ཀུན་མཁྱེན་ཕར་ཕྱིན་ལས་སྒྲུབ་པ་སྒོམ་ལམ་དང་རྣམ་དག་སྒོམ་ལམ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-01-09 19:05:38     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 327140103195357364.jpg

           གཉིས་པ་ཟག་མེད་སྒོམ་ལམ་ལ་དབྱེ་བས་མཚམས་སྦྱར་བ་དང༌། སོ་སོའི་ངོ་བོ་བཤད་པ་གཉིས། དང་པོ་ནི། འགྲེལ་བ་ལས། ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་སྒོམ་པའི་ལམ་སྟེ་དེ་ཡང་རྣམ་པ་གཉིས་སོ། །ཞེས་བྱུང༌། གཉིས་པ་ལ་སྒྲུབ་པ་སྒོམ་ལམ་དང༌། རྣམ་དག་སྒོམ་ལམ་གཉིས། དང་པོ་སྟོན་པར། འགྲེལ་བ་ལས། དེའི་ཕྱིར་དང་པོ་མངོན་པར་སྒྲུབ་པའི་མཚན་ཉིད་སྒོམ་པའི་ལམ། ཞེས་དང༌། རྩ་བར། དེ་ཡི་ངོ་བོ་ཉིད་མཆོག་ཉིད། །སོགས་ཚིགས་བཅད་རྩ་འགྲེལ་བྱུང༌། འདི་ལ་འཕྲོས་དང་མཐའ་དཔྱད་པ་གཉིས་ལས། དང་པོ་ནི། མདོ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་རྣམ་པར་དག་པས་སྣང་བར་བགྱིད་པའོ། །ཞེས་པ་ནས། དེ་ཡང་གཟུགས་ནས་རྣམ་མཁྱེན་གྱི་བར་མངོན་པར་སྒྲུབ་པ་མེད་པའི་ཤེར་ཕྱིན་མངོན་པར་སྒྲུབ་པར་བྱའོ། །ཞེས་སོགས་ཀྱི་དོན་སྟོན་པར་འདི་བྱུང༌། མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། སྒྲུབ་པ་སྒོམ་ལམ་དང་རྣམ་དག་སྒོམ་ལམ་གཉིས་འབྱེད་པའི་རྒྱུ་མཚན་སྤངས་རྟོགས་སོ་སོ་བ་ཡིན་པས་ཟེར་ན། འོ་ན་རྣམ་དག་སྒོམ་ལམ་སྤངས་པ་ཡིན་པར་ཐལ། དེ་གཉིས་སྤངས་རྟོགས་སོ་སོ་བ་ཡིན་པ་དེའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་དྲི་མ་སེལ་བྱེད་སྒོམ་ལམ་སྐོར་དགུ་ཡོད་པའི་ཕྱིར། གསེར་ཕྲེང་ལས། སྒོམ་ལམ་དྲི་མ་དགུ་སེལ་བྱེད་དུ་གསུངས་སོ། །ཞེས་སོ། །ཡང་ཁ་ཅིག་ན་རེ། དེའི་རྒྱུ་མཚན་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་སོ་སོ་བ་ཡིན་པས་ཟེར། འོ་ན་རྣམ་དག་སྒོམ་ལམ་རྣམ་གྲོལ་ལམ་ཁོ་ན་ཡིན་པར་ཐལ། སོ་སོ་བ་དེའི་ཕྱིར། འདོད་ན། དེ་ལ་སྤང་བྱ་དགུ་འཇོམས་བྱེད་གཅིག་མེད་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། རྣམ་གྲོལ་ལམ་གྱི་ཚེ་གཉེན་པོའི་བྱེད་པ་ཆད་པའི་ཕྱིར། འདོད་ན། རྩ་བར། ཆེན་པོ་ལ་སོགས་དྲི་མ་ཡི། །གཉེན་པོ་ཆུང་ངུའི། ཞེས་གསུངས་པ་མི་འཐད་པར་ཐལ། དེ་ལ་སྤང་བྱ་