ཀུན་མཁྱེན་ཕར་ཕྱིན་ལས་ཐེག་ཆེན་གྱི་ལམ་ཤེས་པའི་ལམ་ཤེས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-12-27 20:29:27     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

262203419828328873.jpg

           གསུམ་པ་ཐེག་ཆེན་གྱི་ལམ་ཤེས་པའི་ལམ་ཤེས་ལ། མཐོང་ལམ་བཤད་པ། སྒོམ་ལམ་བཤད་པའོ། །དང་པོ་སྟོན་པར། བདེན་དང་བདེན་ལ། ཞེས་སོགས་བྱུང༌། འདི་ལ་འཕྲོས་དང༌། སྤྱི་དོན་དང༌། མཐའ་དཔྱད་པ་གསུམ། དང་པོ་ནི། མདོ་ལས། ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ནས་བཙལ་བར་བྱ། ཤཱ་རིའི་བུས་སྨྲས་པ། ཀོའུ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རབ་འབྱོར་གྱི་ལེའུ་ལས་བཙལ་བར་བྱའོ། །ཞེས་པའི་དོན་སྟོན་པར་འདི་བྱུང༌། གཉིས་པ་ལ་མཐོང་ལམ་གྱི་རྟེན་དང༌། བརྟེན་པ་མཐོང་ལམ་གྱི་རྣམ་གཞག་གཉིས། དང་པོ་ལ་ལུས་རྟེན་དང་སེམས་རྟེན་གཉིས། དང་པོ་ནི། སྒྲ་མི་སྙན་དང་ཟ་མ་མ་ནིང་མ་གཏོགས་པའི་མི་དང༌། འདོད་ལྷའི་རྟེན་ལ་སྐྱེ་ཡི་གོང་མའི་རྟེན་ལ་སྐྱེ་མི་སྲིད་པར་མཛོད་ལས་བཤད་ཀྱང་སྐྱེ་སླ་བའི་རྟེན་མ་ཡིན་ཏེ། སྐྱོ་བ་ཆུང་བའི་ཕྱིར། མཛོད་ལས། གོང་ན་མཐོང་ལམ་མེད། །མི་སྐྱོ། ཞེས་དང༌། བསྡུ་བ་ལས་ཀྱང༌། ཁམས་གོང་མར་སྐྱེས་པས་ཀྱང་དང་པོར་བདེན་པ་རྣམས་མངོན་པར་མི་རྟོགས་ཏེ། འདི་ལྟར་དེ་དག་ནི་སྐྱོ་བར་འགྱུར་བ་དཀའ་བ་ཡིན་པས། ཞེས་གསུངས་པའི་ཕྱིར། གཉིས་པ་བསམ་གཏན་ས་དྲུག་གང་རུང་ལ་བརྟེན་པ་ཡིན་ཏེ། བསམ་གཏན་དང་པོའི་ཉེར་བསྡོགས་དང་དངོས་གཞི་ཙམ་ཁྱད་གཉིས་དང་བསམ་གཏན་ཕྱི་མ་གསུམ་དང་དྲུག་པོ་གང་རུང་ལ་བརྟེན་པའི་ཕྱིར། གསེར་ཕྲེང་ལས། བསམ་གཏན་ས་དྲུག་གང་རུང་ལ་བརྟེན་ཏེ། ཞེས་དང༌། བསྡུ་བ་ལས་ཀྱང༌། བདེན་པ་མངོན་པར་རྟོགས་པ་ནི་བསམ་གཏན་རྣམས་ཁོ་ན་དང་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་པ་ལ་བརྟེན་ནས་ཀྱང་མངོན་པར་རྟོགས་པར་འགྱུར་གྱི་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལས་ནི་མ་ཡིན། ཞེས་གསུངས་པའི་ཕྱིར། གཉིས་པ་ལ་མཐོང་ལམ་གྱི་ངོ་བོ་དང༌། དབྱེ་བ་དང༌། འདའ་བྱེད་དང་འདའ་བྱའི་མཐོང་ལམ་སྐྱེ་ཚུལ་གསུམ་ལས། དང་པོ་མཚན་ཉིད་ཡོད་དེ། རང་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་གསར་དུ་རྟོགས་པའི་ཐེག་ཆེན་ཡེ་ཤེས་ཀྱིས་ཟིན་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དེ་དེ་ཡིན་པའི་ཕྱིར། རྩོད་ཚེ་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དེ། ཐེག་ཆེན་གྱི་མཐོང་ལམ་གྱི་མཚན་ཉིད་དུ་བྱའོ། །གཉིས་པ་ལ་དུས་ཀྱི་སྒོ་ནས་མཉམ་བཞག་ཡེ་ཤེས་རྗེས་ཐོབ་ཡེ་ཤེས་གཉིས་དང༌། རྟོགས་རིགས་ཀྱི་སྒོ་ནས་རང་ཡིན་གྱི་ལམ་ཤེས་གསུམ་དང་འདའ་བྱེད་ཀྱི་མཐོང་ལམ་དང་འདའ་བྱའི་མཐོང་ལམ་གཉིས་ཡོད། མཉམ་བཞག་ཡེ་ཤེས་ལའང་ལྡོག་པའམ་སྤང་བྱའི་སྒོ་ནས་མཐོང་ལམ་བཟོད་པ་བརྒྱད་དང་མཐོང་ལམ་ཤེས་པ་བརྒྱད་དེ་བཅུ་དྲུག་ཡོད་པའི་ཕྱིར། གསུམ་པ་དེའི་རྒྱུད་ལ་ཐེག་ཆེན་གྱི་འདའ་བྱ་འདའ་བྱེད་གཉིས་ཅིག་ཅར་སྐྱེ་བ་ཡིན་ཏེ། དེའི་རྒྱུད་ལ་རྟོགས་རིགས་གསུམ་ཚང་བའི་ལམ་ཤེས་དང་མཐོང་ལམ་ཅིག་ཅར་སྐྱེ་བའི་ཕྱིར།

