ཀུན་མཁྱེན་ཕར་ཕྱིན་ལས་འཁོར་བ་ལ་མཐའ་ཡོད་མེད་དཔྱད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-12-17 20:30:12     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 575557663115211229.jpg

    གསུམ་པ་འཁོར་བ་ལ་མཐའ་ཡོད་མེད་དཔྱད་པ་ལ། འཁོར་བ་ལ་ཐོག་མའི་མཐའ་ཡོད་ན་རྒྱུ་མེད་ལས་སྐྱེ་དགོས་པས་ཐོག་མའི་མཐའ་མེད་ཀྱང་ཕྱི་མཐའ་ཡོད་དེ། མདོ་ལས། ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། །ཞེས་དང༌། འགྲེལ་བ་འདི་ཉིད་ལས་ཀྱང༌། སྐྱེ་བོ་ཐམས་ཅད་བླ་ན་མེད་པ། ཞེས་སོགས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། འཁོར་བ་ལ་ཕྱི་མཐའ་ཡང་མེད་པར་ཐལ། འཁོར་བ་ཐོག་མ་དང་ཐ་མ་མེད་པ་ཡིན་པའི་ཕྱིར། དེར་ཐལ། དེ་ཐོག་མ་དང་ཐ་མ་མེད་པའི་སྟོང་ཉིད་ཀྱི་སྟོང་གཞི་ཆོས་ཅན་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། དབང་རྟེན་ཁོག་པ་ཆོས་ཅན། ཕྱི་ནང་གཉིས་ཀ་ཡིན་པར་ཐལ། ཕྱི་ནང་གཉིས་ཀ་སྟོང་ཉིད་ཀྱི་སྟོང་གཞི་ཆོས་ཅན་ཡིན་པའི་ཕྱིར། ཁྱབ་པ་ཁས། དུས་གསུམ་ཆོས་ཅན། མི་དམིགས་པ་ཡིན་པར་ཐལ། མི་དམིགས་པ་སྟོང་པ་ཉིད་ཀྱི་སྟོང་གཞི་ཆོས་ཅན་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དམིགས་པ་ཡིན་པའི་ཕྱིར་ཏེ། ཚད་མའི་དམིགས་པ་ཡིན་པའི་ཕྱིར། གཞན་ཡང༌། འཁོར་བའི་ཐོག་མཐའ་མེད་ཀྱང་ཕྱི་མཐའ་ཡོད་པར་ཐལ། དེ་ལ་ཐོག་མཐའ་མེད་ཀྱང་ཕྱི་མཐའ་ཡོད་པ་ས་བོན་བཞིན་ཡིན་པའི་ཕྱིར། དེར་ཐལ། ས་བོན་གྱི་ཐོག་མའི་མཐའ་དང་ས་བོན་གྱི་རྒྱུའི་ཐོག་མ་ཡོད་པ་མ་ཡིན་ཀྱང་ཐ་མའི་མཐའ་སྐྱེད་པའི་རྒྱུ་མ་ཚང་བ་མཐོང་བ་ཡོད་པ་བཞིན་དུ་འཁོར་བ་ཡང་ཡིན་པའི་ཕྱིར་ཏེ། ས་བོན་མེར་བསྲེགས་པའི་མཐའ་མཐོང་བ་བཞིན་འཁོར་བ་སྐྱེད་པའི་ལས་ཉོན་ཟད་པས་འཁོར་བའི་མཐའ་ཡོད་པར་གྲུབ་པའི་ཕྱིར། བཞི་བརྒྱ་བ་ལས། ཇི་ལྟར་ས་བོན་མཐའ་མཐོང་ཞིང༌། །དེ་ལ་ཐོག་མ་ཡོད་མིན་ལྟར དེ་བཞིན་རྒྱུ་ནི་མ་ཚང་ཕྱིར། །སྐྱེ་བའང་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག འཁོར་བ་ལ་ཐོག་མཐའ་གཉིས་གང་ཡང་མེད་པར་འདོད་པ་མི་འཐད་པར་ཐལ། མདོ་ལས། འཁོར་བ་ལ་མཐའ་ཡོད་མེད་ཀྱི་ཕྱོགས་གཉིས་ཀ་གསུངས་ཤིང་རྗེས་འབྲང་རྣམས་ཀྱིས་ཀྱང་ཕྱོགས་གཉིས་བཤད་པ་གང་ཞིག །ཐོག་མཐའ་མེད་ལ་ཐ་མའི་མཐའ་ཡོད་པ་ལུང་རིགས་ཀྱིས་གྲུབ་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། འགྲེལ་ཆེན་ལས་འཁོར་བ་མཐའ་མེད་སྔར་བཀོད་ནས་མཐའ་ཡོད་ཀྱི་ལུགས་ཕྱིས་བཀོད་པས་ཕྱི་མས་སྔ་མ་དོན་གྱིས་བཀག་ཅིང་ཕྱི་མ་ལ་དངོས་ཤུགས་གང་དུ་ཡང་དགག་པ་མི་འབྱུང་བའི་ཕྱིར། འགྲེལ་ཆེན་ལས། ཁ་ཅིག་ན་རེ། གང་འདི་སངས་རྒྱས་ཀྱི་རིགས་འདི་ཐོག་མ་མེད་པ་ཡིན་པའམ། སངས་རྒྱས་རེ་རེ་བྱུང་བ་ན་སེམས་ཅན་གྲངས་མེད་པ་ཡོངས་སུ་མྱ་ངན་ལས་འདའ་མོད་ཀྱི། དེ་ལྟར་ནའང་འཁོར་བ་ལ་ཟད་པ་མེད་པས་མཐའ་ཡས་པའི་ཕྱིར་ནམ་མཁའ་དང་འདྲ་སྟེ། ཞེས་པ་ནས། གཞན་དག་ན་རེ། གང་གཉེན་པོའི་ཆོས་དང་ཕྲད་པ་ན་འབྲི་བའི་ཆོས་ཅན་དུ་སྣང་བ་དེ་ནི་གཉེན་པོའི་ཕྱོགས་ཤིན་ཏུ་འཕེལ་བ་ན་ཤིན་ཏུ་འགྲིབ་པར་འགྱུར་བ་སྲིད་པ་ཡིན་ཏེ། དཔེར་ན་གསེར་གྱི་དྲི་མ་ལ་སོགས་པ་བཞིན་ནོ། །འཁོར་བ་ཡང་བདག་མེད་པ་ལ་སོགས་པའི་མཚན་ཉིད་ཀྱི་གཉེན་པོའི་ཕྱོགས་མངོན་དུ་གྱུར་པ་ན་འགྲིབ་པའི་ཆོས་ཅན་ཡིན་ནོ་ཞེས་བྱ་བའི་རང་བཞིན་གྱི་གཏན་ཚིགས་ཀྱི་སྟོབས་ཀྱིས་འཁོར་བ་རྒྱུན་ཆད་པ་ཡིན་ནོ་ཞེས་འདོད་དོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ལུང་ཕྱི་མ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་འཚང་བ་དང་འཚང་རྒྱ་ངེས་དང་འཚང་རྒྱ་བའི་དུས་སྲིད་པ་རྣམས་ལེགས་པར་གྲུབ་བོ། །རྩ་རྟགས་གཉིས་པ་མ་གྲུབ་ན། འཁོར་བའི་སྔ་མཐའ་དེ་འཁོར་བའི་སྔ་མཐའ་ཡིན་པར་ཐལ། དེ་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། འཁོར་བ་ཡིན་པར་ཐལ། འཁོར་བའི་སྔ་མཐའ་ཡིན་པའི་ཕྱིར། འཁོར་གསུམ། འདོད་ན། རང་རྒྱུ་མ་རིག་པ་ལས་བྱུང་བར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