ཀུན་མཁྱེན་ཕར་ཕྱིན་ལས་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-12-27 20:24:22     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

90826978328408125.jpg

           གཉིས་པ་ལམ་ཤེས་ཀྱི་རང་བཞིན་ལ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་དང༌། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་དང༌། བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་གསུམ། དང་པོ་ལ། ལམ་ཤེས་ཀྱི་ངོ་བོ་དང༌། རྒྱུ་ངེས་འབྱེད་ཆ་མཐུན་བཤད་པ་གཉིས། དང་པོ་སྟོན་པར། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །ནས། ཉན་ཐོས་ལམ་འདི་ཤེས་པར་བྱ། །ཞེས་བྱུང༌། འཕྲོས་མཐའ་དཔྱད་པ་གཉིས། དང་པོ་ནི། མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་དེ་མི་དམིགས་པའི་ཚུལ་གྱིས་གཟུགས་ནི་མི་རྟག་པ་ཉིད་དུ་ཡིད་ལ་བྱའོ། །སྡུག་བསྔལ་བ་ཉིད་དང་བདག་མེད་པ་ཉིད་དང་ཞི་བ་ཉིད་དང༌། ཞེས་པ་ནས། གཅིག་གིས་གཅིག་བསྔོ་བར་མི་ནུས་ཞེས་པའི་བར་གྱི་དོན་སྟོན་པར་འདི་བྱུང༌། གཉིས་པ་མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། མདོའི་སྒྲས་ཟིན་ལ་ཉན་ཐོས་ཀྱི་ལམ་བསྟན་ཟེར་ན། འོ་ན་མདོ་ལས་མི་རྟག་པ་ཉིད་དུ་ཡིད་ལ་བྱའོ། །ཞེས་གསུངས་པའི་དངོས་བསྟན་མི་རྟག་པ་ཡིད་ལ་བྱེད་པ་དེ་ཉན་ཐོས་ཀྱི་ལམ་ཡིན་པར་ཐལ། མདོའི་སྒྲས་ཟིན་ལ་ཉན་ཐོས་ཀྱི་ལམ་བསྟན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། མདོའི་དངོས་བསྟན་ལ་ཡོད་ན་འདིའི་དངོས་བསྟན་གྱི་མི་རྟག་སྡུག་བསྔལ་སོགས་ཡིད་ལ་བྱེད་པ་ལ་ཡང་ཡོད་དགོས་པའི་ཕྱིར། གསེར་ཕྲེང་ལས། འདིའི་སྒྲས་ཟིན་ལ་ཉན་ཐོས་ཀྱི་ལམ་མེད་དེ། ཡོད་ན་མི་རྟག་སོགས་སུ་ཡིད་ལ་བྱེད་པ་ལ་འདོད་དགོས་ན། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། རྟེན་བྱང་སེམས་དང་ཀུན་སློང་སེམས་བསྐྱེད་དང་བདེན་པར་མི་དམིགས་པའི་ཤེས་རབ་དང་ཐབས་རྣམ་མཁྱེན་དུ་བསྔོ་བ་གསུམ་གྱིས་ཟིན་པའི་ལམ་མ་ཡིན་པར་ཐལ། དེ་ཉན་ཐོས་ཀྱི་ལམ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། མདོ་དང་དངོས་སུ་འགལ་བའི་ཕྱིར། གསེར་ཕྲེང་ལས། དེ་ཡང་ཡིད་ལ་བྱེད་པ་བོ་བྱང་སེམས་དང་ཀུན་སློང་ཐེག་དམན་འདོད་པ་དང་མ་འདྲེས་པའི་རྣམ་མཁྱེན་ཡིད་བྱེད་དང༌། ཡིད་ལ་བྱེད་ཚུལ་མི