ཀུན་མཁྱེན་ཕར་ཕྱིན་ལས་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-12-27 20:27:06     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 28363811256457924.jpg

    གཉིས་པ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ལ། རྟེན་གྱི་ཁྱད་པར། དེའི་ལམ་ཤེས་མཚུངས་ཚུལ་སོགས་གཉིས། དང་པོར་སྟོན་པར། རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །ཞེས་སོགས་ཚིགས་བཅད་གཉིས་བྱུང༌། འཕྲོས་དོན་མཐའ་དཔྱད་པ་གཉིས། དང་པོ་ནི། མདོ་ལས། ལྷའི་བུ་དག་གང་སྨྲ་བ་དེ་ཤེས་པར་མི་རུང་ངམ། ལྷའི་བུ་རྣམས་ཀྱིས་སྨྲས་པ། འཕགས་པ་རབ་འབྱོར། ཤེས་པར་མི་རུང་ངོ༌། །རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་འདི་ལྟར་ཡི་གེ་གཅིག་ཀྱང་མ་བརྗོད་ཀྱི་གང་མ་བརྗོད་པ་དེ་ནི་ཐོས་པར་མི་རུང༌། ཞེས་སོགས་ཀྱི་དོན་སྟོན་པར་འདི་བྱུང༌། མཐའ་དཔྱད་པ་ལ་གསུམ། དང་པོ་ལ་ཁ་ཅིག་ན་རེ། བསེ་རུ་ལྟ་བུ་ཡིན་ན། སློབ་དཔོན་ལ་ལྟོས་མི་དགོས་པས་ཁྱབ་པར་ཐལ། བསེ་རུ་ནི་གཉིས་པ་མེད་པར་གཅིག་པུའི་དོན་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། སྲིད་པ་ཐ་མའི་ཚེ་སློབ་དཔོན་ལ་མི་ལྟོས་པ་རང་བྱུང་གི་དོན་ཡིན་པའི་ཕྱིར་ཏེ། དེའི་ཚེ་གཞན་ལ་ཆོས་ཉན་ན་ཉན་ཐོས་སུ་འགྱུར་བའི་ཕྱིར། རྣམ་བཤད་ལས། དགྲ་བཅོམ་ཐོབ་པའི་ཚེ་དེ་ལ་སློབ་དཔོན་ལ་མི་ལྟོས་པར་བྱང་ཆུབ་ཐོབ་པར་ངེས་པ་ཡིན་གྱི། གཞན་དུ་ན་ཉན་ཐོས་སུ་འགྱུར་བས་སོ། །ཞེས་གསུངས་པའི་ཕྱིར་རོ། །རྩ་བར་འདོད་མི་ནུས་ཏེ། བསྐལ་བ་བརྒྱར་སངས་རྒྱས་མཉེས་པར་བྱས་ནས་ཆོས་ཐོས་ཏེ། གནས་དྲུག་ལ་མཁས་པར་བྱས་ཏེ་རང་རྒྱལ་གྱི་བྱང་ཆུབ་ཏུ་རྒྱུད་སྨིན་པར་བྱེད་པའི་ཕྱིར། གསེར་ཕྲེང་ལས། བསྐལ་བ་བརྒྱར་སངས་རྒྱས་འབྱུང་བ་མཉེས་པར་བྱས་ཏེ། རང་བྱང་ཆུབ་ཏུ་རྒྱུད་སྨིན་པར་བྱེད་ཅིང༌། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