་ཀྱི་སྔར་བྱུང་བའི་འཁོར་བ་ཡོད་པར་ཐལ། ཁྱོད་ཀྱི་སྔར་བྱུང་བའི་མ་རིག་པ་ཡོད་པའི་ཕྱིར། འདོད་ན། འཁོར་བའི་སྔ་མཐའ་ཆོས་ཅན། འཁོར་བའི་སྔ་མཐའ་མ་ཡིན་པར་ཐལ། ཁྱོད་ཀྱི་སྔར་བྱུང་བའི་འཁོར་བ་ཡོད་པའི་ཕྱིར། རྟགས་ཁས། འཁོར་གསུམ། རྩ་རྟགས་གསུམ་པ་མ་གྲུབ་ན། ཤེས་བྱ་ཆོས་ཅན། སེམས་ཅན་ཐམས་ཅད་སངས་རྒྱས་པའི་དུས་མི་སྲིད་པར་ཐལ། འཁོར་བའི་ཕྱི་མཐའ་མེད་པའི་ཕྱིར། འདོད་མི་ནུས་ཏེ། སེམས་ཅན་ཐམས་ཅད་འཚང་རྒྱ་ངེས་ཡིན་པའི་ཕྱིར། འགྲེལ་ཆུང་ལས། སྐྱེ་བོ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཐར་ཐུག་པ་ཅན་ཡིན་ཏེ། ཞེས་དང༌། ཏིང་ངེ་འཛིན་རྒྱལ་པོ་ལས། འགྲོ་བ་འདི་དག་མ་ལུས་སངས་རྒྱས་འགྱུར། །ཞེས་དང༌། རྒྱུད་བླ་མའི་འགྲེལ་བ་ལས། རང་བཞིན་གྱིས་རྣམ་པར་དག་པའི་རིགས་ཡོད་པའི་ཕྱིར། འགའ་ཡང་གཏན་རྣམ་པར་དག་པར་མི་འགྱུར་བ་ནི་འོས་མ་ཡིན། ཞེས་གསུངས་པ་རྣམས་ཀྱི་ལུང་དོན་གྲུབ་པའི་ཕྱིར། འཁོར་གསུམ།

    ཡང་ཁ་ཅིག །སེམས་ཅན་ཐམས་ཅད་འཚང་རྒྱ་བར་ཐལ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་སྒྲིབ་པ་དེ་གཉེན་པོས་གཞོམ་རུང་ཡིན་པའི་ཕྱིར་ཟེར་ན། ཁ་ཅིག་ན་རེ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་སྒྲིབ་པ་ཡོད་པར་ཐལ། དེ་གཉེན་པོས་གཞོམ་རུང་ཡིན་པའི་ཕྱིར་ན་རྣམ་པ་གཅིག་ཏུ་མ་ཁྱབ་སྟེ། རྒྱུན་མཐའ་བས་སྒྲིབ་པ་སྤང་དགོས་པ་ཡིན་པའི་ཕྱིར། འོ་ན། སེམས་ཅན་ཡིན་ན་སྒྲིབ་པ་རྒྱུད་ལྡན་ཡིན་དགོས་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། རྒྱུན་མཐའི་བར་ཆད་མེད་ལམ་ལ་གནས་པའི་སེམས་ཅན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། སྒྲིབ་པ་རྒྱུད་ལྡན་མ་ཡིན་པར་ཐལ། རྒྱུན་མཐའི་བར་ཆད་མེད་ལམ་ལ་གནས་པའི་གང་ཟག་ཡིན་པའི་ཕྱིར། འཁོར་གསུམ། ཡང་ཁ་ཅིག །སྒྲིབ་པ་རྒྱུད་ལ་མི་ལྡན་པའི་གང་ཟག་ཡིན་ན། སྒྲིབ་པའི་དངོས་གཉེན་རྒྱུད་ལ་ཐོབ་མྱོང་ཡིན་དགོས་ཟེར་ན། སེམས་ཅན་ཐམས་ཅད་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་ཟིན། འདོད་ན། དེ་མ་ཡིན་པར་ཐལ། ལམ་རྒྱུད་ལྡན་མ་ཡིན་པའི་ཕྱིར། མ་གྲུབ་ན། ལམ་མ་ཞུགས་ཀྱི་སེམས་ཅན་དེ་ལམ་རྒྱུད་ལྡན་ཡིན་པར་ཐལ། སེམས་ཅན་ཐམས་ཅད་ལམ་རྒྱུད་ལྡན་ཡིན་པའི་ཕྱིར། འཁོར་གསུམ། ཡང་ཁ་ཅིག །ཚིག་ལ་འཁྲིས་ནས་སེམས་ཅན་ཐམས་ཅད་སངས་རྒྱས་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། སེམས་ཅན་ཐམས་ཅད་སྒྲིབ་པ་སྤངས་པ་ཞིག་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། སེམས་ཅན་ཐམས་ཅད་ལ་སྒྲིབ་པ་མ་སྤངས་པས་མ་ཁྱབ་པར་ཐལ། སེམས་ཅན་སྒྲིབ་པ་སྤངས་པ་དང་མ་སྤངས་པ་གཉིས་ཡོད་པའི་ཕྱིར་ཟེར་ན། འོ་ན། སེམས་ཅན་མེད་པའི་དུས་སྲིད་པར་ཐལ། སངས་རྒྱས་ཀྱི་ས་ན་སེམས་ཅན་མེད་པའི་ཕྱིར། འདོད་ན། རེ་ཞིག་སོང༌། སེམས་ཅན་མེད་པ་སྲིད་པར་ཐལ། འདོད་པའི་ཕྱིར། འདོད་ན། སེམས་ཅན་མེད་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། སེམས་ཅན་ཡིན་ན་ཡོད་པས་མ་ཁྱབ་པར་ཐལ། སེམས་ཅན་མེད་པ་ཞིག་དང་ཡོད་པ་ཞིག་དང་གཉིས་ཡོད་པའི་ཕྱིར། ཁས་བླངས་རྣམས་རིམ་བཞིན་སོང༌། འཁོར་གསུམ། ཡང་ཁ་ཅིག །འཁོར་བ་བྱེ་བྲག་པ་ལ་མཐའ་ཡོད་ན་འཁོར་བ་ལ་མཐའ་ཡོད་དགོས་ཏེ། བུམ་པ་ལ་ཡོད་ན་དངོས་པོ་ལ་ཡོད་དགོས་པའི་ཕྱིར་ཟེར་བ་ལ་ཁ་ཅིག་ན་རེ། དངོས་པོ་ལ་དགག་གཞི་ཡོད་པར་ཐལ། བུམ་པ་ལ་དགག་གཞི་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ། འོ་ན། བུམ་པའི་དགག་གཞི་བུམ་པ་ལ་ཡོད་པའི་ཆོས་ཅན་ཡིན་པར་ཐལ་ལོ། །འདོད་ཚུལ་བརྗོད་པ་དེའི་ཕྱིར། འདོད་ན། རི་བོང་རྭའི་དགག་གཞི་རི་བོང་རྭ་ལ་ཡོད་པར་ཐལ། བུམ་པ་ལ་དེའི་ཕྱིར། འཁོར་གསུམ་གྱི་འཁོར་ལོ་ཡོད་པས་གླང་རྒན་ཁྲོད་དུ་མ་448རྒྱུག་ཅིག །དེ་སོགས་ཚིག་འཁྲི་གཅོད་དགོས།

(448) པར་ཐེངས་གཉིས་པ། རྒྱུགས་ཤིག