་དམིགས་པའི་རྣམ་པར་ཡིད་ལ་བྱ་བར་གསུངས་ཤིང༌། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གསེར་ཕྲེང་ལས། དེ་ནི་སྔར་ལྟར་རྟེན་ཀུན་སློང་ཡིད་བྱེད་མཐར་བསྔོ་ཚུལ་རྣམས་བྱང་སེམས་འབའ་ཞིག་དང་འབྲེལ་བར་གསུངས་པས་སོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁ་ཅིག་ན་རེ། དེ་མི་འཐད་པར་ཐལ། འདིའི་ལམ་ཤེས་ཀྱི་ཡུལ་གྱི་ལམ་ནི་ཉན་ཐོས་ཀྱི་ལམ་ཡིན་དགོས་ལ། འདིར་ཉན་ཐོས་ཀྱི་ལམ་མ་བཤད་པར་བདེན་བཞིའི་རྣམ་པ་བཤད་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་ལམ་ཤེས་པར་བྱེད་ཚུལ་ཡང་དམིགས་ཡུལ་འདི་ལ་རྣམ་པ་འདི་ལྟར་དམིགས་ཞེས་ཤེས་པར་བྱེད་དགོས་པའི་ཕྱིར། དེར་ཐལ། ཡུལ་དང་བྲལ་བའི་ཡེ་ཤེས་རྐྱང་པས་དེའི་དམིགས་རྣམ་ཤེས་མི་ནུས་པའི་ཕྱིར། དེར་ཐལ། དམིགས་རྣམ་མ་ཤེས་པར་ཡང་ཤེས་པའི་རབ་དབྱེ་རྟོགས་ཚུལ་མེད་པའི་ཕྱིར། གསེར་ཕྲེང་ལས། དམིགས་རྣམ་མ་བཅད་པར་ཡང་ཤེས་པའི་རབ་དབྱེ་རྟོགས་པར་མི་ནུས་པས་སོ། །ཞེས་གསུངས་པའི་ཕྱིར།

    ཡང་ཁ་ཅིག་ན་རེ། སྐབས་འདིར་སྒྲས་ཟིན་གྱི་ཤེས་པར་བྱ་རྒྱུ་ལ་ཉན་ཐོས་ཀྱི་ལམ་འཇོག་མི་རིགས་པར་ཐལ། མདོའི་སྒྲས་ཟིན་གྱི་ཤེས་པར་བྱ་རྒྱུ་ལ་ཉན་ཐོས་ཀྱི་ལམ་མ་བཤད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། མདོའི་སྒྲས་ཟིན་ལ་བདེན་བཞིའི་རྣམ་པ་ཤེས་རྒྱུ་དང་དེ་དག་བདེན་པར་མི་དམིགས་པར་ཤེས་ཚུལ་སྦྱར་བ་ཙམ་ཡིན་པའི་ཕྱིར། འདིའི་ཐད་ཀྱི་མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་མི་དམིགས་པའི་ཚུལ་གྱིས་གཟུགས་ནི་མི་རྟག་པར་ཡིད་ལ་བྱ་སྟེ། ཞེས་པ་ནས། དགེ་བའི་རྩ་བ་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་སར་བསྔོར་མི་འཇུག །རང་སངས་རྒྱས་ཀྱི་སར་བསྔོར་མི་འཇུག་པའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདི་ལ་རྣམ་པ་མི་རྟག་པ་དང་མི་དམིགས་པ་ཙམ་ལས་དངོས་སུ་མ་བཤད་པའི་ཕྱིར། གསེར་ཕྲེང་ལས། མདོའི་སྒྲས་ཟིན་ལ་རྣམ་པ་རྣམས་ཤེས་རྒྱུ་དང༌། མི་དམིགས་པ་ཤེས་ཚུལ་ལ་སྦྱར་ཡང༌། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། བསྟན་བཅོས་འདིར་ཉན་ཐོས་ཀྱི་ལམ་ཤེས་རྒྱུ་དང༌། མི་རྟག་སོགས་ཀྱི་རྣམ་པ་རྣམས་བདེན་པར་མི་དམིགས་པར་རྟོགས་པར་ཤེས་ཚུལ་དུ་དངོས་སུ་མཛད་པའི་ཕྱིར་ཏེ། རྩ་བར། འཕགས་པའི་བདེན་པ་བཞི་དག་གི །རྣམ་པ་མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་འདི་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དངོས་བསྟན་མངོན་རྟོགས་མདོ་ལས་གབ་ཀྱང་རྗེ་བཙུན་གྱིས་བསྟན་བཅོས་སུ་གསལ་བར་བསྟན་པའི་ཕྱིར། གསེར་ཕྲེང་ལས། དེ་ལྟར་བྱུང་ཡང་མི་མཐུན་པར་མི་བསམ་སྟེ་མངོན་རྟོགས་ཀྱི་དོན་ནི་མདོའི་ནང་དུ་གབ་པས། ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། སྐབས་འདིར་བསྟན་པའི་ལམ་ནི་ཉན་ཐོས་ཀྱི་ལམ་བཤད་ཚུལ་མ་ཡིན་པར་ཐལ། ཉན་ཐོས་ཀྱི་སྡེ་སྣོད་དུ་བདེན་བཞི་ལ་བརྟེན་པའི་རྣམ་པ་བཅུ་དྲུག་བཤད་ཅིང༌། འདིར་བདེན་བཞི་ལ་བརྟེན་པའི་རྣམ་པ་སོ་གསུམ་བཤད་པའི་ཕྱིར་ན་མ་ཁྱབ་སྟེ། འདིར་བདེན་བཞི་ལ་བརྟེན་པའི་རྣམ་པ་རྣམས་མིང་གི་རྣམ་གྲངས་ཀྱི་སྒོ་ནས་སོ་གསུམ་དུ་བཤད་པའི་ཕྱིར། དེར་ཐལ། སྡུག་ཀུན་སོ་སོའི་རྣམ་པ་བརྒྱད། ཐུན་མོང་གི་བདུན་བདུན་ཏེ་བཅུ་བཞི་སྟེ་སྡུག་ཀུན་གྱི་རྣམ་པ་ཉེར་གཉིས་ཡོད་པ་གང་ཞིག །འགོག་བདེན་གྱི་བདུན་དང་ལམ་བདེན་གྱི་བཞི་དང་སོ་གསུམ་ཡོད་པའི་ཕྱིར། གསེར་ཕྲེང་ལས། སྡུག་ཀུན་སོ་སོའི་རྣམ་པ་བརྒྱད། ཐུན་མོང་དུ་བཅུ་བཞི། འགོག་པའི་བདུན། ལམ་གྱི་བཞི་སྟེ། རྣམ་པ་སོ་གསུམ་རྟོགས་པའི་ཡུལ་ཅན་གྱི་རྣམ་པ་རྣམས་སོ། །ཞེས་གསུངས་པའི་ཕྱིར། དང་པོ་སྡུག་ཀུན་གྱི་ཉེར་གཉིས་གྲུབ་སྟེ། ཉི་ཁྲི་ལས། འདི་ལ་བྱང་ཆེན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་དེ་མི་དམིགས་པའི་ཚུལ་གྱིས་གཟུགས་ནི་མི་རྟག་པ་ཉིད་དུ་ཡིད་ལ་བྱའོ། །སྡུག་བསྔལ་བ་ཉིད་དང༌། བདག་མེད་ཉིད་དང༌། ཞི་བ་ཉིད་དང༌། ནད་ཉིད་དང༌། འབྲས་ཉིད་དང༌། ཟུག་རྔུ་ཉིད་དང༌། སྡིག་པ་ཉིད་དང༌། ཕ་རོལ་ཉིད་དང༌། འཇིག་པའི་ཆོས་ཅན་ཉིད་དང༌། གཡོ་བ་ཉིད་དང༌། རབ་ཏུ་འཇིག་པ་ཉིད་དང༌། འཇིགས་པ་ཉིད་དང༌། འགོ་བའི་ནད་ཉིད་དང༌། ཉེ་བར་འཚེ་བ་ཉིད་དུ་ཡིད་ལ་བྱའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དང་པོ་བཞི་སྡུག་བདེན་གྱི་རྣམ་པ་བཞི་དང༌། དེ་ནས་ནད་སོགས་བཞི་ཀུན་འབྱུང་གི་རྣམ་པ་དང༌། དེ་ནས་ཕ་རོལ་སོགས་བདུན་སྡུག་ཀུན་ཐུན་མོང་གི་རྣམ་པ་ཡིན་པའི་ཕྱིར། ཉི་སྣང་ལས། མི་རྟག་ཉིད་ནས་ཞི་བ་ཉིད་ཅེས་བྱ་བའི་བར་དུ་ནི་སྡུག་བསྔལ་གྱི་བདེན་པའི་རྣམ་པའོ། །ཞེས་སོ གཉིས་པ་གྲུབ་སྟེ། ཉི་སྣང་ལས། ནད་ཉིད་ཅེས་བྱ་བ་ནས་སྡིག་པ་ཉིད་ཅེས་བྱ་བའི་བར་ནི་ཀུན་འབྱུང་གི་བདེན་བའི་རྣམ་པའོ། །ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། ཉི་སྣང་ལས། ཕ་རོལ་ཉིད་དང་འཇིག་པའི་ཆོས་ཅན་ཉིད་ཅེས་བྱ་བ་ནི་དེ་དག་ཉིད་སོ་སོ་ལ་ཡིད་འབྱུང་བའི་རྣམ་པའོ། །ཞེས་གསུངས་པའི་ཕྱིར།

