ཀུན་མཁྱེན་ཕར་ཕྱིན་ལས་སྒོམ་ལམ་གྱི་བྱེད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-12-27 20:32:27     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

625900460895120324.jpg

           གཉིས་པ་སྒོམ་ལམ་ལ་དེའི་བྱེད་པ་དང༌། བྱེད་པ་ཅན་གྱི་སྒོམ་ལམ་དང་གཉིས། དང་པོ་སྟོན་པར། ཀུན་ནས་ཞི་དང་ཐམས་ཅད་ལ། །ཞེས་སོགས་བྱུང༌། འདི་ལ་འཕྲོས་སྦྱོར་མཐའ་དཔྱད་པ་གསུམ། དང་པོ་ནི། མདོ་ལས། འདི་ལྟར་བྱང་ཆེན་རྣམས་ཡོངས་སུ་དུལ་བ་དང་ང་རྒྱལ་མ་མཆིས་པའི་དོན་དུ་ཉེ་བར་གནས་པ་ནི་ངོ་མཚར་ཆེ། ཞེས་པ་ནས། དེ་ལ་ལ་ལ་ཞིག་གིས་དུག་གིས་གཏོར་རམ་བྱད་བྱས་སམ་མེ་འོབས་སུ་གཏོར་རམ་མཚོན་གྱིས་བཏབ་བམ་དུག་བླུད་དམ་ཆུར་བོར་ཡང་རུང་སྟེ། དེ་དག་ཐམས་ཅད་ཀྱིས་དེ་ལ་གནོད་པར་མི་འགྱུར་རོ། །ཞེས་སོགས་ཀྱི་དོན་སྟོན་པར་འདི་བྱུང༌། གཉིས་པ་ནི། ཐེག་ཆེན་སྒོམ་ལམ་གྱི་བྱེད་པ་ཆོས་ཅན། ཁྱོད་ལ་དུ་མ་ཡོད་དེ། ནད་ཞི་བ་དང་སྐྱེ་བོ་ཐམས་ཅད་འདུད་པ་དང་ཉོན་མོངས་ལས་རྒྱལ་བ་དང་དུག་མཚོན་གྱིས་མི་གནོད་པ་དང་བྱང་ཆུབ་སྒྲུབ་པར་ཞུགས་པ་དང་རང་གར་བཞུག་གི་ས་ཕྱོགས་མཆོད་རྟེན་དུ་གྱུར་པ་སྟེ་དྲུག་ཡོད་པའི་ཕྱིར། །གསུམ་པ་ལ་བོད་ཁ་ཅིག་ན་རེ། རང་དོན་མོས་པ་ནི་མ་དག་ས་བདུན་གྱི་རྗེས་ཐོབ་ཀྱིས་བསྡུས་ཏེ། དེར་ཉོན་ཡིད་མ་སྤངས་པས་ང་རྒྱལ་ཕྲ་མོ་འབྱུང་ཟེར་ན། ས་བདུན་པར་ང་རྒྱལ་དང་ཉོན་ཡིད་ཕྲ་མོ་མེད་པར་ཐལ། ས་དང་པོ་ནས་ཉོན་སྒྲིབ་ས་བོན་དང་བཅས་པ་ཟད་པར་སྤངས་པའི་ཕྱིར་ཏེ། དེར་ཉན་རང་གི་སྤངས་རྟོགས་རྫོགས་པའི་ཕྱིར། ཡང་ཁ་ཆེ་ཀུ་མ་ཤྲི་ན་རེ། མོས་པ་སྒོམ་ལམ་ས་གཉིས་པ་ས་གསུམ་པ་ས་བཞི་པ་གསུམ་ལ་འཇོག །བསྔོ་བ་སྒོམ་ལམ་ས་ལྔ་པ་དྲུག་པ་བདུན་པ་གསུམ། རྗེས་སུ་ཡི་རང་སྒོམ་ལམ་ས་བརྒྱད་པ་དང་དགུ་པ་གཉིས་ལ་འཇོག་ཟེར་ཏེ། ཀུ་མ་རའི་བསྡུས་དོན་ལས། མོས་པ་ནི་ས་གཉིས་པ་དང་གསུམ་པས་བསྡུས་སོ། །བསྔོ་བ་ནི་ས་ལྔ་པ་དང་དྲུག་པ་བདུན་པས་བསྡུས་སོ། །རྗེས་སུ་ཡི་རང་ནི་ས་བརྒྱད་པ་དང་དགུ་བས་བསྡུས་སོ། །ཞེས་གསུངས་པའི་ཕྱིར། དེ་ཤིན་ཏུ་མི་འཐད་པར་ཐལ། དེ་ལྟར་འདོད་པ་ལ་སྒྲུབ་བྱེད་མེད་པའི་ཕྱིར་དང༌། བསྔོ་བ་དང་ཡི་རང་ས་གཉིས་པ་ནས་ཡོད་པ་དང་མོས་པ་ས་ལྔ་པ་ཡན་ཆད་ལ་ཡོད་པ་ལ་གནོད་བྱེད་མེད་པའི་ཕྱིར། གསེར་ཕྲེང་ལས། དེ་ལྟར་འདོད་པ་ལ་སྒྲུབ་བྱེད་མེད་ཅིང༌། ཞེས་གསུངས་པའི་ཕྱིར། ཨ་བྷྱས་འདི་ཡི་ཟག་བཅས་སྒོམ་ལམ་གསུམ་འཇིག་རྟེན་པའི་སྒོམ་ལམ་དུ་བཞེད་དེ། ཐུབ་དགོངས་ལས་དྲོད་ཆུང་འབྲིང་ཆེ་གསུམ་སྐོར་དགུ་ལ་རང་དོན་མོས་པ་སྐོར་དགུ་དང༌། རྩེ་མོ་སྐོར་དགུ་ལ་གཉིས་དོན་མོས་པ་སྐོར་དགུ་དང༌། བཟོད་པ་སྐོར་དགུ་ལ་གཞན་དོན་མོས་པ་སྐོར་དགུ་དང༌། ཆོས་མཆོག་སྐོར་གསུམ་ལ་ཡི་རང་དང་བསྔོ་བ་དང་བྱེད་པ་དྲུག་འདོད་པའི་ཕྱིར། ཐུབ་དགོངས་ལས། དེ་ལ་དྲོད་གསུམ་པོ་རིམ་པ་ཇི་ལྟར་ཆུང་ངུ་དང་འབྲིང་དང་ཆེན་པོའི་མོས་པའི་རང་བཞིན་ལ་སླར་ཡང་ཆུང་ངུའི་ཆུང་ངུ་ལ་སོགས་པའི་དབྱེ་བས་མོས་པ་རྣམས་རང་གི་དོན་གྱིས་ཏེ་ཞེས་སོགས་བཤད་པའི་ཕྱིར། བི་མ་ལ་མི་ཏྲས་ཀྱང་དེ་ལྟར་བཤད་དེ། ཤེར་སྙིང་རྒྱ་ཆེར་འགྲེལ་ལས། དེ་ལ་མོས་པ་སྤྱོད་པ་ནི་རྣམ་པ་གསུམ་སྟེ། རང་གི་དོན་དང༌། གཞན་གྱི་དོན་དང༌། རང་གཞན་གྱི་དོན་ཏེ། རེ་རེ་ལ་ཡང་སོ་སོར་ཆུང་ངུ་ལ་སོགས་པའི་དབྱེ་བས་རྣམ་པ་དགུ་དགུ་སྟེ་དེ་ལྟར་མོས་པ་ཉི་ཤུ་རྩ་བདུན། ཞེས་སོ། །འདི་གཉིས་ཀྱང་མི་འཐད་པར་ཐལ། རྗེ་བཙུན་གྱིས་མོས་པ་སོགས་སྒོམ་ལམ་དུ་གསུངས་ཤིང༌། མཐོང་ལམ་དང་སྐྱེ་རིམ་གྱིས་གསུངས་པའི་ཕྱིར། ཉི་སྣང་ལས། སྒོམ་པའི་ལམ་ཡང་རྣམ་པ་གཉིས་ཏེ་ཟག་པ་དང་བཅས་པ་དང་ཟག་པ་མེད་པའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་སྒོམ་ལམ་ཁོ་ནར་བཤད་ཀྱི་སྦྱོར་ལམ་དང་མ་སྦྱར་བའི་ཕྱིར། ཉི་སྣང་ལས། དེ་ལ་ཟག་པ་དང་བཅས་པ་ནི་མོས་པ་དང་བསྔོ་བ་དང་རྗེས་སུ་ཡི་རང་བའི་ཡིད་ལ་བྱེད་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར།