    གསུམ་པ་མཐའ་དཔྱད་པ་ལ། འགྲེལ་ཆེན་དུ་བཀོད་པའི་ལུགས་གསུམ་དཔྱད་པ་དང༌། སློབ་དཔོན་གྱི་བཞེད་ཚུལ་ལ་ལོག་པར་འཛིན་པ་བསལ་བ་གཉིས་ལས། ལུགས་དང་པོ་ལ་ཆོས་སྲུང་སྡེ་བ་སོགས་ཁ་ཅིག་ན་རེ། ཐེག་ཆེན་གྱི་མཐོང་ལམ་བདེན་བཞི་ལ་བྱ་བ་བྱེད་པའི་མངོན་རྟོགས་སམ་འབྲས་བུའི་མངོན་རྟོགས་སྐད་ཅིག་མ་གཅིག་ཡིན་ཀྱང་སོ་སོར་རྟོགས་པའི་མངོན་རྟོགས་སྐད་ཅིག་བཅུ་དྲུག་ཡིན་ཏེ། དེས་བདེན་བཞིའི་ཆོས་ཉིད་རྟོགས་པའི་དུས་སུ་སྡུག་བསྔལ་ཤེས་ཀུན་འབྱུང་སྤོང་འགོག་པ་མངོན་དུ་བྱེད་པའི་འབྲས་བུའི་མངོན་རྟོགས་སྐད་ཅིག་མ་གཅིག་དང༌། བདེན་པ་རེ་རེ་ལ་ཕྱིན་ཅི་ལོག་རིམ་ཅན་དུ་སེལ་བས་སོ་སོར་རྟོགས་པའི་མངོན་རྟོགས་སྐད་ཅིག་བཅུ་དྲུག་ཡིན་པའི་ཕྱིར། དེས་ན་ཞུགས་གནས་ཀྱང་འཐད་ཟེར་བ་ཡིན་ཏེ། གང་སྤེལ་ལས། འཕགས་པ་ཆོས་སྲུང་བའི་སྡེ་བ་ལ་སོགས་པ་དག་བདེན་པ་རྣམས་མངོན་པར་རྟོགས་པ་གཅིག་ཏུ་བརྗོད་དེ། ཇི་ལྟར་ཞེ་ན་ཁ་ཅིག་གི་ལྟར་ན་སྡུག་བསྔལ་ཤེས་པ་ཁོ་ནས་བདེན་པ་བཞི་རྟོགས་པས། ཞེས་གསུངས་པའི་ཕྱིར། འདི་སློབ་དཔོན་གྱི་བཞེད་པ་མ་ཡིན་པར་ཐལ། རིགས་པས་ཀྱང་མི་འཐད་པའི་ཕྱིར། དེར་ཐལ། སྡུག་བསྔལ་གྱི་ཆོས་ཉིད་གསར་དུ་རྟོགས་ཚེ་འགོག་པ་མངོན་དུ་བྱས་ན། འགོག་པ་ལ་ལམ་བདེན་སྔོན་དུ་འགྲོ་མི་དགོས་པར་ཐལ་བ་དང༌། བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་ཅིག་ཅར་སྐྱེ་བར་ཐལ་བའི་ཕྱིར་རོ། །དེ་ལ་ཁོ་ན་རེ། འགོག་པ་མངོན་དུ་བྱས་པ་མ་ཡིན་པར་བྱེད་པར་འགྱུར་བ་ལ་འདོད་ཟེར་ན། འོ་ན་སྐད་ཅིག་མ་གཅིག་དང་བཅུ་དྲུག་གི་ཁྱད་པར་དོན་མེད་པར་ཐལ་ལོ། །ལུགས་གཉིས་པ་ལ་འཇིག་རྟེན་འདས་པར་སྨྲ་བའི་སྡེ་བ་དང་ས་སྟོན་པ་དང་མང་སྟོན་པ་གསུམ་ན་རེ། འབྲས་བུའི་མངོན་རྟོགས་སྐད་ཅིག་མ་གཅིག་ཡིན་པར་མ་ཟད་སོ་སོར་རྟོགས་པའི་མངོན་རྟོགས་སྐད་ཅིག་མ་གཅིག་ཡིན་ཏེ། བདེན་བཞིའི་ཆོས་ཉིད་མངོན་སུམ་དུ་རྟོགས་ཚེ་ལོག་རྟོག་ཡང་ཅིག་ཅར་སེལ་བའི་ཕྱིར། རྣམ་འགྲེལ་ལས། དོན་གྱི་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ། །ཚད་མ་གཞན་གྱི་བརྟག་བྱ་གང༌། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། །ཅེས་པ་ལྟར་རོ་ཞེས་ཟེར་བ་ཡིན་ཏེ། རྟོག་གེ་འབར་བ་ལས། མང་སྟོན་པ་རྣམས་ཀྱི་དམ་ཚིག་ནི་འདས་པ་དང་མ་འོངས་པ་མེད་དོ། །ད་ལྟར་བྱུང་བའི་འདུ་བྱས་ཡོད་དོ། །སྡུག་བསྔལ་མཐོང་བས་བདེན་པ་བཞི་ཆར་མཐོང་བར་འགྱུར་རོ། །ཞེས་དང༌། སྡེ་བ་ཐ་དད་ཀླགས་པ་ལས། བདེན་པ་ཅིག་ཅར་མཐོང་ངོ་། །མིག་ལ་སོགས་པའི་སེམས་ཀྱིས་ཀྱང་འདོད་ཆགས་དང་བྲལ་བར་འགྱུར་རོ་ཞེས་དང་སྡེ་བ་ཐ་དད་ཀླགས་པ་ལས་ཀྱང༌། ས་སྟོན་སྡེ་བའི་སློབ་མ་རྣམས་ཀྱི་གཞུང་ལུགས་ནི། མ་འོངས་པ་མེད་དོ། །འདས་པ་མེད་དོ། །བདེན་པ་ཅིག་ཅར་མཐོང་ངོ༌། །ཞེས་གསུངས་པའི་ཕྱིར། རྣམ་བཤད་ལས། སོ་སོར་རྟོགས་པའི་མངོན་པར་རྟོགས་པ་ལས་ཀྱང་སྐད་ཅིག་མ་གཅིག་ཡིན་ནོ་ཞེས་ཟེར་རོ། །ཞེས་སོ འདི་ཡང་སློབ་དཔོན་གྱི་བཞེད་པ་ཡིན་པ་མི་འཐད་པར་ཐལ། བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་སྔ་ཕྱིར་མི་སྐྱེ་བར་སྐད་ཅིག་གཅིག་ཏུ་འདོད་པའི་ཕྱིར། དེར་ཐལ། དེ་ལ་ཞུགས་གནས་མི་རུང་བར་ཐལ་བ་འཕངས་པའི་ཕྱིར་རོ། །འགྲེལ་ཆེན་ལས། རྣམ་པ་གཞན་དག་གིས་མཐོང་བའི་ལམ་སྒོམ་པ་མི་འཐད་པའི་ཕྱིར། ཞུགས་པ་ཉིད་ལ་སོགས་པའི་གནས་སྐབས་སུ་ཇི་ལྟར་འགྱུར། ཞེས་གསུངས་པའི་ཕྱིར། རྣམ་བཤད་ལས། འདིས་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་སྔ་ཕྱི་རིམ་ཅན་དུ་མི་སྐྱེ་བར་སྐད་ཅིག་མ་གཅིག་ཏུ་འདོད། ཅེས་སོ། །

    ལུགས་གསུམ་པ་ལ་སྡེ་བ་འགའ་ཞིག་ན་རེ། མཐོང་ལམ་སྐད་ཅིག་མ་གཅིག་ཡིན་ཀྱང་ལྡོག་པའི་སྒོ་ནས་སྐད་ཅིག་མ་བཅུ་དྲུག་ཡིན་པའི་ཕྱིར། དེར་ཐལ། འཁྲུལ་རྒྱུ་ལོག་རྟོག་དུ་མ་ཡོད་པས་དེ་ལ་ལྟོས་པའི་བཟོད་པ་བརྒྱད་དང་ཤེས་པ་བརྒྱད་ལྡོག་པས་ཕྱེ་བའི་ཕྱིར། ཞེས་འདོད་དེ། རྟོག་གེ་འབར་བ་ལས། དེ་ལས་གཞན་པ་རྣམས་ནི་བཅུ་དྲུག་ཏུ་འདོད་པ། ཞེས་དང༌། རིགས་པ་དྲུག་ཅུ་པའི་འགྲེལ་བ་ལས། མངོན་པར་རྟོགས་པ་གཅིག་ཏུ་ཟད་དོ། །ཞེས་དང༌། སྡེ་བ་ཁ་ཅིག་མཐོང་བའི་ལམ་སྐད་ཅིག་བཅོ་ལྔར་མི་འདོད་ཀྱི་མངོན་པར་རྟོགས་པ་གཅིག་ཏུ་ཟད་པར་འདོད་དེ། དེ་དག་གི་འདོད་པ་དང་བཤད་པ་འདི་མི་འགལ་ལོ། །ཞེས་གསུངས་པའི་ཕྱིར། འདི་སློབ་དཔོན་སེང་བཟང་གི་བཞེད་པ་ཡིན་ཏེ། ཟླ་བས་བཤད་པ་བཞིན་མཉམ་གཞག་གཅིག་ལ་ལྡོག་པས་བཟོད་ཤེས་བཅུ་དྲུག་ཕྱེ་བའི་ཕྱིར། འགྲེལ་ཆེན་ལས། རིགས་པའི་སྟོབས་ཀྱི་མཐོང་བའི་ལམ་མངོན་པར་རྟོགས་པ་སྐད་ཅིག་མ་གཅིག་ཡིན་ཡང༌། མངོན་པར་རྟོགས་པ་སྐད་ཅིག་མ་བཅུ་དྲུག་ཉིད་དུ་བཤད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ལེགས་པར་བཤད་ཡོད་དོ། །ཡང་ཁ་ཅིག་ན་རེ། ཉན་ཐོས་སྡེ་བའི་འདོད་ཚུལ་དེ་གསུམ་ཁོ་ན་ཟེར་ན། འོ་ན་དེ་དག་གིས་མཐོང་ལམ་སྐད་ཅིག་བཞིར་འདོད་པ་དང༌། བརྒྱད་དུ་འདོད་པ་དང༌། དགུར་འདོད་པ་དང༌། བཅུ་གཉིས་སུ་འདོད་པ་རྣམས་མེད་པར་ཐལ་ལོ། །ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར། འདོད་མི་རིགས་པར་ཐལ། བཞིར་འདོད་པ་ཡོད་པ་གང་ཞིག །བརྒྱད་འདོད་པ་ཡང་ཡོད། དགུར་འདོད་པ་དང་བཅུ་གཉིས་སུ་འདོད་པ་ཡང་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། རྟོག་གེ་འབར་བ་ལས། དེ་བཞིན་དུ་ལ་ལ་ནི་བདེན་པ་རྟོགས་པའི་སེམས་བཞི་སྟེ། བདེན་པ་སོ་སོ་བའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། བདེན་བཞི་ལ་ཁམས་གོང་འོག་གིས་མི་བྱེད་པར་བདེན་བཞི་ཤེས་པ་བཞི་བྱེད་པའི་ཕྱིར། གང་སྤེལ་ལས། སྐད་ཅིག་མ་བཞི་སྟེ་དེ་དག་ལ་མཉམ་པར་བཞག་པ་དང་མ་བཞག་པའི་དབྱེ་བ་མ་བྱས་པར་བདེན་པ་བཞི་ལ་ཤེས་པའི་སྐད་ཅིག་མ་བཞིའོ། །ཞེས་གསུངས་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། ཁམས་གོང་འོག་གི་བདེན་པ་བཞི་བཞི་བྱས་ནས་ཆོས་ཤེས་བཞི་དང་རྗེས་ཤེས་བཞི་ལས་བཟོད་པ་ཟུར་དུ་མི་འདོད་པའི་ཕྱིར། གང་སྤེལ་ལས་ཁ་ཅིག་གིས་ནི་བརྒྱད་དེ། འདོད་པ་དང་གཟུགས་དང་གཟུགས་མེད་པའི་བདེན་པའི་དབྱེ་བ་དང་ཆོས་དང་རྗེས་སུ་ཤེས་པའི་དབྱེ་བའི་བརྒྱད་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང༌། ལེགས་ལྡན་གྱིས་ཀྱང༌། གཞན་རྣམས་ནི་ཆོས་ཤེས་པ་དང་རྗེས་སུ་ཤེས་པ་བརྒྱད་ཡིན་ཏེ། སོ་སོར་རྟོགས་པའི་ཡེ་ཤེས་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རྩ་རྟགས་གསུམ་པ་གྲུབ་སྟེ། ཆོས་ཤེས་རྗེས་ཤེས་བརྒྱད་དང་དེའི་རྗེས་སུ་ཞི་གནས་ཀྱི་སེམས་གཅིག་དང་དགུར་བཤད་པའི་ཕྱིར་ཏེ། བསྡུ་བ་ལས། བསྟན་པ་གནས་པ། ཞེས་པ་ནས། དེ་དག་བསྡུས་ནས་སེམས་དགུར་འགྱུར་བས་དེ་དག་གི་མཐོང་བའི་ལམ་ཡོངས་སུ་རྫོགས་པར་འགྱུར་ཏེ། ཞེས་གསུངས་པའི་ཕྱིར་ཏེ། གསེར་ཕྲེང་ལྟར་ན་བཅུ་དྲུག་ལའང་ཐེག་དམན་ཡང་ཚིག་ཟིན་ལ་མེད་དོ། །རྩ་རྟགས་བཞི་པ་གྲུབ་སྟེ། མང་བཀུར་བའི་སྡེ་བས་སྒྲོགས་རིགས་དང༌། སྲུང་བའི་སྡེ་དང༌། གནས་མ་བུ་བ་གསུམ་གྱིས་བཅུ་གཉིས་འདོད་པའི་ཕྱིར། དེར་ཐལ། བདེན་བཞི་ལ་ཁམས་གོང་འོག་གི་ཆོས་ཤེས་རྗེས་ཤེས་བརྒྱད་དང༌། དེའི་སྟེང་དུ་གཞན་འཇིག་རྟེན་པའི་ཤེས་པ་བཞི་དང་བཅུ་གཉིས་ཡོད་པའི་ཕྱིར། ལེགས་ལྡན་གྱིས། གཞན་རྣམས་ནི་བཅུ་གཉིས་སུ་འདོད་དོ། །ཞེས་དང༌། གང་སྤེལ་ལས། ཁ་ཅིག་ནི་སྐད་ཅིག་མ་བཅུ་གཉིས་ཏེ་སྐད་ཅིག་མ་བརྒྱད་པོ་དེ་དག་ཁོ་ན་ལས་གཞན་པའི་འཇིག་རྟེན་པའི་ཤེས་པ་བཞི་འབྱུང་ངོ༌། །ཞེས་དང༌། སྡེ་བ་ཐ་དད་ཀླགས་པ་ལས་ཀྱང༌། ས་སྒྲོགས་རིགས་ཀྱི་སྡེ་དང༌། སྲུང་བའི་སྡེ་དང༌། གནས་མ་བུའི་སྡེ་སྟེ་འདི་གསུམ་ཡང་ལྟ་བ་མཐུན་ཏེ། ཞེས་པ་ནས། མཐོང་བའི་ལམ་ནི་སེམས་ཀྱི་སྐད་ཅིག་བཅུ་གཉིས་སོ། །དེ་ཕན་ཆད་འབྲས་བུ་དང་བཅས་པར་གནས་སོ། །ཞེས་གསུངས་པའི་ཕྱིར།