    གསུམ་པ་འགོག་བདེན་གྱི་རྣམ་པ་བདུན་ཡང་ཡོད་དེ། མདོ་ལས། བདག་མེད་པ་ཉིད་དང༌། ཞི་བ་ཉིད་དང༌། བདེན་པ་ཉིད་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་ཉིད་དང༌། སྨོན་པ་མེད་པ་ཉིད་དང༌། མངོན་པར་འདུ་བྱེད་པ་མེད་པ་ཉིད་དུ་ཡིད་ལ་བྱའོ། །ཞེས་གསུངས་པའི་ཕྱིར། བཞི་པ་ལམ་བདེན་གྱི་བཞི་ཡོད་དེ། ལམ་དང༌། རིག་པ་དང༌། སྒྲུབ་པ་དང༌། ངེས་འབྱིན་དང་བཞི་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ཉི་སྣང་ལས། དེ་རྣམས་ཉིད་ཀྱིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སྒོམ་པ་ཞེས་བྱ་བ་ལམ་གྱི་རྣམ་པ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཉི་སྣང་ལས། དེ་དག་ཉིད་ཀྱིས་མི་དམིགས་པའི་ཚུལ་དུ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཞེས་བྱ་བ་ནི་རིག་པའི་རྣམ་པ་སྟེ། ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། ཉི་སྣང་ལས། བྱང་ཆུབ་ཀྱི་སེམས་དང་ཡོངས་སུ་བསྔོ་བའི་སེམས་དག་ནི་ཕན་ཚུན་མེད་ཅིང་མི་དམིགས་པ་ཉིད་ཀྱིས་སོ་ཞེས་བྱ་བ་ནི་སྒྲུབ་པའི་རྣམ་པ། ཞེས་གསུངས་པའི་ཕྱིར། བཞི་པ་གྲུབ་སྟེ། ཉི་སྣང་ལས། བྱང་ཆུབ་ཀྱི་སེམས་དང༌། ཞེས་པ་ནས། མངོན་པར་ཞེན་པ་མེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བྱ་བ་ནི་ངེས་པར་འབྱིན་པའི་རྣམ་པ་སྟེ། ཞེས་གསུངས་པའི་ཕྱིར། དེ་ལ་ཁ་ཅིག་ན་རེ། བདེན་བཞིའི་རྣམ་པ་སོ་གསུམ་མི་འཐད་པར་ཐལ། རྣམ་པ་སུམ་ཅུ་དང་ཉེར་དྲུག་ཏུ་འདོད་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ལྟར་བཤད་པ་ཉི་སྣང་དང་འགྲེལ་ཆེན་གཉིས་དང་མི་མཐུན་པས་མི་འཐད་པའི་ཕྱིར། གསེར་ཕྲེང་ལས། འདིར་རྟོགས་དཀར་ངེས་འབྱུང་གི་བཞི་ཀ་གཅིག་ཏུ་བྱས་ནས་སུམ་ཅུ་དང༌། ཤེར་འབྱུང་གིས་ཞེས་པ་ནས། ཉེར་དྲུག་ཏུ་འདོད་པ་ནི་འགྲེལ་ཆེན་གཉིས་ཀྱི་དགོངས་པར་མི་སྣང་ངོ༌། །ཞེས་གསུངས་པའི་ཕྱིར། ཤིན་ཏུ་དཀའ་བའི་གནས་ལེགས་པར་བཤད་ཡོད་པས་གཅེས་པར་བྱེད་དགོས་ཏེ། སྔོན་གྱི་མཁས་པ་མང་པོས་ཀྱང་མ་ཐོན་པའི་དཀའ་གནས་ལེགས་པར་བཤད་པའི་ཕྱིར། གསེར་ཕྲེང་ལས། ལུང་འདི་འདྲེན་དགོས་པའི་རྒྱུ་མཚན་དང་གང་གི་ཤེས་བྱེད་དུ་དྲངས་པ་རྣམས་ནི་ཊཱིཀ་རྩོམ་པ་རྣམས་ཀྱི་བློ་ལ་གསལ་བོར་མ་ཤར་བས་ཞིབ་པར་བྲིས་སོ། །ཞེས་གསུངས་པ་དང་མཚུངས་པའི་ཕྱིར། ཡང་ཁ་ཅིག །སེམས་བསྐྱེད་སོགས་ཆོས་གསུམ་གྱིས་ཟིན་པའི་སྒོ་ནས་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་གང་ཞིག །གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་བཟུང་བའི་ཆེད་དུ་ཤེས་པར་བྱ་བའི་མངོན་རྟོགས་དེ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད་ཟེར་ན། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། མཚན་ཉིད་ཀྱི་ཟུར་དང་པོ་དེར་ཐལ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཡིན་པའི་ཕྱིར་ཏེ། ཉན་ཐོས་ཀྱི་རྟོགས་རིགས་དང་ཐེག་ཆེན་པའི་མཁྱེན་པའི་གཞི་མཐུན་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མ་ཡིན་པར་ཐལ། ཁྱོད་ཀྱི་དངོས་ཡུལ་ཡིན་ན་མེད་དགག་ཡིན་དགོས་པའི་ཕྱིར།

    གཞན་ཡང༌། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཉན་ཐོས་དགྲ་བཅོམ་གྱི་རྟོགས་པ་སྔོན་དུ་སོང་བའི་བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཆོས་ཅན། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་སླ། འདོད་ན། དེ་ཆོས་ཅན། ཐེག་ཆེན་འཕགས་རྒྱུད་ཀྱི་མཁྱེན་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཐེག་ཆེན་གྱི་ཚོགས་ལམ་ཡིན་པའི་ཕྱིར། རོང་ཊཱིཀ་པ་ན་རེ། ཉན་ཐོས་ཀྱི་ལམ་བདེན་སྟོང་དུ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད་ཟེར་ན། དེ་འདྲའི་ཡེ་ཤེས་ཆོས་ཅན། ཉན་ཐོས་ཀྱི་རྟོགས་རིགས་སུ་གནས་པར་ཐལ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ལ་ཉན་ཐོས་ཀྱི་རྟོགས་རིགས་ཤིག་དགོས་པའི་ཕྱིར། མདོ་ལས། གཟུགས་ནི་མི་རྟག་པ་ཉིད་དུ་ཡིད་ལ་བྱའོ་ཞེས་སོགས་ཀྱིས་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་འཛིན་སྟངས་བཤད་པའི་ཕྱིར། མ་ཁྱབ་ན། མི་རྟག་སོགས་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་དེ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཡིན་པར་ཐལ། མ་ཁྱབ་པ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། སྟོང་ཉིད་མངོན་སུམ་དུ་རྟོགས་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། སློབ་ལམ་ན་བདེན་གཉིས་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་པ་ཡོད་པར་ཐལ་ལོ། །འདོད་ན། སློབ་ལམ་ན་མཉམ་རྗེས་གཉིས་ངོ་བོ་གཅིག་ཏུ་གྱུར་པའི་ཡེ་ཤེས་ཡོད་པར་ཐལ་ལོ། །འཁོར་གསུམ། གཞན་ཡང༌། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཡིན་ན་རྣལ་འབྱོར་མངོན་སུམ་ཡིན་དགོས་པར་ཐལ། ཁྱོད་ཀྱི་མཚན་ཉིད་འཐད་པའི་ཕྱིར། འདོད་ན། གང་ཟག་གི་བདག་མེད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཐེག་ཆེན་གྱི་སྒོམ་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་ཡོད་པའི་ཕྱིར། འགྲེལ་བ་ལས། དེ་དག་གིས་ཤེས་བྱའི་སྒྲིབ་པའི་གཉེན་པོ་ཉིད་དུ་སྒོམ་པའི་ལམ་ཟག་པ་དང་བཅས་པ་དང་ཟག་པ་མེད་གཉིས་ཡིན་པས་ལམ་རྣམ་པ་གསུམ་མོ། །ཞེས་གསུངས་པའི་ཕྱིར། འཁོར་གསུམ།

    ཡང་ཁ་ཅིག །ཉན་ཐོས་ཀྱི་ལམ་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་དེ་དེའི་མཚན་ཉིད་ཟེར་ན། དེ་འདྲའི་ཐེག་ཆེན་འཕགས་པའི་མཁྱེན་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཉན་ཐོས་ཀྱི་ལམ་རང་བཞིན་གྱིས་གྲུབ་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། གཞི་གྲུབ་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཡིན་ན། ཉན་ཐོས་ཀྱི་ཤེས་རབ་ཀྱི་རྟོགས་རིགས་ཡིན་པས་ཁྱབ་པར་ཐལ། སྐྱེ་མེད་གསུམ་བཤད་པས་ཐེག་པ་གསུམ་གྱི་རྟོགས་རིགས་འབྱེད་པའི་ཕྱིར་ན་མ་ཁྱབ། འདོད་ན། གང་ཟག་གི་བདག་འཛིན་སྤང་བར་འདོད་པའི་ཐེག་ཆེན་མཐོང་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། ཉན་ཐོས་ཀྱི་ཐབས་ཀྱི་རྟོགས་རིགས་ཡིན་པའི་ཕྱིར། དེར་ཐལ། དེ་འདྲའི་ཉན་ཐོས་ཀྱི་མཐོང་ལམ་ཉན་ཐོས་ཀྱི་ཐབས་ཡིན་པའི་ཕྱིར་ཏེ། ཉན་ཐོས་ཀྱི་བྱང་ཆུབ་ཐོབ་འདོད་ཀྱི་སེམས་བསྐྱེད་དེ་ཉན་ཐོས་ཀྱི་ཐབས་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཉན་ཐོས་ཀྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་དེ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད་ཟེར་ན། དེ་ལ་ཁོ་ན་རེ། བྱང་སེམས་ཀྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་དེ་བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད་ཡིན་པར་