། རང་བྱུང་ཞེས་སོགས་རང་རྒྱལ་གྱི་ལམ་དངོས་གནས་འཆད་བྱེད་མིན་ཟེར་ན། འདི་རང་རྒྱལ་རང་རྒྱུད་ཀྱི་ལམ་དེ་ཉན་ཐོས་ཀྱི་ལམ་ལས་ཁྱད་པར་འཕགས་པར་སྟོན་པའི་གཞུང་མ་ཡིན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། འགྲེལ་བ་ལས། ཉན་ཐོས་རྣམས་ལས་དེ་དག་ཇི་ལྟར་ཁྱད་པར་འཕགས། ཞེས་གསུངས་པའང་མི་རིགས་པར་ཐལ་ལོ འདོད་པའི་ཕྱིར། འཁོར་གསུམ། ཡང་ཁ་ཅིག་ན་རེ། ཉན་ཐོས་དགྲ་བཅོམ་རང་རྒྱལ་ལམ་དུ་འཇུག་པ་ཡོད་ཟེར་བ་ལ་ཁ་ཅིག་ན་རེ། དེ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་ཐེག་དམན་གྱི་རིགས་ཡོད་པར་ཐལ། ཁྱོད་ཀྱི་རྒྱུད་ལ་རང་རྒྱལ་གྱི་རིགས་ཡོད་པའི་ཕྱིར་ན་མ་ཁྱབ། འོ་ན་ཉན་ཐོས་རྒྱུན་ཞུགས་ཅིག་ཅར་བའི་རྟོགས་པ་སྔོན་སོང་གི་རང་རྒྱལ་ཚོགས་ལམ་ཐོབ་མ་ཐག་པ་ཆོས་ཅན། ཐེག་དམན་གྱི་ཚོགས་ལམ་ཐོབ་མ་ཐག་པ་ཡིན་པར་ཐལ། རང་རྒྱལ་གྱི་ཚོགས་ལམ་ཐོབ་མ་ཐག་པ་ཡིན་པའི་ཕྱིར། ཁྱབ་པ་འགྲིག །ཡང་ཁ་ཅིག་ན་རེ། རང་རྒྱལ་ཡིན་ན། རང་བྱུང་གི་དགེ་སློང་ཡིན་པས་ཁྱབ་ཟེར་ན། བར་དོའི་རྟེན་ཅན་གྱི་རང་རྒྱལ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཡང་ཁ་ཅིག་ན་རེ། རང་རྒྱལ་ཡིན་ན། ངག་གིས་ཆོས་མི་སྟོན་པས་ཁྱབ་ཟེར་ན། དེ་མི་འཐད་པར་ཐལ། རང་རྒྱལ་རྣམས་ཕལ་ཆེར་ངག་གིས་ཆོས་མི་སྟོན་ཀྱང་ངག་གིས་ཆོས་སྟོན་པ་ཡང་ཡོད་པའི་ཕྱིར། དེར་ཐལ། ངག་གིས་ཆོས་སྟོན་པར་འདུལ་བ་ལུང་ལས་ཀྱང་བཤད་པའི་ཕྱིར་ཏེ། དཔེར་ན། ཁྱོད་ཀྱི་ཞིང་གི་སྙེ་མ་ཀུན། །གསེར་གྱི་མྱུ་གུར། ཞེས་གསུངས་པ་ལྟ་བུ་ཡིན་པའི་ཕྱིར། རྣམ་བཤད་ལས། ངག་གི་ཆོས་སྟོན་པར་འདུལ་བ་ལུང་ལས་གསུངས་པར་བཤད་ཅིང༌། སྒྲོན་གསལ་ལས། གཙོ་བོར་ལུས་ཀྱིས་ཆོས་སྟོན་པ། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །ངག་གིས་ཆོས་སྟོན་པ་དང་ལུས་ཀྱི་ཆོས་སྟོན་པ་ལ་གདུལ་བྱས་གོ་ཚུལ་ཁྱད་པར་མེད་ཟེར་ན། དེ་མི་འཐད་པར་ཐལ། ལུས་ཀྱིས་རྫུ་འཕྲུལ་བསྟན་པས་གདུལ་བྱས་རྫུ་འཕྲུལ་རྟོགས་ནུས་ཀྱང་བདག་མེད་རྟོགས་མི་ནུས། ངག་གི་འབྲས་རྟགས་ལས་རྟོགས་ནུས་པའི་ཕྱིར། རྣམ་བཤད་ལས། ཁ་ཅིག་ངག་གིས་ཆོས་སྟོན་པ་དང་ལུས་ཀྱིས་ཆོས་སྟོན་པ། ཞེས་སོགས་གསུངས་པའི་ཕྱིར།