    ཁ་ཅིག་ན་རེ། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་པོ་སྔ་ཕྱི་རིམ་ཅན་ཁོ་ནར་སྐྱེ་བ་ཡིན་པར་ཐལ། འདིས་རྗེས་ཐོབ་ཏུ་ངེས་ཤེས་མི་འདྲ་བ་བཅུ་དྲུག་རིམ་ཅན་དུ་འདྲེན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། སོ་སྐྱེའི་ཚད་མ་གཅིག་གིས་ངེས་ཤེས་མི་འདྲ་བ་དུ་མ་འདྲེན་པ་གང་ཞིག །དེ་ལྟར་ན་འཕགས་རྒྱུད་ལ་དེ་ལྟར་ཡོད་པ་ཤིན་ཏུ་འགྲུབ་པའི་ཕྱིར། དང་པོ་གྲུབ་སྟེ། ཚུར་མཐོང་རྒྱུད་ཀྱི་བུམ་པས་དག་པའི་ས་ཕྱོགས་འཛིན་པའི་དབང་མངོན་དེས་ས་ཕྱོགས་འདི་ནི་དམིགས་སོ་བུམ་པ་ནི་མ་དམིགས་སོ་སྙམ་པའི་ངེས་ཤེས་གཉིས་འདྲེན་པའི་ཕྱིར་ཏེ། རྣམ་འགྲེལ་ལས། གཅིག་དམིགས་ཉམས་སུ་མྱོང་བ་ལས། །འདི་ནི་དམིགས་སོ་ཞེས་བྱའམ། །མ་དམིགས་སོ་ཞེས་རྟོག་ཅན་གྱི། །བློ་ནི་སྐྱེ་བར་འགྱུར་བ་ཡིན ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། དེས་དེ་བཞིན་དུ་འཕགས་པས་ཀྱང་རྗེས་ཐོབ་ཏུ་ངེས་ཤེས་མི་འདྲ་བ་བཅུ་དྲུག་རིམ་ཅན་དུ་སྐྱེ་བ་ཡིན་པའི་ཕྱིར། རྣམ་བཤད་ལས། དེ་དག་ནི་རྗེས་ཐོབ་ཏུ་ངེས་ཤེས་མི་འདྲ་བ་བཅུ་དྲུག་རིམ་ཅན་དུ་སྐྱེ་བའི་དོན་ཡིན་གྱི། ཞེས་གསུངས་པའི་ཕྱིར། དེས་ན་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་གྱིས་ཆོས་ཉིད་ཐམས་ཅད་མངོན་སུམ་དུ་རྟོགས་ཀྱང་མཐོང་སྤང་ཀུན་བཏགས་ཀྱི་གཉེན་པོ་ཚད་མ་ཡིན། སྒྲིབ་པ་ལྷན་སྐྱེས་ཀྱི་གཉེན་པོ་ཚད་མ་མ་ཡིན་ཏེ། བདེན་འཛིན་ཀུན་བཏགས་དང་ལྷན་སྐྱེས་གཉིས་ཀས་དེ་ལ་སྒྲིབ་པར་འདྲ་ཡང་ཀུན་བཏགས་ཆོས་ཉིད་མངོན་སུམ་དུ་མཐོང་ཙམ་གྱིས་ལྡོག་ལ་ལྷན་སྐྱེས་ལ་དེ་གོམས་པར་མ་བྱས་པར་མཐོང་ཙམ་གྱིས་མི་ལྡོག་པའི་ཕྱིར། འགྲེལ་ཆེན་ལས། རྣམ་པ་ཐམས་ཅད་དུ་བཟུང་བ་ཉིད་ཡིན་ན་ཡང༌། ཞེས་དང༌། རྣམ་བཤད་ལས། དེའི་དོན་ཡང་ས་བོན་སྤོང་ནུས་པ་དང་མི་ནུས་པའི་ཁྱད་པར་ཡང་ཡིན་མོད་ཀྱི། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཤེས་བཟོད་སྐད་ཅིག་བཅུ་དྲུག་པོ་དེ་དུས་མཐའི་སྐད་ཅིག་མ་ཡིན་ཟེར་ན། འོ་ན་དེ་བྱ་རྫོགས་ཀྱི་སྐད་ཅིག་མ་མ་ཡིན་པར་ཐལ་ལོ། །དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། རང་ཡུལ་རྟོགས་པའི་བྱ་བའི་ཐུང་ཤོས་ཀྱི་སྐད་ཅིག་མ་ལ་བྱེད་པའི་ཕྱིར། འགྲེལ་ཆེན་ལས། སེམས་ཀྱི་སྐད་ཅིག་མ་ནི་ཤེས་བྱ་ལ་ཤེས་པ་ཡོངས་སུ་བཟུང་ངོ༌། །ཞེས་གསུངས་པའི་ཕྱིར།