ཐལ། ཉན་ཐོས་ལ་དེའི་ཕྱིར། འདོད་ན། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་ཡིན་པར་ཐལ། བྱང་སེམས་ཀྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་ཡིན་པའི་ཕྱིར་ཏེ། བདག་མེད་གསུམ་རྟོགས་རིགས་སོ་སོར་འཇོག་ཚུལ་ཡོད་པའི་ཕྱིར། རྩ་བར་འདོད་ན། བྱང་སེམས་ཀྱི་ལམ་ཤེས་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཡིན་ན། ཉན་ཐོས་ཀྱི་ལམ་ཤེས་ཡིན་མི་དགོས་པའི་ཕྱིར་ཏེ། ཉན་ཐོས་ཀྱི་ལམ་ཤེས་མེད་པའི་ཕྱིར། འདོད་མི་ནུས་ཏེ། སངས་འཕགས་ཀྱི་ལམ་ཤེས་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་དང་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་གཉིས་ཀྱི་གཞི་མཐུན་ཡོད་པར་ཐལ། བྱང་འཕགས་རྒྱུད་ཀྱི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེ་དེ་གཉིས་ཀ་ཡིན་པའི་ཕྱིར། དེར་ཐལ། དེ་རང་རྒྱལ་གྱི་རྟོགས་རིགས་སུ་གནས་པའི་ཕྱིར། དེར་ཐལ། གང་ཟག་གི་བདག་མེད་རང་རྒྱལ་སློབ་པ་འཕགས་པའི་བསྒོམ་བྱའི་གཙོ་བོ་ཡིན་པའི་ཕྱིར། དེར་ཐལ། གང་ཟག་གི་བདག་འཛིན་དེའི་སྤང་བྱའི་གཙོ་བོ་ཡིན་པའི་ཕྱིར། དེར་ཐལ། ཐར་པ་དེའི་འཐོབ་བྱའི་གཙོ་བོ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། གང་ཟག་གི་བདག་འཛིན་དེ་རང་རྒྱལ་གྱི་ཐར་པ་ཐོབ་པ་ལ་སྒྲིབ་པའི་གཙོ་བོ་མ་ཡིན་པའི་ཕྱིར་ཏེ། དེ་རང་རྒྱལ་གྱི་གཟུང་འཛིན་རྫས་གཞན་དུ་འཛིན་པའི་གཟུང་རྟོག་རགས་པ་སྤངས་པའི་སྤངས་པ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པའི་གཙོ་བོ་མ་ཡིན་པའི་ཕྱིར། དེར་ཐལ། དེ་སྤངས་ན་ཤེས་སྒྲིབ་གཟུང་རྟོག་རགས་པ་སྤངས་པས་མ་ཁྱབ་པའི་ཕྱིར་ཏེ། ཉན་ཐོས་མི་སློབ་པ་ཡོད་པའི་ཕྱིར། ཡང་ཁ་ཅིག་ན་རེ། མི་རྟག་སོགས་བཅུ་དྲུག་གཙོ་བོར་སྒོམ་པའི་བྱང་སེམས་ཀྱི་མཐོང་ལམ་མེད་ཟེར་ན། དེ་གཙོ་བོར་སྒོམ་པའི་བྱང་སེམས་ཀྱི་མཐོང་ལམ་ཡོད་ཀྱང་བྱང་སེམས་ཀྱི་སྒོམ་ལམ་མེད་པའི་ཁྱད་པར་འབྱེད་མི་རིགས་པར་ཐལ། དེ་གཙོ་བོར་སྒོམ་པའི་བྱང་སེམས་ཀྱི་མཐོང་ལམ་མེད་པའི་ཕྱིར། རྟགས་ཁས། འདོད་ན། རྣམ་བཤད་ལས། ལམ་འདི་ཡང་མཐོང་ལམ་གྱི་སྐབས་ཉིད་དུ་སྒོམ་པར་བྱེད་ཀྱི་སྒོམ་ལམ་གྱི་གནས་སྐབས་སུ་གོམས་པ་ལྷུར་ལེན་བྱེད་པ་ནི་མ་ཡིན་ནོ། །ཞེས་ཁྱད་པར་ཕྱེ་ནས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། འོ་ན་དེ་བསྒོམ་