སྐོར་དགུ་འཇོམས་པའི་བར་ཆད་མེད་ལམ་རེ་མེད་པའི་ཕྱིར། ཁྱབ་སྟེ། གསེར་ཕྲེང་ལས། སྤང་བྱ་དགུ་འཇོམས་བྱེད་དུ་གསུངས་ལ། རྣམ་གྲོལ་ལམ་གྱི་ཚེ་གཉེན་པོའི་བྱེད་པ་ཆད་པས་སོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། དེའི་རྒྱུ་མཚན་གཞན་དབང་གི་ཡུལ་ཅན་ཡོན་ཏན་སྒྲུབ་པ་དང་ཡོངས་གྲུབ་ཀྱི་ཡུལ་ཅན་དྲི་མ་སེལ་བ་གཉིས་ཡོད་པས་ཟེར་ན། འོ་ན་འདི་གཉིས་འགལ་བར་ཐལ། དེ་གཉིས་ཀྱི་སྒྲུབ་པ་རྗེས་ཐོབ་དང༌། རྣམ་དག་གི་དེ་མཉམ་བཞག་ལ་བྱེད་པའི་ཕྱིར། འདོད་མི་ནུས་ཏེ། མཉམ་བཞག་གཅིག་ལ་ཡུལ་རྟོགས་ཚུལ་གྱི་སྒོ་ནས་སྒྲུབ་པ་དང༌། སྤང་བྱ་འཇོམས་ཚུལ་གྱི་སྒོ་ནས་རྣམ་དག་གི་དེ་ཞེས་ལྡོག་པས་གཉིས་འབྱེད་པའི་ཕྱིར། གསེར་ཕྲེང་ལས། འདི་གཉིས་དངོས་པོར་ཐ་དད་པར་མི་བསམ་མོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཐེག་ཆེན་གྱི་ཟག་མེད་སྒོམ་ལམ་གང་ཞིག །རྟོགས་པ་མཐར་ཐུག་གི་ལག་རྗེས་འཇོག་བྱེད་དེ། སྒྲུབ་པ་སྒོམ་ལམ་གྱི་མཚན་ཉིད། དེ་གང་ཞིག་སྤངས་པ་མཐར་ཐུག་གི་ལག་རྗེས་འཇོག་བྱེད་དེ། རྣམ་དག་སྒོམ་ལམ་གྱི་མཚན་ཉིད་ཟེར་ན། དང་པོ་ལ། རྟོགས་པ་མཐར་ཐུག་གི་འབྲས་བུར་གྱུར་པའི་ས་གཉིས་པའི་རྣམ་གྲོལ་ལམ་ཆོས་ཅན། མཚན་ཉིད་དང་པོ་དེར་ཐལ། མཚོན་བྱ་དང་པོ་དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་ཡོད་པའི་ཕྱིར། དེར་ཐལ། བྱང་སེམས་འཕགས་པའི་དངོས་ཀྱི་གདུལ་བྱར་གྱུར་པའི་ས་གཉིས་པ་བ་ཡོད་པའི་ཕྱིར། རྩ་བར་འདོད་ན། དེ་མ་ཡིན་པར་ཐལ། དེའི་འབྲས་བུ་ཡིན་པའི་ཕྱིར། དམ་བཅའ་གཉིས་པ་ལ་འོ་ན། སྤངས་པ་མཐར་ཐུག་གི་རྒྱུར་གྱུར་པའི་རྣམ་དག་སྒོམ་ལམ་ཡོད་པར་ཐལ། མཚན་ཉིད་གཉིས་པ་འཐད་པའི་ཕྱིར་ན་ཅུང་ཟད་མ་ཁྱབ་སྟེ། ལག་རྗེས་ལ་རྒྱུས་མ་ཁྱབ་པའི་ཕྱིར། འོན་ཀྱང་དམ་བཅའ་དེ་ལ་སྤངས་པ་མཐར་ཐུག་གི་རྗེས་སུ་གྲུབ་པའི་རྣམ་དག་སྒོམ་ལམ་ཆོས་ཅན། སྤངས་པ་མཐར་ཐུག་གི་ལག་རྗེས་འཇོག་བྱེད་ཡིན་པར་ཐལ། མཚན་ཉིད་དེ་འཐད་པའི་ཕྱིར། འདོད་ན། སྤངས་པ་མཐར་ཐུག་གྲུབ་པ་ཁྱོད་ཀྱི་ལག་རྗེས་ལ་ལྟོས་པར་ཐལ། ཁྱོད་དེའི་ལག་རྗེས་འཇོག་བྱེད་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ལ་མ་ལྟོས་པར་དེའི་སྔོན་ནས་གྲུབ་པའི་ཕྱིར། འཁོར་གསུམ་ཁས། གཞན་ལའང་འཁྲི་ཚུལ་དེ་བྱའོ། །

