ཀུན་མཁྱེན་ཕར་ཕྱིན་ལས་ཡང་དག་མཐའ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-12-06 21:26:13     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

232836632265942602.jpg

    གཉིས་པ་རྒྱས་པ་ལ་དད་པ་ལ་ཕྱེ་སྟེ་བཤད་པ་ལ། བསྟན་བཅོས་ཀྱི་དགོས་དོན་དང༌། བསྡུས་དོན། ཚིག་དོན་བཤད་པ་གསུམ། དང་པོ་ལ་བསྟན་བཅོས་བརྩོམས་པ་དགོས་མེད་ཀྱི་དོགས་པ་སྤངས་ནས་བརྗོད་བྱ་མཁྱེན་གསུམ་སྤྱིའི་རྣམ་བཞག་དང༌། མདོ་དང་བཟློས་སྐྱོན་སྤངས་ནས་དགོས་པ་ཡོད་པར་སྒྲུབ་པ་གཉིས། དང་པོ་ལ། རྩོད་པ་དང་ལན་གཉིས། དང་པོ་ནི། འགྲེལ་པ་ལས། དེ་ལྟར་ཕྱག་འཚལ་བ་དང། ནས། མིན་ནམ། ཞེ་ན། ཞེས་བྱུང༌། འདི་ལ་མཐའ་དཔྱད་པ་ལ་གསུམ་ལས། དང་པོ་ལ་ཁ་ཅིག་ན་རེ། འགྲེལ་བ་འདིའི་རྩོད་ལན་ཀྱང་མདོ་ལ་ཡིན་པར་ཐལ། རྒྱན་སྣང་གི་རྩོད་ལན་དེ་མདོ་ལ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། རྩོད་ལན་འདི་ཐོག་མར་འཕགས་པས་བཀོད་ལ། རྒྱན་སྣང་གི་དེ་མདོ་ལ་ཡིན་ཀྱང་འདིར་མི་འཐད་པའི་ཕྱིར། དང་པོ་གྲུབ་སྟེ། འགྲེལ་པ་བཞིས་རིམ་བཞིན་བཀོད་པའི་ཕྱིར། གསེར་ཕྲེང་ལས། ཉི་སྣང་རྣམ་འགྲེལ་རྒྱན་གྱིས་སྣང་བ། འགྲེལ་པ་འདི་དང་བཞིར་བྱུང་ཞིང༌། དེ་ཡང་དང་པོར་འཕགས་པས་བཀོད་ཅིང༌། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྒྱན་སྣང་ལས། ཕྱོགས་དང་པོ་གཞི་མ་ལུས་པ་བསྡུས་པ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་ཆོས་མངོན་པའི། ནས། བཟློས་པའི་ཞེས་གསུངས་པའི་ཕྱིར་དང། གསེར་ཕྲེང་ལས་ཀྱང༌། མདོ་དང་བསྟན་བཅོས་གང་ལ་ཡིན་ཞེ་ན། མདོ་ལ་ཡིན་པར་མངོན། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། གྲུབ་དོན་འཆད་པར། འགྲེལ་པ་ལས། དེ་ལྟ་བས་ན་མངོན་པར་རྟོགས་པའི་རྒྱན་ནི་གཞི་དང་གཉེན་པོ་དང་རྣམ་པ་མཐའ་དག་བསྡུས་པས། ཞེས་གསུངས་པའི་ཕྱིར་དང། གསེར་ཕྲེང་ལས་ཀྱང༌། དེ་ལྟ་ན་བསྟན་བཅོས་ལ་དོགས་པ་འདི་འགོད་པ། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། བསྟན་བཅོས་རྫོགས་པར་མཐོང་ནས་རྩོད་ཟེར་ནའང་ཤིན་ཏུ་མི་འཐད་པར་ཐལ། དེ་རྫོགས་པར་མཐོང་ནས་དངོས་པོ་བརྒྱད་བཤད་པར་ངེས་ནས་དོགས་པ་དེ་འདྲ་མི་རིགས་པའི་ཕྱིར། ཡང་ཁ་ཅིག །ཕྱོགས་སྔ་སྨྲ་བ་པོ་ཐོགས་མེད་དང་ཆོས་སྐྱོང་གི་དངོས་སློབ་སོགས་སུ་འདོད་པ་མི་འཐད་པར་ཐལ། དོགས་པ་རྗེ་བཙུན་གྱིས་རྒྱན་རྩོམ་པའི་དུས་ནས་ཡོད་པས་དོགས་པ་ཁོང་སློང་ཡིན་པའི་ཕྱིར་ཏེ། འགྲེལ་པ་ལས། སྐྱེ་བོ་བློ་གྲོས་དམན་པ་དག །ནས། གསལ་བར་མཛད་པ་མ་ཡིན་ནམ། །བཅོམ་ལྡན་འདས་འཕགས་པ་མ་རྒྱལ་བ་ལས་རྒྱལ་བས་ཡང་དེ་བསྟན་པ་ལ་དགོས་པ་ཅི་ཡོད། ཅེས་གསུངས་པའི་ཕྱིར།

    རང་ལུགས་ནི། མདོའི་རྒྱན་རྩོམ་པའི་མཆོད་བརྗོད་བཀོད་པས་དེ་རྩོམ་ན་གཞི་ཕུང་ཁམས་སྐྱེ་མཆེད་དང༌། གཉེན་པོ་ལམ་གྱི་ཕྱོགས་དང༌། རྣམ་པ་བྱེ་བྲག་གམ་ཁྱད་པར་གྱི་དོན་ཡིན་པས་གཞི་གཉེན་རྣམ་པ་གསུམ་གང་རུང་རེ་རེ་ཁོ་ནའམ་གསུམ་ཀ་སྟོན། གསུམ་ག་སྟོན་ན་བཟློས་ཞེས་བརྩད་པ་ལ། ལན་དུ་གསུམ་ཀ་རྩོམ་ཡང་ཟློས་སྐྱོན་མེད་ཅེས་ལན་མཛད་པའི་ཕྱིར། ཡང་ཁ་ཅིག།། མཆོད་བརྗོད་ལས་འཕྲོས་པར་བསམ་ནས་མཆོད་བརྗོད་ཀྱི་རྩོད་ལན་དུ་བྱེད་པ་ནི་དོན་ཅུང་ཟད་ཀྱང་མ་རྟོགས་པའི་གཏམ་ཡིན་པར་ཐལ། བསྟན་བཅོས་ཀྱི་བཤད་ཚུལ་གཞི་གཉེན་རྣམ་གསུམ་རེ་རེ་ཙམ་བཤད་ན་བཟློས་སྐྱོན་དང༌། དགོས་མེད་ཀྱི་རྩོད་པ་གཉིས་སྤངས་ཏེ་བསྟན་བཅོས་ཀྱི་བརྗོད་བྱ་མཁྱེན་གསུམ་སྤྱིའི་རྣམ་བཞག་ལུང་རིགས་ཀྱིས་གྲུབ་པར་བཤད་པའི་ཕྱིར། དེས་ན་ཆེན་པོ་ཁ་ཅིག..... ལོ། མཁྱེན་གསུམ་ལ་བསྟོད་པས་རྩོམ་པར་དམ་བཅས་ལ་རྩོད་པ་དང༌། གཞན་དག.....གྲོ་ལུང་པ། མཁྱེན་གསུམ་སྐྱེ་མེད་ཀྱི་རྣམ་ཅན་ལ་རྩོམ་པར་དམ་བཅའ་ལ་རྩོད་གསུངས་པ་གཉིས་ཀྱང་མི་འཐད་དེ། མཆོད་བརྗོད་ལ་མི་རྩོད་པའི་ཕྱིར་དང། སྐྱེ་མེད་ཙམ་ལ་མི་རྩོད་པར་གཞི་གཉེན་རྣམ་གསུམ་རྣམས་ལ་རྩོད་པའི་ཕྱིར། རྣམ་བཤད་ལས། རྒལ་ལན་འདི་དག ནས། དོན་ལེགས་པར་མ་རྟོགས་པའི་རྣམ་འགྱུར་དུ་གསལ་ཏེ། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། དོགས་པ་སྐྱེ་བའི་གཞི་མཆོད་བརྗོད་ཟེར་བའང་མི་འཐད་པར་ཐལ། འདིའི་དོགས་པ་དང་རྩོད་པ་མཆོད་བརྗོད་ལ་མ་ཡིན་པར་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར། དེ་ལ་ལན་དངོས་དང་ཤེས་བྱེད་དང༌། ལུང་དོན་བཤད་པ་དང༌། དོན་བསྡུ་བ་བཞི། དང་པོ་ནི། འགྲེལ་པ་ལས། དེ་ནི་མ་ཡིན་ཏེ། ནས། བསྡུས་པའི་ཕྱིར་རོ། །ཞེས་བྱུང༌། གཉིས་པ་ནི། ཡུམ་བར་པ་ལས། རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ནི། ཞེས་པ་ནས། རྒྱ་ཆེར་གསུངས་སོ། །ཞེས