    ཡང་ཁ་ཅིག །རང་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་ཐེག་ཆེན་གྱི་སྒོམ་ལམ་བསྒོམ་སྟོབས་ཀྱིས་ཐོབ་པའི་རྣམ་དཀར་གྱི་ཡོན་ཏན་དེ། ཐེག་ཆེན་གྱི་སྒོམ་ལམ་བྱེད་པའི་མཚན་ཉིད་ཟེར་ན། ཐུབ་དབང་གི་སེན་མོ་ཟངས་མདོག་ཆོས་ཅན། མཚན་ཉིད་དེར་ཐལ། ཐེག་ཆེན་སྒོམ་ལམ་གྱི་བྱེད་པ་ཡིན་པའི་ཕྱིར། འདོད་ན། རྣམ་དཀར་གྱི་ཡོན་ཏན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དགེ་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ལུང་མ་བསྟན་ཡིན་པའི་ཕྱིར་ཏེ། རྣམ་སྨིན་ཡིན་པའི་ཕྱིར། ཁྱབ་སྟེ། མཛོད་ལས། རྣམ་སྨིན་ལུང་དུ་མ་བསྟན་ཆོས། །ཞེས་གསུངས་པའི་ཕྱིར། ཐུན་མོང་གི་དབང་དུ་བྱས་སོ། །ཡང་ཁ་ཅིག་ན་རེ། ཐེག་ཆེན་སྒོམ་ལམ་བསྒོམ་སྟོབས་ཀྱིས་ཐོབ་པའི་སེམས་དཔའི་ཡོན་ཏན་དེ་དེའི་མཚན་ཉིད་ཟེར་ན། རྣམ་མཁྱེན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། ཐེག་ཆེན་སྒོམ་ལམ་གྱི་བྱེད་པ་སངས་རྒྱས་ཀྱི་ས་ནའང་ཡོད་པའི་ཕྱིར། དེར་ཐལ། གསེར་ཕྲེང་ལས། སྒོམ་ལམ་བྱེད་པ་ནི་སྒོམ་ལམ་གྱི་འབྲས་བུར་གྱུར་པའི་ཡོན་ཏན་ཏེ། དབྱེ་ན་དྲུག །ས་མཚམས་ས་གཉིས་པའི་སྐད་གཅིག་གཉིས་པ་ནས་སངས་རྒྱས་སའི་བར་རོ། །ཞེས་གསུངས་པའི་ཕྱིར། ས་གཉིས་པ་གསུངས་པ་གཙོ་བོའི་དབང་དུ་བྱས་པ་ཡིན་པས། ས་དང་པོ་ནས་སངས་རྒྱས་སའི་བར་དུ་ཡོད་དོ། །རྩ་བར་འདོད་ན། སེམས་དཔའི་ཡོན་ཏན་དུ་ཐལ་ལོ། །འདོད་པའི་ཕྱིར། ཁ་ཅིག །ཐེག་ཆེན་སྒོམ་ལམ་བསྒོམ་སྟོབས་ཀྱིས་ཐོབ་པའི་ཡོན་ཏན་དེ། དེའི་མཚན་ཉིད་ཟེར་ན། མཚན་ཉིད་དེ་ཆོས་ཅན། ཁྱོད་ལམ་མ་ཞུགས་ན་མེད་པར་ཐལ་ལོ། །ཁྱོད་ཐེག་ཆེན་སྒོམ་ལམ་གྱི་བྱེད་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་ན་དེ་ཡོད་པའི་ཕྱིར། དེར་ཐལ། སྒོམ་ལམ་སྒོམ་པའི་གང་ཟག་ཡིན་ན་དེ་རང་རྒྱུད་ལ་སྐྱེད་ནས་སྒོམ་པ་ཡིན་མི་དགོས་པའི་ཕྱིར། དེར་ཐལ། རྣམ་མཁྱེན་སྒོམ་མཁན་ལ་དེའི་ཕྱིར་ན་ཁ་ཅིག་དེ་གཉིས་མི་མཚུངས་ཏེ། སྐབས་འདིར་སྒོམ་ལམ་སྒོམ་ཚུལ་རང་རྒྱུད་ལ་སྐྱེད་ནས་སྒོམ་པ་ཞིག་དགོས་པའི་ཕྱིར་ན་འདིར་མ་ཁྱབ། རྟགས་གྲུབ་སྟེ། སྒོམ་ལམ་རྒྱུད་ལ་ལྡན་པའི་སྒོམ་ཚུལ་གྱི་བྱེད་པའམ་ཕན་ཡོན་ཡིན་པའི་ཕྱིར། གསེར་ཕྲེང་ལས། བྱེད་པ་ཡང་འཕགས་པའི་དགོངས་པས་སྒོམ་ལམ་གཉིས་ཀའི་བྱེད་པར་བཞེད་ཅིང༌། ཞེས་གསུངས་པའི་ཕྱིར།