    རང་ལུགས་ལ། རིགས་བཤད་པ། ལམ་བཤད་པ། ཡང་དག་འགྲུབ་པ་བཤད་པ། ཚོགས་བསོག་ཚུལ་བཤད་པ། གནས་ཚུལ་བཤད་པ། རྒྱུ་ཚུལ་བཤད་པ། སྒྲ་བཤད་པ་དང་བདུན། དང་པོ་ཁྱད་པར་གསུམ་དང་ལྡན་ཏེ། རང་བཞིན་གྱི་ཉོན་མོངས་པ་ཤས་ཆུང་བས་འདུ་འཛི་ལ་མི་དགའ་ཞིང་གཅིག་པུར་གནས་པར་དགའ་བ་དང༌། སྙིང་རྗེ་ཆུང་བས་གཞན་དོན་རྒྱ་ཆེན་མི་བྱེད་པར་རང་དོན་སྒྲུབ་པ་ལ་དགའ་བ་དང༌། རང་བཞིན་གྱིས་དབང་པོ་འབྲིང་ཡིན་ཞིང་ང་རྒྱལ་སྤྱོད་པས་འགྲན་ཟླ་མེད་པར་བྱང་ཆུབ་སྒྲུབ་ཅིང་སྲིད་པ་ཐ་མའི་ཚེ་རང་སངས་རྒྱ་བའི་ཕྱིར། གསེར་ཕྲེང་ལས། འོན་ཀྱང་གཅིག་པུ་ལ་དགའ་བ་ནི་ཚོགས་སྤྱོད་ལ་དོར་རོ། །ཞེས་སོ། །གཉིས་པ་ལམ་གསུམ་ཡོད་དེ། ཚོགས་ལམ་སྐབས་སུ་ཚོགས་བསགས་ནས་རང་སངས་རྒྱ་བ་གཅིག་དང༌། སྦྱོར་ལམ་བཟོད་པ་མན་ཆད་དུ་ཚོགས་བསགས་ནས་རང་སངས་རྒྱ་བ་གཅིག་དང༌། དེ་འབྲས་བུ་དང་པོ་གཉིས་གང་རུང་མན་ཆད་ལ་ཚོགས་བསགས་ནས་རང་སངས་རྒྱ་བ་གཅིག་དང་གསུམ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། རང་རྒྱལ་གྱི་རིགས་ཅན་ཁ་ཅིག་ཚོགས་ལམ་གྱི་སྐབས་སུ་བསྐལ་ཆེན་བརྒྱའི་ཚོགས་དང་མཁས་བྱའི་དངོས་པོ་དྲུག་ལ་མཁས་པར་བྱས་སྐྱེ་བ་གཅིག་ཐོག་གི་སྐབས་སུ་སྨོན་ལམ་བཏབ་ནས་བསེ་རུ་ལྟ་བུར་འགྱུར་བའི་ཕྱིར། དེར་ཐལ། སྐྱེ་བ་གཅིག་ཐོག་གི་སྐབས་སུ་འཆི་ཁར་བདག་སྐྱེ་བ་ཕྱི་མ་ལ་སངས་རྒྱས་དང་ཉན་ཐོས་མེད་པའི་ཞིང་ཁམས་སུ་རྒྱལ་རིགས་དང་བྲམ་ཟེ་དང་རྗེ་རིགས་གསུམ་གང་རུང་དུ་སྐྱེས་ཏེ་རང་བྱུང་གི་བསྙེན་རྫོགས་དང་ལམ་ལྷག་མ་བཞི་ཚེ་གཅིག་ལ་མངོན་དུ་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་ལྟར་འགྲུབ་པའི་ཕྱིར། དེར་ཐལ། དེ་ལྟར་ལམ་བགྲོད་པ་བསེ་རུ་ལྟ་བུའི་རང་རྒྱལ་ཡིན་པའི་ཕྱིར། གསེར་ཕྲེང་ལས། འདི་ནི་བསེ་རུ་ལྟ་བུའི་ལམ་མོ། །ཞེས་དང༌། ལམ་ཕྱི་མ་བཞི་ཚེ་གཅིག་ལ་མངོན་དུ་བྱེད་དོ། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། སྦྱོར་ལམ་བཟོད་པ་མན་ཆད་དུ་རང་རྒྱལ་དབང་འབྲིང་གིས་བསྐལ་བ་བརྒྱར་ཚོགས་བསགས་ནས་སྐྱེ་པ་གཅིག་ཐོག་གི་སྐབས་སུ་སྨོན་ལམ་བྱེད་ཅིང་དེ་ལྟར་འགྲུབ་པའི་ཚོགས་སྤྱོད་པ་ཆེན་པོ་ཡོད་པའི་ཕྱིར། གསེར་ཕྲེང་ལས། སའི་དངོས་གཞིར་བཟོད་པ་འདི་ལ་གསལ་ཁ་མེད་ཀྱང་བླ་མ་རྣམས་བཟོད་འབྲིང་མན་ཆད་སྐྱེད་པ་ལ་བཞེད་ཅེས་གསུངས་པའི་ཕྱིར། རྟགས་གསུམ་པ་གྲུབ་སྟེ། རང་རྒྱལ་དབང་རྟུལ་གྱིས་འབྲས་བུ་དང་པོ་གཉིས་གང་རུང་ཡན་ཆད་དུ་བསྐལ་བ་བརྒྱར་ཚོགས་བསགས་ནས་སྐྱེ་བ་གཅིག་ཐོག་གི་སྐབས་སུ་སྨོན་ལམ་བྱེད་ཅིང་དེ་ལྟར་འགྲུབ་པའི་ཚོགས་སྤྱོད་པ་ཆུང་ངུ་ཡོད་པའི་ཕྱིར། གསེར་ཕྲེང་ལས། བསྟན་བཅོས་ལས་ནི་སྦྱོར་ལམ་སྔོན་དུ་བཏང་ཞིང་འབྲས་བུ་སྔོན་དུ་མ་བཏང་བའི་ཚོགས་སྤྱོད་དང༌། དེ་གཉིས་ཀ་སྔོན་དུ་བཏང་བའི་ཚོགས་སྤྱོད་ཅེས་བྱུང་སྟེ། ཞེས་གསུངས་པའི་ཕྱིར། དེས་ན་བསེ་རུ་དང༌། ཚོགས་སྤྱོད་ཆེ་བ་དང༌། ཚོགས་སྤྱོད་ཆུང་ངུ་གསུམ་གྱི་ལམ་གྱི་ཁྱད་པར་ཡོད་དེ། བསེ་རུས་སྦྱོོར་ལམ་སྔོན་དུ་མི་གཏོང༌། གཉིས་པས་སྦྱོར་ལམ་སྔོན་དུ་གཏོང་བ་དང༌། གསུམ་པས་འབྲས་བུ་དང་པོ་གཉིས་སྔོན་དུ་གཏོང་བ་དེ་ཡིན་པའི་ཕྱིར། ཀུན་བཏུས་ལས། ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྔོན་མ་སྐྱེས་པ་དང༌། སྐྱེས་པ་དང༌། སྔོན་འབྲས་བུ་449མ་ཐོབ་པ་དང་ཐོབ་པ་ཡང་རུང་སྟེ། སངས་རྒྱས་འབྱུང་བ་མེད་པར་བདག་ཉིད་ཀྱིས་ལམ་མངོན་དུ་བྱས་ནས་བསེ་རུ་ལྟ་བུར་གྱུར་ཏེ། གཅིག་བུར་གནས་པའམ། རང་རྒྱལ་བར་གྱུར་ཏེ་ཚོགས་དང་སྤྱོད་པ་གང་སྡུག་བསྔལ་གྱི་མཐར་ཕྱིན་པ་ཐོབ་པའོ། །ཞེས་གསུངས་པའི་ཕྱིར།

(449) པར་ཐེངས་གཉིས་པ། མ་ཐོབ་པ་ཡང་རུང་སྟེ།