    རང་ལུགས་ལ། སྒོམ་ལམ་གཉིས་བཤད་པ་དང༌། རྣམ་དག་བཞི་བཤད་པ་གཉིས། དང་པོ་ནི། ཐེག་ཆེན་གྱི་ཟག་མེད་སྒོམ་ལམ་གང༌། རང་འབྲས་རྟོགས་པ་མཐར་ཐུག་གི་ལག་རྗེས་འཇོག་པའི་ཆ་ནས་བཞག་པའི་ཐེག་ཆེན་གྱི་ཟག་མེད་རྗེས་ལ་མངོན་རྟོགས་དེ། སྒྲུབ་པ་སྒོམ་ལམ་གྱི་མཚན་ཉིད། དབྱེ་ན་ལྔ་ཡོད། ངོ་བོ་དང། འབྲས་བུའི་ཁྱད་པར་དུ་བྱས་པ་དང༌། བྱེད་ལས་དང་འབྲེལ་བའི་དེ། གནས་སྐབས་ཀྱི་ཡོན་ཏན་དང་འབྲེལ་བའི་དེ། མཐར་ཐུག་གི་ཡོན་ཏན་དང་འབྲེལ་བའི་དེ་རྣམས་ཡོད་པའི་ཕྱིར། ཐེག་ཆེན་གྱི་ཟག་མེད་སྒོམ་ལམ་གང༌། རང་འབྲས་སྤངས་པ་མཐར་ཐུག་གི་ལག་རྗེས་འཇོག་པའི་ཆ་ནས་བཞག་པའི་ཐེག་ཆེན་གྱི་ཟག་མེད་རྗེས་ལ་མངོན་རྟོགས་དེ། རྣམ་དག་སྒོམ་ལམ་གྱི་མཚན་ཉིད། དབྱེ་ན་ས་བཅུའི་རྣམ་དག་སྒོམ་ལམ་བཅུ་ཡོད་དེ། གསེར་ཕྲེང་གིས་གསུངས་པ་དེའི་ཕྱིར། གཉིས་པ་ལ་སོ་སོའི་བཤད་ཚུལ། བསྟན་བཅོས་ཀྱིས་བསྡུས་ཚུལ། རྣམ་དག་གི་རང་བཞིན་གསུམ། དང་པོ་ནི། མདོ་ལས། གཟུགས་རྣམ་པར་དག་པས་འདོད་ཆགས་རྣམ་པར་དག་ཅེས་སོགས་ཀྱིས་ཉན་ཐོས་ཀྱི་རྣམ་དག་དེ་བསྟན། ཡང་གཟུགས་རྣམ་པར་དག་པས་མི་རྟག་པ་རྣམ་པར་དག་སོགས་ཀྱིས་རང་རྒྱལ་གྱི་དེ་བསྟན། ཡང་གཟུགས་རྣམ་པར་དག་པས་སྦྱིན་པའི་ཕར་ཕྱིན་རྣམ་པར་དག་སོགས་ཀྱིས་བྱང་སེམས་ཀྱི་དེ་བསྟན། ཡང་གཟུགས་རྣམ་པར་དག་པས་སྟོབས་བཅུ་རྣམ་པར་དག་སོགས་ཀྱིས་སངས་རྒྱས་ཀྱི་རྣམ་དག་དེ་བསྟན་ནོ། །གཉིས་པ་ནི། དེ་བཞིའི་དོན་འཆད་པར། རྩ་བར། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། །ཞེས་སོགས་བྱུང༌། ཉོན་མོངས་སྤངས་པའི་ཆ་ནས་བཞག་པའི་ཉན་ཐོས་ཀྱི་སོ་སོར་བརྟགས་འགོག་དེ་ཉན་ཐོས་ཀྱི་རྣམ་དག་གི་ངོ་བོ། རང་འདྲེན་བྱེད་ཀྱི་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་གཟུགས་སོགས་ཕྱི་དོན་དུ་འཛིན་པའི་རྟོག་པ་སྤངས་པའི་ཆ་བཞག་གི་རང་རྒྱལ་གྱི་སོ་སོར་བརྟགས་འགོག་དེ། རང་རྒྱལ་གྱི་རྣམ་དག་གི་ངོ་བོ་ཡིན་ཏེ། རྣམ་བཤད་ལས། ཉན་རང་དགྲ་བཅོམ་པའི་རྒྱུད་ཀྱི་སྤངས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་དག་པ་ཞེས་བྱ་སྟེ། ཞེས་སོ རང་འདྲེན་བྱེད་ཀྱི་བར་ཆད་མེད་ལམ་གྱི་སྤང་བྱར་གྱུར་པའི་ལམ་གསུམ་གྱི་སྒྲིབ་པ་ཅི་རིགས་སྤངས་པའི་རབ་ཏུ་ཕྱེ་བའི་བྱང་སེམས་ཀྱི་བྲལ་བ་དེ། བྱང་སེམས་ཀྱི་རྣམ་དག་གི་མཚན་ཉིད་ཡིན་ཏེ། རྣམ་བཤད་ལས། ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས་དང་གསུམ་ཅི་རིགས་སུ་སྤངས་པའི་དེའི་རྒྱུད་ཀྱི་བྲལ་བ་ཡིན་པའི་ཕྱིར། ཞེས་སོ། །སྒྲིབ་གཉིས་ཟད་པར་སྤངས་པའི་རབ་ཏུ་ཕྱེ་བའི་སོ་སོར་བརྟགས་འགོག་དེ། སངས་རྒྱས་ཀྱི་རྣམ་དག་གི་མཚན་ཉིད།