་བྱུང༌། གསུམ་པ་ནི་འགྲེལ་པ་ལས། དེ་ལ་ཐམས་ཅད་ཤེས་པ། ནས། མཚམས་སྦྱོར་བ་ཉིད་སྤངས་པ་ཅན་ཡིན་ནོ། །ཞེས་བྱུང༌། ཡུམ་བར་པ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉན་ཐོས་ཀྱིས་ལམ་གང་ཡིན་པ་དང༌། ཞེས་སོགས་ཀྱི་སྐབས་སུ་སྦྱོར་བ་དང་མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ལམ་ཤེས་ཆོས་ཅན། རྣམ་བཞག་གི་རྟེན་བྱང་སེམས་འཕགས་པར་བྱེད་པའི་རྒྱུ་མཚན་ཡོད་དེ། བྱང་སེམས་ཀྱིས་ཉན་རང་སངས་རྒྱས་ཀྱི་ལམ་གསུམ་ཤེས་སྐྱེད་བྱེད་དགོས་ཤིང༌། རྫོགས་སྨིན་སྦྱངས་གསུམ་མ་བྱས་པར་ལམ་དེ་དག་གི་བྱ་བ་ཡང་དག་མཐའ་མངོན་དུ་མི་བྱེད་པ་དེའི་སྒོ་ནས་བཞག་པའི་ཕྱིར།

    མཐའ་དཔྱད་པ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ལ། ལམ་གསུམ་ལ་དཔྱད་པ། སྤངས་རྟོགས་རྫོགས་ཚད་ལ་དཔྱད་པ། སྤྱིར་བཏང་དམིགས་བསལ་ལ་དཔྱད་པ། རྫོགས་སྨིན་སྦྱངས་གསུམ་གྱི་ཚད་ལ་དཔྱད་པ། ཡང་དག་མཐའ་ངོས་འཛིན་ལ་དཔྱད་པ། དེ་མངོན་དུ་བྱས་ཚད་ལ་དཔྱད་པ་དྲུག །དང་པོ་ལ་སྔོན་གྱི་བོད་ཁ་ཅིག་ན་རེ།.....རོང། མདོའི་དོན་གཞི་ཤེས་ཉན་རང་ཁོ་ནའི་རྒྱུད་ལ་ཡོད། ལམ་ཤེས་བྱང་སེམས་ཁོ་ནའི་རྒྱུད་ལ་ཡོད་ཟེར་ན། འགྲེལ་པ་ལས། མངོན་པར་རྟོགས་པ་བརྒྱད་ཀྱི་བདག་ཉིད་བྱང་ཆུབ་ཀྱི་སེམས་དང་སྦྱིན་པ་ལ་སོགས་པ་བསྒྲུབ་པའི་སྤྱོད་པ། ཞེས་གསུངས་པ་མི་འཐད་པར་ཐལ། མངོན་རྟོགས་བརྒྱད་བྱང་སེམས་ཀྱིས་ཉམས་སུ་མྱོང་བྱ་མ་ཡིན་པའི་ཕྱིར། དེར་ཐལ། གཞི་ཤེས་དེ་མ་ཡིན་པའི་ཕྱིར། གཞན་ཡང༌། སངས་རྒྱས་ཀྱི་སའི་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་མེད་པར་ཐལ། གཞི་ཤེས་ཉན་རང་ཁོ་ནའི་རྒྱུད་ལ་ཡོད་པའི་ཕྱིར། འདོད་ན། རྩ་བར། རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་གསུངས་པ་མི་འཐད་པར་ཐལ། དང་སྒྲས་བསྡུས་པའི་གཞི་ཤེས་མེད་པའི་ཕྱིར། ཡང་སྔོན་གྱི་ཁ་ཅིག་ན་རེ། བྱང་སེམས་ཀྱི་རྒྱུད་ལ་གཞི་ཤེས་ལམ་ཤེས་ངོ་བོ་ཐ་དད་དུ་སྐྱེ། སངས་འཕགས་ཀྱི་རྒྱུད་ལ་མཁྱེན་གསུམ་ངོ་བོ་ཐ་དད་དུ་སྐྱེ་སྟེ། གཞི་ཤེས་ཀྱིས་གཞི་ཁོ་ན་དང༌། ལམ་ཤེས་ཀྱིས་ལམ་གསུམ་དང༌། རྣམ་མཁྱེན་གྱིས་རྣམ་པ་ཁོ་ན་ཤེས་པའི་ཕྱིར་ཟེར་ན། འོ་ན། སློབ་དཔོན་གྱིས། སངས་རྒྱས་ཀྱི་མིག་གི་ཤེས་པས་ཀྱང་ཤེས་བྱ་ཐམས་ཅད་མཁྱེན་གསུངས་པ་མི་འཐད་པར་