    གསུམ་པ་འབྲས་བུ་འགྲུབ་ཚུལ་ཡོད་དེ། ལམ་གསུམ་གྱི་སྐབས་ཀྱི་སྨོན་པ་ལྟར་འགྲུབ་པ་གསུམ་ཡོད་ཅིང༌། བསེ་རུ་ལྟ་བུ་ཡང་ཚེ་གཅིག་ལ་སྦྱོར་ལམ་མཐོང་ལམ་སྒོམ་ལམ་མི་སློབ་ལམ་བཞི་བགྲོད་ཀྱང་སྟན་གཅིག་ལ་མཛོད་ལྟར་བགྲོད་པ་མི་བཞེད་པའི་ཕྱིར། གསེར་ཕྲེང་ལས། ཚེ་འཕོས་པའི་ཕྱི་མ་དེ་ཉིད་ལ་ལམ་ལྷག་མ་བཞི་སྐྱེད་པར་བཞེད་ཀྱི། མཛོད་པ་ལྟར་གདན་ཐོག་གཅིག་ལ་ངེས་པར་སྐྱེད་པར་མི་འདོད་དོ། །ཞེས་གསུངས་པའི་ཕྱིར། དེ་གསུམ་ལ་སྤང་བྱ་ཅིག་ཅར་བ་དང་རིམ་གྱིས་པ་གཉིས་ཡོད་དེ། དེ་ཙམ་དུ་མ་ཟད་ཞུགས་གནས་བརྒྱད་ཀ་ཡོད་པའི་ཕྱིར། གསེར་ཕྲེང་ལས། འདི་གསུམ་ལ་ཡང་སྤང་བྱ་ཅིག་ཅར་དང་རིམ་གྱིས་སྤོང་བ་གཉིས། ཞེས་པ་ནས། ཞུགས་གནས་བརྒྱད་ཀ་རྩིར་རུང་ཞིང་སྤང་བྱ་ཡང་རིམ་གྱིས་སྤོང་ཞིང་དེ་ཡང་བཅུ་དྲུག་པའི་རྗེས་སུ་སྒོམ་སྤང་རྣམས་སྤང་སྙམ་མོ། །ཞེས་གསུངས་པའི་ཕྱིར། བཞི་པ་ཚོགས་བསགས་ཚུལ་ཡོད་དེ། བསྐལ་ཆེན་བརྒྱར་ཚོགས་གསོག་པའི་ཕྱིར། མཛོད་ལས། བསེ་རུ་བསྐལ་བ་བརྒྱ་ཡི་རྒྱུས། །ཞེས་དང༌། དྲིན་ལན་བསབ་པ་ལས། རང་སངས་རྒྱས་རྣམས་ནི་བསྐལ་བ་ཆེན་པོ་བརྒྱས་ཚར་ཕྱིན་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ཚོགས་སྤྱོད་རང་རྒྱལ་ཉན་ཐོས་ཀྱི་རྟོགས་པ་སྔོན་དུ་སོང་བར་ཐལ། མཛོད་འགྲེལ་ལུགས་ལ་དེ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དེས་དེ་ལྟར་བཤད་ཀྱང་ལམ་གཞན་སྔོན་དུ་མ་སོང་བའི་རང་རྒྱལ་དེ་གསུམ་ཡོད་པའི་ཕྱིར། གསེར་ཕྲེང་ལས། དེ་ལྟར་གསུངས་ཀྱང་སའི་དངོས་གཞིའི་རང་ལུགས་ལ་ལམ་གཞན་སྔོན་དུ་མ་སོང་བའི་རང་རྒྱལ་ལ་ཡང་དེ་གསུམ་འབྱེད་པར་མངོན་ལ། ཞེས་གསུངས་པའི་ཕྱིར། རིགས་ངེས་མ་ངེས་ཀྱི་ཁྱད་པར་ཡོད་དེ། བསེ་རུ་རིགས་ངེས་དང་ཚོགས་སྤྱོད་གཉིས་མ་ངེས་པ་ཡིན་པའི་ཕྱིར། གསེར་ཕྲེང་ལས། དེ་ཡང་དང་པོ་རིགས་ངེས་པ་དང་ཕྱི་མ་གཉིས་མ་ངེས་པ། ཞེས་གསུངས་པའི་ཕྱིར། ལྔ་པ་གནས་ཚུལ་ཡོད་དེ། ཐུགས་ཆོས་ཟབ་མོར་སོ་སོར་རྟོགས་ཤིང་ཡིད་ལ་བྱེད་པ་གསུམ་ག་ལ་འདྲ་ཞིང༌། ལུས་བསེ་རུ་གཅིག་པུར་གནས། ཚོགས་སྤྱོད་གཉིས་ཚོགས་དང་བཅས་པར་གནས་པའི་ཕྱིར། དྲུག་པ་རྒྱུ་ཚུལ་ཡོད་དེ། དེ་དག་ཐམས་ཅད་གྲོང་ངམ་གྲོང་རྡལ་གང་དུ་གནས་ཀྱང་ལུས་ཤིན་ཏུ་བསྲུངས་པ་དང་དབང་པོ་བསྡམས་ནས་བསོད་སྙོམས་ལ་འཇུག་པའི་ཕྱིར། དེའི་ཚེ་གཞན་ལ་བརྩེ་བར་བྱེད་པ་ལུས་ཀྱིས་ཆོས་སྟོན་ངག་གིས་ཆོས་མི་སྟོན་པའི་ཕྱིར་རོ། །བདུན་པ་སྒྲ་བཤད་ཡོད་དེ། གཞན་གྱི་ལུང་མེད་པར་བདག་གཅིག་པུའི་ཕྱིར་སངས་རྒྱས་པ་སྟེ་སྤངས་རྟོགས་ཁོང་དུ་ཆུད་པས་རང་སངས་རྒྱས་ཞེས་བཏགས་པའི་ཕྱིར། མཛོད་འགྲེལ་ལས། ལུང་མེད་པར་བདག་གཅིག་པུའི་ཕྱིར་སངས་རྒྱས་པས་རང་སངས་རྒྱས་ཏེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རང་ཞེས་པས་གཞན་གཅོད། བུདྡྷ་ཁོང་དུ་ཆུད་པ་ལ་འཇུག་པའི་ཕྱིར། བསེ་རུའི་སྒྲ་དོན་ཡོད་དེ། རི་དྭགས་བསེ་རུ་དེ་རྭ་གཅིག་ལས་རྭ་གཉིས་མེད་པ་ལྟར་རམ། རི་དྭགས་བསེ་རུ་རང་གཅིག་པུར་གནས་པ་ལྟར་སྤྱོད་པས་ན་བསེ་རུ་ལྟ་བུར་བཤད་པའི་ཕྱིར། མཛོད་གྱི་འགྲེལ་བཤད་ལས། བསེ་རུ་ལྟ་བུ་ཡིན་ཞེས་བྱ་བ་ནི་ཇི་ལྟར་བསེ་རུ་དག་གཉིས་མེད་པ་དེ་བཞིན་དུ་དེ་དག་ཀྱང་ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་དང་རང་སངས་རྒྱས་གཞན་དག་དང་མི་འདྲེས་པར་གནས་པས་ན་བསེ་རུ་ལྟ་བུ་རྣམས་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར།

    གསུམ་པ་རྩོད་པ་སྤོང་བ་ལ་ཁོ་ན་རེ། བོད་ཀྱི་ཀུན་མཁྱེན་ཁ་ཅིག་ན་རེ། རང་སངས་རྒྱས་དང་སེམས་ཙམ་པ་ལྟ་བ་མི་མཚུངས་ཏེ། སྔ་མས་གཟུང་རྟོག་སྤངས་ཀྱང་འཛིན་པ་བདེན་པར་ཞེན་པ་ཡིན་ལ། ཕྱི་མས་གཟུང་འཛིན་བདེན་མེད་དུ་རྟོགས་པའི་ཕྱིར་རོ། །ཞེས་ཟེར། འོ་ན་རང་རྒྱལ་གྱི་ལམ་དེས་གཟུང་བ་ཕྱི་རོལ་དོན་འཛིན་གྱི་རྟོག་པ་སྤངས་པར་ཐལ། སེམས་ཙམ་པ་དང་རང་རྒྱལ་མི་མཚུངས་ཚུལ་དེའི་ཕྱིར། འདོད་ན། རང་རྒྱལ་གྱི་ལམ་ལ་འཕགས་ལམ་གྱིས་ཁྱབ་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། རང་རྒྱལ་སོ་སྐྱེའི་ལམ་མེད་པར་ཐལ་ལོ། །ཡང་ཁོ་ན་རེ། རང་རྒྱལ་གྱིས་གཟུང་བ་བདེན་མེད་དུ་རྟོགས་ཀྱང་འཛིན་པ་དབང་ཤེས་སོགས་བདེན་མེད་དུ་མ་རྟོགས་ཟེར་ན། དེ་ཤིན་ཏུ་མི་འཐད་པར་ཐལ། གཞི་ཆོས་གཅིག་བདེན་མེད་དུ་རྟོགས་ན་དེའི་ཕྱོགས་ཁྱབ་དྲན་པར་བྱས་ནས་ཆོས་ཐམས་ཅད་བདེན་མེད་དུ་རྟོགས་ནུས་པའི་ཕྱིར། དེར་ཐལ། དེ་ལྟ་མ་ཡིན་ན་སློབ་ལམ་ན་ཆོས་གཞན་མཐའ་དག་བདེན་མེད་དུ་རྟོགས་པ་མི་སྲིད་པར་ཐལ་བའི་ཕྱིར་ཏེ། དེས་ན་འཕགས་པ་ལྷས། གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང༌། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། གཟུགས་སོགས་ཕྱི་རོལ་དོན་དུ་མ་གྲུབ་པར་རྟོགས་ཀྱང་དེ་ལས་རྫས་ཐ་དད་པའི་འཛིན་པ་མེད་པར་མ་རྟོགས་ཟེར་ན། དེ་གཏན་ནས་མི་རུང་བར་ཐལ། གཟུགས་སོགས་དབང་ཤེས་ལས་རྫས་ཐ་དད་ཡིན་པ་ཁེགས་ནས་དབང་ཤེས་དེ་གཟུགས་ལས་རྫས་ཐ་དད་མི་ཁེགས་པའི་གང་ཟག་མི་སྲིད་པའི་ཕྱིར། དེས་ན་གཟུང་རྟོག་སྤོང་ཞེས་པའི་དོན་ཁྱེད་ལྟར་མ་ཡིན་པར་ཐལ། དེའི་དོན་གཟུགས་སོགས་དེར་འཛིན་དབང་ཤེས་ལས་རྫས་ཐ་དད་དུ་མེད་པར་རྟོགས་པ་ཡིན་ལ། འཛིན་པ་མི་སྤོང་ཞེས་པའི་དོན་དབང་ཤེས་སོགས་ཤེས་པ་བདེན་སྟོང་དུ་མ་རྟོགས་པ་ཙམ་དུ་མ་ཟད། རང་རྒྱལ་དགྲ་བཅོམ་པ་ཐོབ་པ་ལ་བདེན་མེད་རྟོགས་མི་དགོས་པའི་དོན་ཡིན་པའི་ཕྱིར་ཏེ། དེས་ན་དེ་གཉིས་ལྟ་བ་མཐོ་དམན་ཅུང་ཟད་ཀྱང་མེད་པའི་ཕྱིར། རྣམ་བཤད་ལས། འགྲེལ་ཆེན་གྱི་དགོངས་པ་ཡང་དེ་ཁོ་ན་བཞིན་དུ་ཤེས་པར་བྱ་ལ། ཞེས་གསུངས་པའི་ཕྱིར།

                                                                                                                            རྩོམ་སྒྲིག་པ། མང་ར་བ།

 

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

 

བརྒྱུད་འགོད།