བྱའི་གཙོ་བོར་བྱས་ནས་སྒོམ་པའི་བྱང་སེམས་མཐོང་ལམ་པ་ཡོད་པར་ཐལ། དེ་གཙོ་བོར་བསྒོམ་པའི་བྱང་སེམས་མཐོང་ལམ་པ་ཡོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དེ་དེའི་བསྒོམ་བྱའི་གཙོ་བོ་མ་ཡིན་པའི་ཕྱིར། དེར་ཐལ། བདེན་མེད་དེ་བྱང་སེམས་མཐོང་ལམ་པའི་སྒོམ་བྱའི་གཙོ་བོ་ཡིན་ཀྱང་གང་ཟག་གི་བདག་མེད་དེ་མ་ཡིན་པའི་ཕྱིར་ཏེ། བྱང་སེམས་ཀྱི་སྤང་བྱའི་གཙོ་བོ་ཤེས་སྒྲིབ་ཡིན་ཀྱང་ཉོན་སྒྲིབ་མ་ཡིན་པའི་ཕྱིར་ཏེ། བྱང་སེམས་ཀྱི་འཐོབ་བྱའི་གཙོ་བོ་ཐམས་ཅད་མཁྱེན་པ་ཡིན་ཀྱང་ཐར་པ་མ་ཡིན་པའི་ཕྱིར།

    གཉིས་པ་རང་ལུགས་ལ། སེམས་བསྐྱེད་བསྔོ་བ་སྟོང་ཉིད་རྟོགས་པའི་ཤེས་རབ་གསུམ་གྱིས་ཟིན་ཅིང་ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་བཟུང་བའི་ཆེད་དུ་ཤེས་པར་བྱ་བའི་མངོན་རྟོགས་ཀྱི་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་དེ། འདིར་བསྟན་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད། རིགས་གནས་སྨོས་པས་ཐབས་ཀྱི་དེ་སྡུད་པ་ཡིན། དབྱེ་ན། ཐེག་ཆེན་མཐོང་ལམ་སྒོམ་ལམ་མི་སློབ་ལམ་གྱི་གནས་སྐབས་ཀྱི་གསུམ་ཡོད། གསུམ་པ་རྩོད་སྤོང་ལ་ཁོ་ན་རེ། ཉན་ཐོས་ཀྱི་ཐབས་ཡིན་ན་ཉན་ཐོས་ཀྱི་ཤེས་རབ་མ་ཡིན་དགོས་པར་ཐལ། ཐབས་ཤེས་ཀྱི་རྟོགས་རིགས་འགལ་བ་དེའི་ཕྱིར་ན་མ་ཁྱབ། འདོད་ན། ཐེག་ཆེན་གྱི་ཐབས་ཡིན་ན་ཐེག་ཆེན་གྱི་ཤེས་རབ་མ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཐེག་ཆེན་སེམས་བསྐྱེད་ཀྱི་འཁོར་དུ་བྱུང་བའི་ཤེས་རབ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་ཅིང༌། འདོད་མི་ནུས་པ་གཉིས་ཀ་ཡིན་པའི་ཕྱིར་ཏེ། ཐེག་ཆེན་སེམས་བསྐྱེད་དང་མཚུངས་ལྡན་རྣམ་པ་ལྔ་མཚུངས་ཀྱི་ཤེས་རབ་ཡིན་པའི་ཕྱིར། གཞན་ཡང༌། ཆོས་གཟུགས་ཀྱི་སྐུ་གཉིས་ཀྱི་ལག་རྗེས་འཇོག་བྱེད་ཀྱང་ཐེག་ཆེན་གྱི་ཐབས་ཀྱི་རྟོགས་རིགས་ཀྱི་སྒོ་ནས་མི་འབྱེད་པར་ཐལ་ལོ། །ཐེག་ཆེན་གྱི་ཤེས་རབ་ཙམ་ལ་ཆོས་སྐུའི་ལག་རྗེས་འཇོག་པས་ཁྱབ་པའི་ཕྱིར། མ་གྲུབ་ན་དངོས་འགལ། འདོད་མི་ནུས་ཏེ། སྔར་བཤད་ཟིན་ཏོ། །

                                                                                                                              རྩོམ་སྒྲིག་པ། མང་ར་བ།

 

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།