    ཡང་ཁ་ཅིག་ན་རེ། ཐེག་ཆེན་གྱི་མཐོང་ལམ་སྐྱེ་བའི་ལུས་རྟེན་ལ་ཁམས་གོང་འོག་གི་ལྷ་མེད་ཟེར་ན། དེ་མི་འཐད་པར་ཐལ། དེ་ལ་སྐྱེ་སླ་བ་མེད་ཀྱང་སྐྱེ་བ་ཡོད་པར་ཀུན་བཏུས་སུ་མདོ་དྲངས་ནས་བཤད་པའི་ཕྱིར། དེར་ཐལ། ལྷའི་བུ་བློ་གྲོས་རབ་གནོན་གྱིས་ཞུས་པའི་མདོ་ལས། འདོད་པ་དང་གཟུགས་ཀྱི་ལྷའི་བུ་བྱེ་བ་ཁྲག་ཁྲིག་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པ་ཐོབ། ཅེས་གསུངས་པའི་ཕྱིར། ཡང་རོང་ཊཱིཀ་པ་ན་རེ། ཐེག་ཆེན་གྱི་མཐོང་ལམ་སྐྱེ་བའི་ལུས་རྟེན་གཞན་སྟོབས་ཀྱི་དབང་དུ་བྱས་ན་ངན་སོང་གསུམ་གྱི་ལུས་རྟེན་ལ་ཡང་སྐྱེ་བ་ཡོད་དེ། ཟ་མ་ཏོག་བཀོད་པའི་མདོ་ལས་འཕགས་པ་འཇིག་རྟེན་དབང་ཕྱུག་གིས་ཡུལ་ཝ་ར་ཎཱ་སིར་ཡི་དྭགས་མང་པོ་བདེན་པ་མཐོང་བ་ལ་བཀོད་པར་བཤད་པའི་ཕྱིར་ཟེར་ན། འོ་ན་བདེན་པ་མཐོང་བ་དེའི་ཚེ་དེ་དག་ཡི་དྭགས་ཀྱི་ལུས་རྟེན་ཅན་ཡིན་པར་ཐལ། བཤད་ཚུལ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་ཚེ་ཡི་དྭགས་ཀྱི་ལུས་འགྱུར་བར་བཤད་པའི་ཕྱིར་རོ། །ཡང་ཁ་ཅིག་ན་རེ། ཐེག་ཆེན་མཐོང་ལམ་གྱིས་བདེན་བཞིའི་ཆོས་ཉིད་ཀྱི་ཆ་ཐམས་ཅད་བཟུང་ཡང་སྐྱེ་ཚེ་རིམ་ཅན་ཁོ་ནར་སྐྱེ་བར་ཐལ། སྒྲོ་འདོགས་སེལ་ཚེ་དང་པོར་སྡུག་བསྔལ་ཆོས་བཟོད་དང་ཆོས་ཤེས་ཀྱིས་འདོད་པའི་སྡུག་བསྔལ་མཐོང་སྤང་སྤོང༌། དེ་རྗེས་སྡུག་བསྔལ་རྗེས་བཟོད་དང་རྗེས་ཤེས་ཀྱིས་ཁམས་གོང་གི་སྡུག་བསྔལ་མཐོང་སྤང་སྤོང་ལ་དེ་བཞིན་དུ་བདེན་པ་གཞན་ལ་སྦྱར་དགོས་པའི་ཕྱིར། དེར་ཐལ། འགྲེལ་ཆེན་ལས། སྡུག་བསྔལ་ལ་ཆོས་ཤེས་པའི་རྗེས་ཐོགས་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་སྡུག་བསྔལ་ལ་ཆོས་ཤེས་པ་འདི་ནི་འཕགས་པའི་ཆོས་རྣམས་ཀྱི་རྗེས་སུ་འགྲོ་བ་ཡིན་ནོ། །ཞེས་སོ་སོར་རང་གི་མངོན་སུམ་དུ་ཉམས་སུ་མྱོང་བའི་ཤེས་པ་ཟག་པ་མེད་པ་གང་ཡིན་པ་དེ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ཞེས་བྱའོ། །ཞེས་སོགས་ཀྱིས་རིམ་ཅན་དུ་བཤད་པའི་ཕྱིར་ན་མ་ཁྱབ་སྟེ། དེ་རྗེས་ཐོབ་ཏུ་ངེས་ཤེས་འདྲེན་ཚུལ་ལ་དགོངས་པའི་ཕྱིར། རྣམ་བཤད་ལས། དེ་ནི་རྗེས་ཐོབ་ཏུ་ངེས་ཤེས་མི་འདྲ་བ་བཅུ་དྲུག་རིམ་ཅན་དུ་སྐྱེ་བའི་དོན་ཡིན་གྱི། ཞེས་གསུངས་པའི་ཕྱིར། འདོད་ན། དེའི་ཚེ་ཤེས་བཟོད་བཅུ་དྲུག་སྟོང་ཉིད་རྟོགས་པའི་བློ་མ་ཡིན་པར་ཐལ། རྗེས་བཟོད་དང་རྗེས་ཤེས་བརྒྱད་ཤེས་པ་རྟོགས་པའི་ཡུལ་ཅན་ཡིན་པའི་ཕྱིར། རྟགས་ཁས། འཁོར་གསུམ། འདོད་མི་ནུས་ཏེ། བཅུ་དྲུག་མཚན་མེད་རྣམ་ཅན་གྱི་མངོན་སུམ་ཡིན་པའི་ཕྱིར། འགྲེལ་ཆེན་ལས། བཟོད་པ་དང་ཤེས་པ་ཐམས་ཅད་ལ་རྣལ་འབྱོར་བ་མཚན་མ་མེད་པའི་མཚན་མ་ལ་གནས་པར་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཤེས་བཟོད་བཅུ་དྲུག་ཅིག་ཅར་དང་རིམ་ཅན་གང་རུང་དུ་མི་སྐྱེ་བར་ཐལ། དེ་བཅུ་དྲུག་ཅིག་ཅར་ཁོ་ནར་ཡང་མི་སྐྱེ། རིམ་ཅན་ཁོ་ནར་ཡང་མི་སྐྱེ་བའི་ཕྱིར་ན་མ་ཁྱབ། རྟགས་ཟུར་དང་པོ་གྲུབ་སྟེ། དང་པོ་བཟོད་པ་བརྒྱད་སྐྱེ། དེ་རྗེས་ཤེས་པ་བརྒྱད་སྐྱེ་བའི་ཕྱིར། རྟགས་ཟུར་གཉིས་པ་མ་གྲུབ་ན། བཟོད་པ་བརྒྱད་རིམ་ཅན་དུ་སྐྱེ་བར་ཐལ། དེ་བཅུ་དྲུག་རིམ་ཅན་ཁོ་ནར་སྐྱེ་བའི་ཕྱིར། ཁྱབ་སྟེ། དེ་བཅུ་དྲུག་གི་ནང་ནས་ཅིག་ཅར་སྐྱེ་བ་དུ་མ་ཡོད་ན་རིམ་ཅན་ཁོ་ན་མ་ཡིན་འདུག་པའི་ཕྱིར། དེ་བཞིན་དུ་ཤེས་པ་བརྒྱད་ཀྱང་རིམ་ཅན་དུ་སྐྱེ་བར་ཐལ་ལོ། །མ་གྲུབ་པ་དེའི་ཕྱིར། ཡང་ཁོ་ན་རེ། ཤེས་བཟོད་བཅུ་དྲུག་རྫས་གཅིག་དང་ཐ་དད་གང་རུང་དུ་མི་སྐྱེ་བར་ཐལ། དེ་བཅུ་དྲུག་རྫས་གཅིག་ཁོ་ན་ཡང་མ་ཡིན། རྫས་ཐ་དད་ཁོ་ན་ཡང་མ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་དང་པོ་གྲུབ་སྟེ། ཤེས་བཟོད་གཉིསརྫས་གཅིག་མ་ཡིན་པའི་ཕྱིར་ཏེ། དེ་གཉིས་སྔ་ཕྱིར་སྐྱེས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། བཟོད་པ་བརྒྱད་རྫས་ཐ་དད་མ་ཡིན། ཤེས་པ་བརྒྱད་ཀྱང་རྫས་ཐ་དད་མ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་བཅུ་དྲུག་རྫས་གཅིག་ཏུ་མ་གྲུབ་པར་ཐལ། དེ་བཅུ་དྲུག་རྫས་གཅིག་དང་ཐ་དད་གང་རུང་མ་ཡིན་པ་དེའི་ཕྱིར། འདོད་མི་ནུས་ཏེ། དེ་བཅུ་དྲུག་རྫས་གཅིག་ཡིན་ཀྱང་རྫས་གཅིག་ཁོ་ན་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། བཟོད་པ་བརྒྱད་རྫས་གཅིག་ཤེས་པ་བརྒྱད་ཀྱང་རྫས་གཅིག་ཀྱང་མཉམ་བཞག་ཐུན་གཅིག་ཡིན་པའི་ཕྱིར། གཉིས་པ་ཡང་སྔར་བསྒྲུབས་ཟིན་པ་དེའི་ཕྱིར།

 

སྨྲས་པ།

འཕགས་ཡུལ་པཎ་ཆེན་སོ་སོའི་མཐོང་ལམ་ལ། །

བཞེད་ཚུལ་སྟོང་ཁུན་གོས་ཀྱི་རི་མོ་ལྟར། །

མ་འདྲེས་གསལ་བའི་གཟིགས་མོ་ལྟ་འདོད་ན། །

གཉིས་པའི་སྐབས་ཀྱི་ལེགས་བཤད་མེ་ལོང་བསྟེན། །

ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། 

                                                                                                                           རྩོམ་སྒྲིག་པ། མང་ར་བ།

 

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།