    བཞི་པ་ཉན་རང་དགྲ་བཅོམ་ཐེག་ཆེན་ལམ་དུ་གང་ནས་འཇུག་དཔྱད་པ་ལ་ཁ་ཅིག་ན་རེ། ཉན་རང་དགྲ་བཅོམ་ཐེག་ཆེན་ལམ་དུ་འཇུག་པའི་ཚེ་དང་པོར་ས་བརྒྱད་པ་ནས་འཇུག་སྟེ། ཉོན་སྒྲིབ་ས་བོན་དང་བཅས་པ་སྤངས་ཟིན་པས་དེ་མན་ཆད་དུ་ཞུགས་པ་ལ་དགོས་པ་མེད་ལ་ཤེས་སྒྲིབ་སྤོང་པའི་མགོ་ས་བརྒྱད་པ་ནས་རྩོམ་པའི་ཕྱིར་ཞེས་རྒྱ་ནག་འགྲེལ་ཆེན་བཞེད་དོ། །འོ་ན་སྐབས་འདིར་བདེན་འཛིན་སྐོར་དགུ་ལ་ཤེས་སྒྲིབ་ཏུ་འཇོག་པ་མ་ཡིན་པར་ཐལ། ཤེས་སྒྲིབ་སྤོང་པའི་མགོ་ས་བརྒྱད་པ་ནས་རྩོམ་པའི་ཕྱིར། ཁྱབ་སྟེ། དེ་ནས་སྤོང་བའི་མགོ་རྩོམ་པ་ཐལ་འགྱུར་བས་བདེན་འཛིན་ཉོན་སྒྲིབ་དང་དེའི་བག་ཆགས་ཤེས་སྒྲིབ་ཏུ་བྱེད་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྩ་བར། གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །འཛིན་པ་མི་སྤོང་ཕྱིར་དང་ནི། །ཞེས་པའི་ལུང་དོན་གྲུབ་པའི་ཕྱིར། གཞན་ཡང༌། ཐེག་ཆེན་ཚོགས་ལམ་པ་ལས་ཉན་ཐོས་ཚོགས་ལམ་པ་འཚང་རྒྱ་བ་མྱུར་བར་ཐལ། དེ་གཉིས་ཀྱི་ནང་ནས་ཉན་ཐོས་ཚོགས་ལམ་པ་ས་བརྒྱད་པ་ཐོབ་པ་མྱུར་བའི་ཕྱིར། རྟགས་སོང༌། དེར་ཐལ། ཐེག་ཆེན་ཚོགས་ལམ་པས་ས་བརྒྱད་པ་ཐོབ་པ་ལ་བསྐལ་ཆེན་གྲངས་མེད་གཉིས་ལ་ཚོགས་བསག་དགོས་པ་གང་ཞིག །ཉན་ཐོས་ཚོགས་ལམ་པས་དགྲ་བཅོམ་པ་ཚེ་གསུམ་ལ་ཐོབ་ཅིང་ས་བརྒྱད་པ་ནས་ཞུགས་ཆོག་པའི་ཕྱིར། དང་པོ་གྲུབ་སྟེ། འགྲེལ་ཆེན་ལས། བསྐལ་བ་གྲངས་མེད་པ་དང་པོས་ནི་ཚོགས་ལམ་ནས་བརྩམས་ཏེ་ས་དང་པོའི་བར་དུ་རྫོགས་པར་འགྱུར་རོ། །གཉིས་པས་ནི་དྲི་མ་མེད་པའི་ས་ནས་བཟུང་སྟེ་བདུན་པའི་བར་དུའོ། །ཡང་བསྐལ་བ་གྲངས་མེད་པ་གསུམ་པས་ནི་མི་གཡོ་བ་ནས་བཟུང་སྟེ། སངས་རྒྱས་ཀྱི་སའི་བར་དུའོ། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། མཛོད་ལས། མྱུར་བ་སྲིད་པ་གསུམ་གྱིས་མཐར། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་གཉིས་ལས་ཐེག་ཆེན་རིགས་ངེས་ཚོགས་ལམ་པ་མྱུར་བའི་ཕྱིར། དེར་ཐལ། སྔ་མས་བསྐལ་བ་གྲངས་མེད་གསུམ་དང་ཕྱི་མས་བཞིར་ཚོགས་བསགས་ནས་འཚང་རྒྱ་བར་ཨ་བྷྱ་ཀ་རས་བཤད་ཅིང༌། སྔ་མས་གྲངས་མེད་སུམ་ཅུ་རྩ་གསུམ་དུ་ཚོགས་བསགས་ནས་འཚང་རྒྱ་ན་ཕྱི་མས་བཞི་བཅུ་བསགས་ནས་འཚང་རྒྱ་བར་དགེ་བ་ལྷས་བཤད་པའི་ཕྱིར། དང་པོ་གྲུབ་སྟེ། ཐུབ་དགོངས་ལས། གཉིས་པོ་དེ་དག་ཀྱང་བསྐལ་བ་གྲངས་མེད་པ་བཞི་མངོན་པར་རྫོགས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་འབའ་ཞིག་གོ །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། སྤྱོད་འཇུག་འགྲེལ་བ་ལས། འདི་ནི་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་ཀྱིས་ཉན་ཐོས་དག་ལས་ཀྱང་བྱང་ཆུབ་སེམས་དཔའ་ཐ་ན་བསྐལ་བ་གྲངས་མེད་པ་བཞི་བཅུས་མྱུར་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གསེར་ཕྲེང་ལས། སྔ་མ་ལྟར་ན་གྲངས་མེད་གཅིག་དང༌། ཕྱི་མ་ལྟར་ན་གྲངས་མེད་བཞི་བཅུས་བྱང་ཆུབ་སེམས་དཔའ་ལས་བུལ་ལོ། །ཞེས་དང༌། རྣམ་བཤད་ལས། འདི་ལ་བརྟེན་ནས་ཐེག་པ་ཆེན་པོར་རིགས་ངེས་པ་དང་གནས་སྐབས་ཉན་ཐོས་སུ་རིགས་ངེས་པ་དུས་མཉམ་དུ་ཚོགས་ལམ་དུ་འཇུག་པ་གཉིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ལ་ཐེག་པ་ཆེན་པོའི་རིགས་ཅན་ཆེས་ཤིན་ཏུ་མྱུར་ཞིང༌། གཅིག་ཤོས་ཆེས་ཤིན་ཏུ་བུལ་བའི་ཁྱད་པར་ཡང་ཤེས་པར་བྱ། ཞེས་གསུངས་པའི་ཕྱིར།

    དེས་ན་རང་ལུགས་ནི། ཉན་རང་དགྲ་བཅོམ་ཐེག་ཆེན་ལམ་དུ་འཇུག་ཚེ་དང་པོར་ཐེག་ཆེན་གྱི་ཚོགས་ལམ་ནས་འཇུག་པར་ཐལ། དགྲ་བཅོམ་དེ་གཉིས་ཞི་བའི་དབྱིངས་ལ་སྙོམས་འཇུག་གི་འཕེན་པ་མ་ཟད་བར་དུ་མི་ལྡང་ཞིང་ཟད་ལ་ཉེ་བ་ན་འོད་དཔག་མེད་ལ་སོགས་པའི་སྐུའི་འོད་ཟེར་གྱིས་སད་པར་བྱས་ནས་གསུང་གིས་བསྐུལ་བས། ཐེག་ཆེན་གྱི་ལམ་དུ་འཇུག་པའི་ཚེ་ས་གསེར་ཟླ་བ་ལྟ་བུའི་སེམས་བསྐྱེད་མངོན་དུ་བྱེད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། ལང་གཤེགས་ལས། ཏིང་ངེ་འཛིན་གྱི་ལུས་ཐོབ་ནས། །བསྐལ་བའི་བར་དུ་མི་སད་དོ། །དཔེར་ན་སྐྱེས་བུ་མྱོས་པ་ནི མྱོས་འགྱུར་མེད་ན་སངས་པ་ལྟར། །སངས་རྒྱས་ཆོས་ཞེས་བྱ་བ་ཐོབ། །ཅེས་སོ། །རྟགས་གཉིས་པ་གྲུབ་སྟེ། གསུང་གིས་ཁྱོད་ད་དུང་མྱང་འདས་མཐར་ཐུག་མ་ཐོབ་པས་འཚང་རྒྱ་བའི་ཐེག་པ་ཚོལ་ཞེས་སྐུལ་བའི་ཕྱིར། པད་དཀར་ལས། འདི་ལྟར་མྱ་ངན་འདས་པར་གང་བརྗོད་པ། །འཁོར་བའི་སྡུག་བསྔལ་དག་ལས་ཁྱེད་ཐར་ཡང༌། །ཁྱེད་ནི་ད་དུང་མྱ་ངན་ཡོངས་མ་འདས། །སངས་རྒྱས་ཐེག་པ་འདི་ནི་བཙལ་བར་གྱིས། །ཞེས་སོ། །རྟགས་གསུམ་པ་གྲུབ་སྟེ། ཚིག་གསལ་ལས། རང་སངས་རྒྱས་དགྲ་བཅོམ་པ་དེ་དག་ཞི་བའི་དབྱིངས་ལས་ལངས་ཏེ། ལམ་མཆོག་ཤེས་པར་བྱེད་པ་ན་སྐབས་དང་པོ་ནས་བསྟན་པའི་སེམས་བསྐྱེད་པ་ཐོག་མ་དང་གཉིས་པ་དང་གསུམ་པ་དང་པོར་བྱས་ཏེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཉན་རང་ལ་བདག་མེད་རྟོགས་པ་ཡོད་མེད་གང་གི་ལུགས་བྱས་ཀྱང་ཐེག་ཆེན་ལམ་དུ་འཇུག་ཚེ་ཚོགས་ལམ་ནས་འཇུག་དགོས་པའི་ཕྱིར་ཏེ། ཚོགས་ལམ་གྱི་སྐབས་སུ་ཚོགས་གཉིས་མཐའ་ཡས་པར་ཐོས་བསམ་གྱིས་གཏན་ལ་ཕབ་སྟེ། དེ་ནས་འཇིག་རྟེན་པའི་སྒོམ་བྱུང་གིས་བསྐལ་བ་གྲངས་མེད་པར་སྒོམ་པས་ས་དང་པོའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་ཐོབ་པའི་ཕྱིར། རྣམ་བཤད་ལས། དེས་ན་ཉན་ཐོས་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པའམ། མེད་པར་འདོད་ཀྱང་རུང་སྟེ་ཐེག་པ་ཆེན་པོའི་ཚོགས་ལམ་ནས་འཇུག་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཉན་རང་དགྲ་བཅོམ་ཐེག་ཆེན་ལམ་དུ་འཇུག་ཚེ་ཐེག་ཆེན་མཐོང་ལམ་ནས་འཇུག་པར་ཐལ། དེ་དག་ས་དང་པོར་ལྷག་བསམ་དག་པའི་ས་ནས་འཇུག་པའི་ཕྱིར། རྟོག་གེ་འབར་བ་ལས། དེ་ལྟར་ན་ཡང་ཉོན་མོངས་པ་མེད་པའི་ཤེས་བྱའི་སྒྲིབ་པ་སྤངས་པའི་ཕྱིར། སངས་རྒྱས་རྣམས་ཀྱིས་བསྐུལ་བ་ན་རབ་ཏུ་སྦྱོར་བ་བྱེད་དེ་དེས་དང་པོར་ལྷག་པའི་བསམ་པ་དག་པའི་ས་ནས་ཉེ་བར་བཟུང་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་ཀུན་ནས་ཉོན་མོངས་པ་མེད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན་པར་ལྟ་བར་བྱའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་དག་ཐོག་མར་འཇུག་ཚུལ་མིན་ལ། བདེན་འཛིན་སྤོང་བའི་ཐོག་མ་བསྟན་པ་ཡིན་ཅིང། རྒྱུ་འབྲས་བདུན་གྱི་ལྷག་བསམ་ལ་སྦྱར་ཡང་ལམ་རིམ་དང་སྒོམ་རིམ་ཀུན་ཀྱང་མཐུན་པས་ཤིན་ཏུ་ལེགས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སེམས་བསྐྱེད་དང་པོ་གསུམ་བསྐྱེད་ནས་སྐབས་དང་པོའི་གདམས་ངག་གིས་ཐེག་ཆེན་གྱི་ཚོགས་ལམ་ཕལ་བ་སྟེ་ཆུང་ངུ་སྦྱངས་ནས་སྐབས་བཞི་པ་ནས་བསྟན་པའི་ཐར་བའི་ཆ་དང་མཐུན་པ་བསྐྱེད་པའི་ཕྱིར། འགྲེལ་བཤད་ལས། ཉན་ཐོས་དང་རང་སངས་རྒྱས་དེ་དག །ཅེས་པ་ནས། སེམས་བསྐྱེད་པ་ཐོག་མ་དང་གཉིས་པ་དང་གསུམ་པ་དང་པོར་བྱས་ནས་གདམས་ངག་ལ་བརྟེན་ནས་ཚོགས་ཀྱི་ལམ་ཕལ་བ་སྦྱངས་ནས་སྐབས་བཞི་པ་ནས་བསྟན་པའི་ཐར་བའི་ཆ་དང་མཐུན་པ་བསྐྱེད་དོ། །ཞེས་གསུངས་པའི་ཕྱིར།

    དེ་ལ་ཁོ་ན་རེ། འོ་ན་འཕགས་པ་སོ་སྐྱེར་འགྱུར་བ་ཡིན་པར་ཐལ། དེ་དག་ཐེག་ཆེན་སོ་སྐྱེའི་ས་ནས་འཇུག་པའི་ཕྱིར་ན་མ་ཁྱབ་སྟེ། ལང་གཤེགས་ལས། ཉན་ཐོས་དང་རང་སངས་རྒྱས་རྣམས་བག་ཆགས་ཀྱིས་ཉམས་པ་དང་ཏིང་ངེ་འཛིན་གྱིས་མྱོས་པ་མེད་པར་གྱུར་ནས། ཟག་པ་མེད་པའི་དབྱིངས་ལས་སླར་སད་དེ་ཡང་འཇིག་རྟེན་གྱི་དང་འཇིག་རྟེན་ལས་འདས་པ་ཟག་པ་མེད་པའི་དབྱིངས་སུ་གཏོགས་པའི་ཚོགས་རྣམས་ཡོངས་སུ་བསྐང་ནས་ཆོས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་ལ་དབང་བྱེད་པར་རབ་ཏུ་ཐོབ་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འཇིག་རྟེན་ཞེས་པ་ཐེག་ཆེན་སོ་སྐྱེ་ལ་སྦྱོར་དགོས་པའི་ཕྱིར་ཏེ། དེའི་འཇིག་རྟེན་གྱི་ཚོགས་བཤད་པའི་དོན་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་ཚེ་འཕགས་པའི་ཆོས་ཐོབ་པའི་སོ་སྐྱེ་མ་ཡིན་པའི་ཕྱིར། ཀུན་བཏུས་ལས། སོ་སོ་སྐྱེ་བོ་གང་ཞེ་ན། འཕགས་པའི་ཆོས་མ་ཐོབ་པ་ལ་གདགས་སོ། །ཞེས་གསུངས་པའི་ཕྱིར། །

                                                                                                                        རྩོམ་སྒྲིག་པ། མང་ར་བ།

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།