    རང་ལུགས་ལ། ཐེག་ཆེན་སྒོམ་ལམ་ཐོབ་མྱོང་བའི་གང་ཟག་གི་རྒྱུད་ཀྱི་ཐེག་ཆེན་སྒོམ་ལམ་སྒོམ་སྟོབས་ཀྱིས་ཐོབ་པའི་ཡོན་ཏན་དེ། ཐེག་ཆེན་སྒོམ་ལམ་བྱེད་པའི་མཚན་ཉིད། དབྱེ་ན་དྲུག ས་མཚམས་ས་དང་པོའི་སྒོམ་ལམ་སྐད་ཅིག་གཉིས་པ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད། སྒྲ་དོན་འདྲེས་རུང་དུ་འཛིན་པའི་རྟོག་པ་དང་བཅས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་དེ། ཐེག་ཆེན་གྱི་སྒོམ་ལམ་ཟག་བཅས་ཀྱི་མཚན་ཉིད། དབྱེ་ན། མོས་བསྔོ་རྗེས་སུ་ཡི་རང་བའི་ཐེག་ཆེན་གྱི་སྒོམ་ལམ་ཟག་བཅས་གསུམ་ཡོད། ཡུམ་ཡོན་ཏན་ཅན་ལ་དེ་ལྟར་དུ་ངེས་པར་འཛིན་པའི་ཟག་བཅས་སྒོམ་ལམ་དེ། མོས་པ་བླ་ན་མེད་པའི་སྒོམ་ལམ་གྱི་མཚན་ཉིད། མོས་ཚུལ་དེ་ལ་དེ་ལྟར་དུ་ངེས་པར་འཛིན་པ་དེ་ཡིན། དབྱེ་ན་དེ་ལ་དགུ་དགུ་སྟེ་ཉེར་བདུན་ཡོད། བསྟོད་བཀུར་བསྔགས་གསུམ་གང་རུང་གི་ཕན་ཡོན་ཡུམ་རང་འབྲས་དོན་གསུམ་གང་རུང་གི་འབྱུང་གནས་སུ་སྒོམ་པའི་སངས་རྒྱས་བྱང་སེམས་གོང་མ་རྣམས་དགྱེས་པའི་ཆ་དང་ཡོན་ཏན་བརྗོད་པའི་ཆ་གང་རུང་ངོ༌། །

    གཞན་དོན་དུ་དགེ་བ་རྫོགས་བྱང་དུ་བསྔོ་བར་བྱེད་པའི་ཟག་བཅས་སྒོམ་ལམ་དེ། བསྔོ་བ་བླ་ན་མེད་པའི་སྒོམ་ལམ་གྱི་མཚན་ཉིད། དབྱེ་ན་བཅུ་གཉིས། རང་གཞན་གྱི་དགེ་བ་ལ་མངོན་པར་དགའ་བའི་ཐེག་ཆེན་གྱི་ཟག་བཅས་སྒོམ་ལམ་དེ། ཐེག་ཆེན་གྱི་རྗེས་སུ་ཡི་རང་བླ་ན་མེད་པའི་སྒོམ་ལམ་གྱི་མཚན་ཉིད། དབྱེ་ན་ཀུན་རྫོབ་དང་དོན་དམ་ཡུལ་ཅན་གྱི་ཡི་རང་གཉིས་ཡོད། མོས་པ་སོགས་འདི་དག་གི་ས་མཚམས་ས་དང་པོ་ནས་བཅུ་པའི་བར་དུ་ཡོད། སྐབས་འདིར་བཤད་པའི་ཟག་བཅས་ཟག་མེད་འདི་སྐབས་བཞི་པར་བཤད་པའི་གཞི་ཤེས་རྣམ་པ་ཟག་མེད་དང་ལམ་ཤེས་རྣམ་པ་ཟག་བཅས་སུ་བཤད་པ་དང་དོན་མི་གཅིག་སྟེ། འདིར་བཤད་པའི་ཟག་བཅས་སྒོམ་ལམ་ཡང་དེར་བཤད་པའི་ཟག་བཅས་སྒོམ་ལམ་ཡིན་པའི་ཕྱིར་ཏེ། ཉོན་མོངས་རང་དོན་དུ་གཙོ་བོར་སྤོང་བར་མི་བྱེད་པའི་ལམ་ཤེས་ཡིན་པའི་ཕྱིར། སྐབས་དང་པོར། ཟག་བཅས་ཟག་པ་མེད་ཆོས་དང༌ ཞེས་པ་དང་དོན་མི་གཅིག་སྟེ། འདིར་བཤད་པའི་ཟག་བཅས་སྒོམ་ལམ་ཡང༌། དེར་བཤད་པའི་ཟག་མེད་ཡིན་པར་སྔར་བཤད་ཟིན་པ་དེའི་ཕྱིར།

    རྩོད་པ་སྤོང་བ་ལ་ཁོ་ན་རེ། དེ་མི་འཐད་པར་ཐལ། འདིའི་ཟག་བཅས་ལ་སྤང་བྱས་ཁྱབ་པའི་ཕྱིར། དེར་ཐལ། ཀུན་བཏུས་ཀྱི་ཟག་བཅས་ལ་ཟག་པའི་སྒོ་དྲུག་དང་འབྲེལ་བ་བཤད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཀུན་བཏུས་ལས། ཟག་པ་དེའི་བདག་ཉིད་དང༌། ཟག་པ་དང་འབྲེལ་བ་དང༌། ཟག་པས་བཅིངས་པ་དང༌། ཟག་པའི་རྗེས་སུ་འབྲེལ་བ་དང༌། ཟག་པའི་རྗེས་སུ་མཐུན་པ་དང༌། ཟག་པའི་རྒྱུ་ལས་བྱུང་བའི་ཕྱིར་ཟག་པ་དང་བཅས་པར་ལྟའོ། །ཞེས་གསུངས་པའི་ཕྱིར། དེས་མཛོད་དང་མི་གཅིག་པ་ཡང་རྟོགས་སླའོ། །

                                                                                                                             རྩོམ་སྒྲིག་པ། མང་ར་བ།

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                       དྲ་བའི་སྦྲེལ་ཐགhttp://www.tb1025.cn  

བརྒྱུད་འགོད།