་བསྟན་བསྟན་བྱའི་གཙོ་བོ་ཡིན་ན། རྒྱན་གྱི་དེ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་དང་ཐེག་ཆེན་སེམས་བསྐྱེད་ཉེར་གཉིས་ཆོས་ཅན། རྒྱན་གྱི་ཤུགས་བསྟན་བསྟན་བྱའི་གཙོ་བོ་ཡིན་པར་ཐལ། གསུམ་པའི་དེའི་ཕྱིར། འཁོར་གསུམ། འདོད་མི་ནུས་ཏེ། དངོས་པོ་བརྒྱད་དང་དོན་བདུན་ཅུ་གཉིས་ཚིག་དོན་ཡན་ལག་གི་སྒོ་ནས་རྒྱས་པར་བཤད་པའི་ཕྱིར། རྣམ་བཤད་ལས། གཏན་ལ་དབབ་བྱའི་གཙོ་བོ་རིགས་ཅན་གསུམ་གྱི་མངོན་པར་རྟོགས་པའི་རིམ་པ། ཞེས་གསུངས་པའི་ཕྱིར།

(456) པར་ཐེངས་གཉིས་པ། བྱང་སེམས་ལ་ལྟོས།

 

སྨྲས་པ།

མགོ་ལ་མེ་ཤོར་ལྟ་བུར་རབ་བརྩོན་ཀྱང། །

ཐབས་མཁས་བྲལ་ན་སྲིད་ཞིའི་མཐར་ལྟུང་ན། །

ཐབས་དང་ཤེས་རབ་འབྲེལ་བའི་ལམ་བཟང་པོ། །

དགེ་བའི་བཤེས་གཉེན་རྒྱལ་བའི་ལམ་ཚོལ་རིགས། །

    མཁས་ཀྱང་ཕ་མའི་གྲངས་མཐའ་མེད་པའི་འགྲོར། །ཤེས་བཞིན་རང་ཉིད་གཅིག་པུའི་ཞི་བདེའི་དབྱིངས། །ལ་ཞུགས་མ་རྣམས་འབོར་བའི་ངང་ཚུལ་འདི། །འཕགས་པ་ཡིན་ཀྱང་སྨད་པའི་ཚུལ་ལ་ཉེ། །རང་ཉིད་འཆིང་བརྒྱས་བཅིངས་ཀྱང་མ་ལུས་འགྲོ །སྒྲོལ་འདོད་དབུགས་འབྱིན་རྒྱས་སྲས་དང་པོ་དང། །སྒོ་ངའི་སྦུབ་རྒྱ་མ་གྲོལ་སྐད་འབྱིན་པའི། །ཀ་ལ་པིང་ཀས་སྐྱེ་དགུ་ངོ་མཚར་བྱེད ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། 

 

                                                                                                                           རྩོམ་སྒྲིག་པ། མང་ར་བ།

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                       དྲ་བའི་སྦྲེལ་ཐགhttp://www.tb1025.cn  


བརྒྱུད་འགོད།