    རྩོད་སྤོང་ལ་ཁོ་ན་རེ། ཉན་ཐོས་མཐོང་ལམ་རྣམ་གྲོལ་ལམ་པ་བའི་རྒྱུད་ཀྱི་མཐོང་སྤང་བདག་འཛིན་སྤངས་པའི་སྤངས་པ་ཆོས་ཅན། ཉན་ཐོས་ཀྱི་རྣམ་དག་གི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། ཉན་ཐོས་ཀྱི་འགོག་བདེན་ཡིན་པའི་ཕྱིར་ན་མ་ཁྱབ། ཡང་ཁོ་ན་རེ། བྱང་སེམས་ཀྱི་རྣམ་དག་ལ་ལམ་གསུམ་གྱི་སྒྲིབ་པ་ཅི་རིགས་སྤངས་པའི་བྱང་སེམས་ཀྱི་བྲལ་བས་ཁྱབ་པར་ཐལ། རྣམ་བཤད་ལས། ལམ་གསུམ་གྱི་སྒྲིབ་པ་ཅི་རིགས་སྤངས་པའི་དེའི་རྒྱུད་ཀྱི་བྲལ་བ། ཞེས་གསུངས་པའི་ཕྱིར་ན་རྣམ་པ་གཅིག་ཏུ་མ་ཁྱབ། འདོད་ན། ལམ་གསུམ་གྱི་སྒྲིབ་པ་ཅི་རིགས་སྤངས་པར་ཐལ་ལོ། །ཡང་ཁོ་ན་རེ། རྣམ་གྲོལ་ལམ་རང་རྒྱུ་བར་ཆད་མེད་ལམ་གྱི་སྤང་བྱས་དག་པ་ན། དེའི་ཡུལ་གཟུགས་སོགས་བར་ཆད་མེད་ལམ་གྱི་བསལ་བྱའི་དྲི་མས་དག་པར་ཐལ། རྣམ་དག་རང་དང་སྤྱིའི་མཚན་ཉིད་ཐ་དད་མ་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན་རྣམ་མཁྱེན་རྒྱུན་མཐའི་བར་ཆད་མེད་ལམ་གྱི་བསལ་བྱས་དག་པ་ན། རྣམ་གྲོལ་ལམ་དེའི་ཡུལ་གཟུགས་སོགས་དེས་དག་པར་ཐལ་ལོ། །དམ་བཅའ་དེའི་ཕྱིར། འདོད་ན། སྐྱེས་བུ་གཅིག་སངས་རྒྱས་ན་ཕྱི་མ་རྣམས་ཀྱིས་ལམ་སྒོམ་མི་དགོས་པར་ཐལ། རྣམ་པར་དག་ཚུལ་དེའི་ཕྱིར། དེས་ན་རྣམ་བཤད་ལས། རྣལ་འབྱོར་བ་རང་ཉིད་ཀྱི་དྲི་མ་མཐའ་དག་ཟད་པ་ན་དེའི་ཡུལ་མཐའ་དག་དྲི་མས་དབེན་པར་སྟོན་པ་མ་ཡིན་ཏེ། དེ་ལྟ་ན་སྐྱེས་བུ་གཅིག་སངས་རྒྱས་པ་ན་ཕྱི་མ་རྣམས་ལམ་བསྒོམ་པའི་འབད་པ་ལ་མི་ལྟོས་པར་ཐལ་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། གཉེན་པོ་ཐེག་ཆེན་སྒོམ་ལམ་ཆུང་ངུས་སྒོམ་སྤང་ཆེན་པོ་སྤངས་མི་རིགས་པར་ཐལ། སྒོམ་ལམ་ཆེན་པོས་དེ་ཆེན་པོ་སྤངས་དགོས་པའི་ཕྱིར། དཔེར་ན་དགྲ་སྟོབས་ཅན་ལ་གཤེད་མ་སྟོབས་ལྡན་དགོས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་གཉིས་མི་མཚུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། གོས་ཀྱི་དྲི་མ་ཆུང་ངུ་ཁྲུས་ཆེན་པོས་འདགས་པ་ལྟར་ཡིན་པས་ཀླན་ཀ་དེ་མི་རུང་བའི་ཕྱིར། ཡང་ཁོ་ན་རེ། ཐེག་ཆེན་སྒོམ་ལམ་ལ་སེམས་རྟེན་འདོད་སེམས་མི་རུང་བར་ཐལ། ཉན་ཐོས་ལ་མི་རུང་བའི་ཕྱིར་ན་མ་ཁྱབ། འདོད་ན། དེ་མི་འཐད་པར་ཐལ། བྱང་སེམས་ཐབས་ལ་མཁས་པས་ས་དགུ་ལ་བརྟེན་ནས་སྒོམ་སྤང་སྤོང་བའི་ཕྱིར།

 

སྨྲས་པ།

བགྲང་ཡས་རྒྱལ་བའི་ཐུགས་རྗེའི་སྤྱན་གྱིས་གཟིགས། །

རང་རྒྱུད་བྱམས་དང་སྙིང་རྗེ་ཆེན་པོས་གང༌། །

སྐལ་ལྡན་གདུལ་བྱས་སྐར་ཚོགས་བཞིན་བསྐོར་བའི། །

སར་གནས་འཕགས་པའི་ཚོགས་ལ་ཕྱག་འཚལ་འདུད། །

    ས་བརྒྱད་མི་ལྡོག་ས་ལ་གནས་དེར་ཡང༌། །རྒྱལ་བས་མཉམ་བཞག་བསླངས་ནས་ད་དུང་ཚོགས། །རྒྱ་ཆེར་སོག་ཅིག་གདུལ་བྱའི་དོན་གྱིས་ཞེས། །བསྐུལ་ན་ཉི་ཚེའི་དག་པས་ཆོག་འདོད་མཚར། །དུས་གསུམ་རྒྱལ་ཀུན་སྐྱེད་ཡུམ་ཟླ་མེད་པ། །འཕགས་སེང་དགོངས་བཞིན་རྒྱལ་བ་གཉིས་པའི་ལུགས། །བཤད་པས་མཁའ་མཉམ་མ་ལུས་འགྲོ་བ་འདིས། །ས་བཅུའི་བགྲོད་པ་མྱུར་དུ་མཐར་ཕྱིན་ཤོག །ཅེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐའ་དཔྱོད་ནོར་བུའི་ཕྲེང་མཛེས་མཁས་པའི་མགུལ་རྒྱན་ལས་སྐབས་གཉིས་པའི་དོན་ལེགས་པར་བཤད་ཟིན་ཏོ།། །

 

                                                                                                                          རྩོམ་སྒྲིག་པ། མང་ར་བ།

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                       དྲ་བའི་སྦྲེལ་ཐགhttp://www.tb1025.cn  


བརྒྱུད་འགོད།