ཀུན་མཁྱེན་ཕར་ཕྱིན་ལས་ལམ་ཤེས་ཀྱི་རང་བཞིན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-12-27 20:21:33     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

97058295108396316.jpg

           གཉིས་པ་ལམ་ཤེས་ཀྱི་རང་བཞིན་ནམ་ངོ་བོ་སྟོན་པར་འགྲེལ་ཆེན་ལས། བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་འཁོར་བ་ཇི་སྲིད་པར། ཞེས་སོགས་བྱུང༌། མཐའ་དཔྱད་པ་ལ། བོད་སྔ་རབས་པ་ཁ་ཅིག.....ལོ་ཆེན། ན་རེ། འདིར་མི་སྤོང་རྒྱུའི་ཉོན་མོངས་ནི་སྙིང་རྗེ་ལ་ཉོན་མོངས་སུ་བཏགས་པ་ཡིན་པར་ཐལ། བཏགས་པའི་ཆོས་གསུམ་ཚང་བའི་ཕྱིར་ཏེ། སྲིད་པར་མཚམས་སྦྱོར་བར་འདྲ་བའི་ཕྱིར་ཏེ། ཉི་སྣང་ལས། བྱང་ཆུབ་སེམས་དཔའི་སྙིང་རྗེ་ནི་སྲིད་པར་དགའ་བར་བྱེད་པ་སྟེ། ཞེས་གསུངས་པའི་ཕྱིར་ཟེར། རྩ་བར་འདོད་ན། ཉན་ཐོས་ཀྱི་ལམ་གྱིས་ཆེད་དུ་གཏན་ནས་སྤང་བར་བྱ་བའི་ཉོན་མོངས་ཀྱང་བཏགས་པ་བར་ཐལ་ལོ། །འདོད་མི་ནུས་ཏེ། བྱང་འཕགས་ཀྱིས་ཉོན་མོངས་ཆེད་དུ་གཏན་ནས་མི་སྤོང་བར་རང་གི་བྱང་ཆུབ་བསྒྲུབ་པའི་ཡན་ལག་ཏུ་བྱེད་པས་ཉན་ཐོས་ཀྱི་ལམ་ལས་རང་བཞིན་ཁྱད་པར་ཞུགས་པར་སྟོན་པ་ཡིན་པའི་ཕྱིར། དེར་ཐལ། སྙིང་རྗེ་དང་སྨོན་ལམ་གྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོ་སོགས་ཀྱི་ལུས་བཟུང་ནས་སྲས་སྟོང་སོགས་བསྐྱེད་པའི་ཡན་ལག་བྱེད་པའི་ཕྱིར། འོད་སྲུང་གིས་ཞུས་པ་ལས། ཇི་ལྟར་གྲོང་ཁྱེར་སེར་སྐྱའི་མི་གཙང་ལུད། །དེ་ནི་བུ་རམ་ཤིང་བའི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད དེས་ནི་སངས་རྒྱས་ཆོས་རྣམས་སྐྱེད་ལ་ཕན། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། འདིར་བཤད་ཉོན་མོངས་མཚན་ཉིད་པ་ཡིན་ཀྱང༌། བྱང་འཕགས་རྣམས་སྐྱེ་བ་ལེན་པའི་རྒྱུར་དགོས་པ་ཡིན་ཏེ། ཉི་སྣང་ལས། འདོད་པ་དང་སྲིད་པའི་ཟག་པ་ནི་མིན་ཏེ། བསམ་བཞིན་དུ་སྲིད་པར་སྐྱེ་བ་ལེན་པའི་ཕྱིར་ཞེས་གསུངས་པའི་ཕྱིར་ཟེར་ན། འོ་ན་བྱང་འཕགས་རྣམས་ལས་ཉོན་གྱི་དབང་གིས་གསར་དུ་སྐྱེ་བ་ཡོད་པར་ཐལ། སྐྱེ་བ་ལེན་པའི་རྒྱུར་དགོས་པ་དེའི་ཕྱིར། འདོད་མི་ནུས་ཏེ། བྱང་འཕགས་ལས་ཉོན་གྱིས་གསར་དུ་སྐྱེ་འཆི་བྱེད་པ་སྤངས་པའི་ཕྱིར། རྒྱུད་བླ་མ་ལས། འཕགས་པས་ན་དང་རྒ་བ་དང༌། །འཆི་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་གསུངས་པའི་ཕྱིར། ཡང་ཁ་ཅིག །བྱང་འཕགས་རིགས་ངེས་ཀྱི་མཐོང་ལམ་པས་འདོད་པའི་ཉོན་མོངས་མི་སྤོང་ཟེར་ན། འདོད་པའི་སས་བསྡུས་པའི་མ་རིག་པ་དང་ལྟ་ངན་རྣམས་ཀྱང་མི་སྤོང་བར་གཞན་དོན་ཡན་ལག་ལ་དགོས་པར་ཐལ། མི་སྤོང་ཚུལ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེ་དག་ལ་གཞན་དོན་གྱི་དགོས་པ་ཅུང་ཟད་ཀྱང་མེད་པས་མཐོང་སྤང་རྣམས་མཐོང་ལམ་ནས་སྤངས་པའི་ཕྱིར། ཉི་སྣང་ལས། མ་རིག་པ་དང་ལྟ་བའི་བག་ལ་ཉལ་སྤོང་གི །ཞེས་དང༌། རྣམ་བཤད་ལས། ཉོན་མོངས་ཅན་གྱི་མ་རིག་པ་དང་ལོག་ལྟ་སོགས་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་དགོས་པ་ཅུང་ཟད་ཀྱང་མེད་པའི། ཞེས་གསུངས་པའི་ཕྱིར།

 

སྨྲས་པ།

ལྗོངས་འདིར་འགལ་འདུ་མང་བྲིས་ཁུར་ཆེ་ཡང༌། །

ལེགས་བཤད་སྐད་དུ་བྲག་ཆ་ལྟར་སྒྲོག་བྱེད། །

འཕགས་སེང་རང་ལུགས་པདྨ་བྱེ་བའི་ཚོགས། །

ཅིག་ཅར་བཞད་པའི་འོད་སྟོང་འདི་ན་འཆར། །

    ཐལ་རང་བཞེད་གཞུང་འོ་མ་བུ་རམ་གྱི། །མངར་ཁྱད་ཇི་བཞིན་ཤེས་ཀྱང་བཤད་དཀའ་བ། །ཁོ་བོས་ཀུ་ཤའི་རྩེ་ལྟར་མ་འདྲེས་ཤིང༌། །གསལ་བ་སྟོང་འཁུན་ཟ་འོག་རི་མོ་བཞིན། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། 

                                                                                                                       རྩོམ་སྒྲིག་པ། མང་ར་བ།

 

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།