ཐལ། དེའི་མིག་ཤེས་ཀྱིས་ཆོས་ཐམས་ཅད་མི་མཁྱེན་པའི་ཕྱིར་ཏེ། རྣམ་མཁྱེན་ཡིན་ན་ཆོས་ཐམས་ཅད་མཁྱེན་པས་མ་ཁྱབ་པའི་ཕྱིར་ཏེ། དམ་བཅའ་འཐད་པའི་ཕྱིར། གཞན་ཡང༌། བདེན་གཉིས་ལས། མཁྱེན་པའི་སྐད་ཅིག་གཅིག་གིས་ཀྱང༌། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་གསུངས་པ་མི་འཐད་པར་ཐལ། དེའི་མཁྱེན་པ་ཐམས་ཅད་མཉམ་རྗེས་ངོ་བོ་གཅིག་པ་ཤེས་བྱ་ཀུན་མཁྱེན་པ་མ་ཡིན་པའི་ཕྱིར་ཏེ། སངས་རྒྱས་ཀྱི་མཁྱེན་གསུམ་ངོ་བོ་ཐ་དད་པ་དེའི་ཕྱིར། གཞན་ཡང༌། དེ་གཉིས་ཀ་ལ། སངས་འཕགས་ཀྱི་གཞི་ཤེས་དང་བྱང་སེམས་ཀྱི་གཞི་ཤེས་གཉིས་རེ་རེ་ནས་ཆོས་ཅན། ཐེག་དམན་གྱི་གཞི་ཤེས་ཡིན་པར་ཐལ། ཉན་ཐོས་ཀྱི་དེའི་ཕྱིར། འདོད་ན། ཐབས་ཤེས་ཁྱད་པར་ཅན་གཉིས་དང་བྲལ་བ་ཡིན་པར་ཐལ། ཐེག་དམན་གྱི་ལམ་ཡིན་པའི་ཕྱིར། ཁྱབ་སྟེ། ཐབས་ཤེས་ཁྱད་པར་ཅན་སྟོང་ཉིད་རྟོགས་པའི་ལྟ་བ་དང༌། སྙིང་རྗེ་ཆེན་པོ་ཕན་ཚུན་གཅིག་གིས་གཅིག་མ་ཟིན་ན་ཁྱད་པར་ཅན་མ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། ཐེག་དམན་གྱི་ལམ་ཡིན་ན་ཐབས་མི་མཁས་པས་འབྲས་ཡུམ་ལ་རིང་བས་ཁྱབ་པ་གང་ཞིག །དེ་ཡིན་ན་ཐབས་ཤེས་ཁྱད་པར་ཅན་དང་བྲལ་བས་ཐབས་ཤེས་ཉི་ཚེ་བའི་ལམ་གྱིས་ཁྱབ་པའི་ཕྱིར། དང་པོ་གྲུབ་སྟེ། རྩ་བར། དེ་ནི་མཚན་མར་དམིགས་སྒོ་ནས། །ཐབས་མ་ཡིན་པས་རིང་བ་དང༌། །ཞེས་དང། ཇོ་བོ་ལྷ་གཅིག་གིས་ཀྱང༌། ཐབས་དང་བྲལ་བའི་ཤེས་རབ་དང༌ ཤེས་རབ་བྲལ་བའི་ཐབས་དག་ཀྱང༌། །གང་ཕྱིར་འཆིང་བ་ཞེས་གསུངས་པ། །དེ་བས་གཉིས་ཀ་སྤངས་མི་བྱ། །ཞེས་དང༌། དྲི་མ་མེད་པར་གྲགས་པའི་མདོ་ལས། ཐབས་དང་བྲལ་བའི་ཤེས་རབ་ནི་འཆིང་བའོ། །ཤེས་རབ་དང་བྲལ་བའི་ཐབས་ནི་འཆིང་བའོ། །ཞེས་གསུངས་པའི་ཕྱིར། མ་ཁྱབ་ན། ཉན་རང་གི་དེ་དག་ཆོས་ཅན། ཁྱོད་ཐབས་ཤེས་ཁྱད་པར་ཅན་མ་ཡིན་པ་ཐལ། ཁྱོད་སྟོན་པས་འཆིང་བ་ཞེས་སྨད་པའི་ཐབས་ཤེས་ཀྱི་ནང་ཚན་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། རྩ་བར། ཉི་ཚེ་བ་དང་སྣ་ཚོགས་ཉིད། །ཅེས་གསུངས་པའི་ཕྱིར། སྐབས་བཞི་པའི་རིགས་པས་ཀྱང་ཁེགས་སོ། །

    གཉིས་པ་སྤངས་རྟོགས་རྫོགས་ཚད་ལ། ཁ་ཅིག་ན་རེ། ས་དང་པོར་ཉན་རང་གི་རྟོགས་པ་རྫོགས་ལ། སྤངས་པ་ས་བརྒྱད་པར་རྫོགས་ཞེས་ཟེར་ན། འོ་ན། ས་བཅུ་པའི་ངོས་སྐལ་གྱི་སྤང་བྱའི་ཉོན་མོངས་མེད་པར་ཐལ། ས་བརྒྱད་པ་ནས་ཉོན་མོངས་སྤངས་པའི་ཕྱིར། འདོད་ན། དང་པོ་ནས་ཐེག་ཆེན་རིགས་ངེས་ཀྱི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་སྤང་བྱའི་སྒྲིབ་གཉིས་མེད་པར་ཐལ། ས་བཅུ་བའི་དེ་མེད་པའི་ཕྱིར། འདོད་མི་ནུས་ཏེ། ཉོན་མོངས་སྐོར་དགུ་དང༌། ཐོག་མཐའ་གཉིས་ལ་གཉིས་གཉིས་ཕྱེ་བས་བཅུ་གཅིག་ས་དང་པོ་ནས་རྡོ་རྗེ་ལྟ་བུའི་བར་གྱི་བར་ཆད་མེད་ལམ་བཅུ་གཅིག་གིས་རིམ་གྱིས་སྤོང་བའི་ཕྱིར་ཏེ། འགྲེལ་ཆེན་ལས། སྐད་ཅིག་མ་གཉིས་པ་ལ་སོགས་པ་ནས་རྡོ་རྗེ་ལྟ་བུ། ཞེས་པ་ནས། སྒོམ་པའི་ལམ་ཡིན་པར་བཤད་དོ། །དེ་ལ་ཡང་ཉོན་མོངས་པ་དྲུག་ནི་ཅི་རིགས་རིམ་གྱིས་སྤོང་ངོ༌། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དགོངས་འགྲེལ་ལས། ས་བཅུ་གཅིག་143པ་ལ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་མོ་སྤངས་པས། ཞེས་གསུངས་པའི་ཕྱིར། འགྲེལ་ཆེན་ལས་ཀྱང༌། གང་གིས་ཕྱིར་དགོངས་འགྲེལ་ལ་སོགས་པའི་144མདོ་ལས། ནས། དེའི་ས་བོན་ནི་ས་བཅུ་པ་ལ་སྤོང་ངོ་ཞེས་གསུངས་པ་དེ་བས་ན། ཞེས་གསུངས་པའི་ཕྱིར། སྤང་བྱ་སྤོང་ཚུལ་དེར་བཤད་དོ། །ཡང་རློམ་པ་ཁ་ཅིག་ན་རེ།.....རོང། སྔ་མ་དེ་བཀག་ནས་ས་དང་པོར་ཉན་རང་གི་སྤངས་རྟོགས་གཉིས་ཀ་རྫོགས་ཏེ། འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་དགྲ་བཅོམ་ལྟར་ས་དང་པོ་བས་ཀྱང་ས་དང་པོ་ནས་སྤངས་ལ། བག་ལ་ཉལ་གྱི་ཉོན་སྒྲིབ་ས་དང་པོ་བས་མ་སྤངས་པ་ལྟར་ཉན་རང་དགྲ་བཅོམ་པས་ཀྱང་མ་སྤངས་པའི་ཕྱིར། ཕྱི་མ་གྲུབ་སྟེ། ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པའི་ཕྱིར་ཟེར་ན། འོ་ན། ཆགས་སོགས་ཉོན་མོངས་ལྷན་སྐྱེས་ཐེག་ཆེན་རིགས་ངེས་ས་དང་པོ་པས་སྤངས་པར་ཐལ། དེས་འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་ཉན་རང་དགྲ་བཅོམ་ལྟར་སྤངས་པའི་ཕྱིར། ཁྱབ་སྟེ། འཁོར་བར་འཆིང་བྱེད་ཉོན་མོངས་ལྷན་སྐྱེས་དབང་གིས་ཡིན་གྱི་ཀུན་བཏགས་ནི་གྲུབ་མཐའི་སྒྲོ་བཏགས་ཡིན་པའི་ཕྱིར། འཇུག་པ་ལས། གང་དག་དུད་འགྲོར་བསྐལ་མང་བསྐྱལ་གྱུར་པ། །དེས་ཀྱང་མ་སྐྱེས་རྟག་འདི་མ་མཐོང་ལ། །ངར་འཛིན་དེ་དག་ལ་ཡང་འཇུག་མཐོང་སྟེ། །ཞེས་གསུངས་པའི་ཕྱིར་དང༌། དགྲ་བཅོམ་པས་ས་བོན་སྤངས་པའི་ཕྱིར་རོ། །འདོད་ན། ས་གཉིས་པ་སོགས་ཀྱི་སྒོམ་ལམ་བར་ཆད་མེད་ལམ་རྣམས་ཀྱིས་ཉོན་མོངས་ཀུན་བཏགས་སྤོང་བར་ཐལ། དང་པོའི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཀྱིས་ཉོན་མོངས་ལྷན་སྐྱེས་སྤོང་བའི་ཕྱིར། རྟགས་ཁས། འདོད་ན། རྗེ་བཙུན་བྱམས་པས་ཉོན་མོངས་སྤངས་ཚུལ་བཤད་པ་ལས་ཟློག་པའི་ཕྱིན་ཅི་ལོག་ཏུ་འཆད་རིགས་པར་ཐལ། སྟོང་ཉིད་མངོན་སུམ་དུ་གསར་དུ་རྟོགས་པའི་མཐོང་ལམ་བར་ཆད་མེད་ལམ་གྱིས་མཐོང་སྤང་ཀུན་བཏགས་རྣམས་གཅིག་ཆར་སྤོང་པ་གང་ཞིག །སྒོམ་སྤང་ལྷན་སྐྱེས་རྣམས་གོས་ཀྱི་དྲི་མ་བཞིན་དུ་རིམ་གྱིས་སྒོམ་ལམ་བར་ཆད་མེད་145ལམ་གྱིས་རིམ་གྱིས་སྤོང་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། དེ་ཉིད་མངོན་སུམ་དུ་རྟོགས་པའི་བློ་དེས་ཐོག་མར་སྒྲིབ་པ་འབིགས་པའི་ཕྱིར་ཏེ། དཔེར་ན་མྱུ་གུ་སྔོན་མས་ས་བོན་གྱི་ཤུན་པ་གཅོད་པ་བཞིན་ཡིན་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། ཇི་ལྟར་མྱུག་སོགས་རིམ་སྐྱེས་པས། །ས་བོན་ཤུན་པ་གཅོད་པ་ལྟར། །དེ་བཞིན་དེ་ཉིད་མཐོང་བ་ཡིས། །མཐོང་སྤང་རྣམས་ནི་ལྡོག་པར་འགྱུར། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྒྱུད་བླ་མ་ལས། འཕགས་པའི་ལམ་དང་འབྲེལ་བ་ཡིས། །འཇིག་ཚོགས་སྙིང་པོ་བཅོམ་རྣམས་ཀྱིས སྒོམ་ལམ་ཡེ་ཤེས་སྤང་བྱ་རྣམས། །གོས་རུལ་དྲི་མ་དག་དང་མཚུངས། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྐང་པ་དང་པོ་གཉིས་ཀྱིས་མདོ་ལས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོང་ལམ་ཡེ་ཤེས་ཀྱིས་བཅོམ་པ་དང༌། ཕྱེད་ཕྱི་མས་འཕགས་པ་སློབ་པའི་རྒྱུད་ཀྱི་དྲི་མ་ཅིག་ཅར་སྤོང་146མི་ཐུབ་པས། སྒོམ་སྤང་དང་རིམ་ཅན་དུ་སྤངས་པར་བཤད་པའི་ཕྱིར་ཏེ། རྣམ་བཤད་ལས། སྤང་གཉེན་གྱི་རྣམ་བཞག་དང་སྤང་བྱ་སྤོང་ཚུལ་ཕྱིན་ཅི་ལོག་ཏུ་སྨྲ་བ་འབའ་ཞིག་ཡིན། ཞེས་གསུངས་པའི་ཕྱིར། བག་ལ་ཉལ་གྱི་ཉོན་སྒྲིབ་དགྲ་བཅོམ་གྱིས་མ་སྤངས་པ་མི་རིགས་པར་ཐལ། སྨོན་ལམ་བཏབ་ནས་དེ་ལྟར་མི་བྱེད་ན་དེ་ལྟར་འདོད་པ་ནི་ཤིང་རྟ་ཆེན་པོ་ཐམས་ཅད་དང་འགལ་བའི་ཕྱིར། དེར་ཐལ། དེ་བྱེ་སྨྲའི་མཛོད་དང་འགལ། མདོ་སེམས་ཀྱི་རྣམ་འགྲེལ་དང་འགལ། ཐེག་པ་ཐུན་མོང་གི་ཀུན་བཏུས་དང་འགལ། ཐུན་མོང་མ་ཡིན་པའི་རྒྱུད་བླ་རྩ་འགྲེལ་དང་འགལ། རང་རྒྱུད་པའི་འགྲེལ་ཆེན་གཉིས་དང་འགལ། རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་ལེགས་ལྡན་གྱི་དབུ་མ་སྙིང་པོ་རྩ་འགྲེལ་དང་འགལ་བ་སོགས་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། དགྲ་བཅོམ་པས་ཉོན་མོངས་སྐོར་དགུ་པོ་ཟད་པར་སྤངས་པའི་ཕྱིར། མཛོད་ལས། དེ་ཟད་ཐོབ་དང་ཟད་པ་ཤེས། །དེ་ཚེ་དེ་མི་སློབ་དགྲ་བཅོམ། །ཞེས་དང༌།

(143) པར་ཐེངས་གཉིས་པ། པ་འདི་ཉོན་མོངས།

(144) པར་ཐེངས་གཉིས་པ། མདོ། ནས།

(145) པར་ཐེངས་གཉིས་པ། ལམ་སོ་སོས་སྤོང།

(146) པར་ཐེངས་གཉིས་པ། མི་ནུས་པའི། སྒོམ་སྤང་དང་དེ་རིམ།

    རང་འགྲེལ་ལས། རྣམ་པ་དགུ་པོ་དེ་ཟད་པའི་ཐོབ་པ་དང་ལྷན་གཅིག་ཏུ་ཟད་པ་ཤེས་པ་སྐྱེ་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཇུག །ཅེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྣམ་འགྲེལ་ལས། དེ་གོམས་པ་ལས་ཆགས་གྱུར་པ། །ལ་ལར་ཟག་པ་ཟད་པར་འགྱུར། །ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། བག་ལ་ཉལ་གྱི་ཉོན་མོངས་ནི་ཉོན་མོངས་ཕྱི་མ་སྐྱེད་པའི་ས་བོན་གྱི་མིང་ཡིན་ལ། ཉོན་མོངས་ཀྱི་ས་བོན་སྤངས་པར་ཁྱོད་ཀྱིས་ཀྱང་ཁས་བླངས་པའི་ཕྱིར། ཟུར་དང་པོ་གྲུབ་སྟེ། ཀུན་བཏུས་ལས། འབྱུང་བ་གང་ཞེ་ན། ཉོན་མོངས་པའི་བག་ལ་ཉལ་མ་སྤངས་པར་གྱུར་པ་དང༌། ཉོན་མོངས་པའི་གནས་ཀྱི་ཆོས་རྣམས་ཀྱང་རྣམ་པར་སྣང་བར་གྱུར་པ་དང༌། དེ་ལ་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཉེ་བར་གནས་པ་ཡིན་ཏེ། དེ་ལྟ་བུ་ལས་ཉོན་མོངས་པ་འབྱུང་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་དང། མཛོད་ལས་ཀྱང་དེའོ། །རྩ་རྟགས་བཞི་པ་གྲུབ་སྟེ། དེ་ཉོན་མོངས་ཀྱི་ས་བོན་དང་ཉོན་མོངས་ལྐོག་གྱུར་པ་དང་ཉོན་མོངས་སྤང་དགོས་ཀྱི་རྒྱུད་ལ་ཡོད་པར་བཤད་པའི་ཕྱིར། རྒྱུད་བླ་མ་ལས། ཆགས་སྡང་རྨོངས་དེའི་ཀུན་ལྡང་དྲག་དང་བག་ཆགས་དང༌། །ཞེས་པའི་ཆགས་སྡང་རྨོངས་ཞེས་པའི་ཐོགས་འགྲེལ་ལས། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བའི་རྒྱུད་ལ་ཡོད་པ། ཞེས་པ་ནས། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་གཞོམ་བྱ་གང་ཡིན་པ་དེ་དག་ནི་འདོད་ཆགས་དང༌། ཞེ་སྡང་དང། གཏི་མུག་གི་བག་ལ་ཉལ་གྱི་མཚན་ཉིད་ཅེས་བྱའོ། །ཞེས་གསུངས་པའི་ཕྱིར་དང། བག་ལ་ཉལ་ནི་ལྐོག་གྱུར་གྱི་མིང་ཡིན་པའི་ཕྱིར། རྩ་རྟགས་ལྔ་པ་གྲུབ་སྟེ། འགྲེལ་ཆེན་གཉིས་ཀས་དགེ་འདུན་ཉི་ཤུ་མཛོད་ལྟར་བཤད་པའི་ཕྱིར། རྟགས་སླ། རྩ་རྟགས་དྲུག་པ་གྲུབ་སྟེ། དེས་ས་བོན་སླར་མི་འབྱུང་བར་བཤད་པའི་ཕྱིར། དབུ་མ་སྙིང་པོའི་ལེའུ་གསུམ་པ་ལས། ཙན་དན་བས་ལྷག་གསུང་གི་ཆུས། །ལུས་ཅན་ཡིད་ཀྱི་ཉོན་མོངས་མེས། །རབ་ཏུ་གདུང་བ་ཞི་བར་བྱེད། །ཅེས་དང༌། དེའི་འགྲེལ་བ་རྟོག་གེ་འབར་བ་ལས། བདེ་བར་གཤེགས་པའི་གསུང་གིས་ཤིན་ཏུ་ཞི་བར་བྱས་པའི་ངོམ་པ་མེད་པའི་གདུང་བ་ནི་གཏན་མི་འབྱུང་བའི་ཆོས་ཅན་དུ་འགྱུར་ཏེ། ཞེས་གསུངས་པའི་ཕྱིར་དང། དེ་བཞིན་དུ་ཨ་བྷྱ་དང༌། ས་སྡེ་སོགས་མང་ངོ༌། །ཇི་སྐད་དུ་རྣམ་བཤད་ལས་ཀྱང༌། ཤིང་རྟ་ཆེན་པོ་སུ་གང་གིས་ཀྱང་མ་གསུང་ཞིང་ལེགས་པར་བཀག །ཅེས་སོ། །གཞན་ཡང་ཉན་རང་མཐོང་ལམ་པས་ཀུན་བཏགས་ཀྱི་ས་བོན་མ་སྤངས་པར་ཐལ། དགྲ་བཅོམ་གཉིས་ཀྱིས་ཉོན་སྒྲིབ་ལྷན་སྐྱེས་ཀྱི་ས་བོན་མ་སྤངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། དཀོན་མཆོག་གསུམ་ལ་ཐེ་ཚོམ་དང་ནེམ་ནུར་སྤངས་པའི་གང་ཟག་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དགེ་འདུན་དཀོན་མཆོག་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ལ་འཕགས་པའི་ཁྱད་པར་ལྔའམ་བརྒྱད་དང་ལྡན་པས་ཁྱབ་པའི་ཕྱིར་ཏེ། མདོ་ལས། དེས་ཆོས་མཐོང་བ། ཆོས་ཐོས་པ། ཆོས་རིག་པ། ཆོས་ངེས་པ། སོམ་ཉི་ལས་བརྒལ་བ། ཐེ་ཚོམ་ལས་བརྒལ་བ། གཞན་གྱི་དྲིང་ལ་མི་འཇོག་པ། སྟོན་པའི་བསྟན་པ་ལས་གཞན་གྱིས་དཀྲིར་མི་བཏུབ་པ། ཆོས་རྣམས་ལ་མི་འཇིགས་པ་ཐོབ་པ། ཞེས་གསུངས་པའི་ཕྱིར། ཐེ་ཚོམ་དང་སོམ་ཉིའམ་ནེམ་ནུར་ནི། འགྲེལ་བ་རྒྱལ་སྲས་མ་ལས། སངས་རྒྱས་ལ་ཡང་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པས་སོ། །ནེམ་ནུར་དང་ཐེ་ཚོམ་དོན་ཐ་དད་པ་མ་ཡིན་ནོ། །ཡང་ན་ནེམ་ནུར་ངེས་པར་མི་འདོད་པ་ཡིན་ནོ། །ཐེ་ཚོམ་ནི་འདི་སྐད་བཤད་པའི་མཚན་ཉིད་ཀྱི་ཡིད་གཉིས་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་རོང་ཊཱིཀ་པས། བག་ལ་ཉལ་གྱི་ཉོན་མོངས་མ་སྤངས་པའི་སྒྲུབ་བྱེད་དུ། མ་རིག་བག་ཆགས་ཀྱི་ས་ལ་བརྟེན་དགོས་པའི་ཕྱིར། ཞེས་པའི་རྟགས་ཆོས་འབྲེལ་བ་མེད་པར་ཐལ། མ་རིག་བག་ཆགས་ཀྱི་ས་ཤེས་སྒྲིབ་ཡིན་ལ་ཉོན་སྒྲིབ་མ་ཡིན་པའི་ཕྱིར། དེར་ཐལ། འཇུག་འགྲེལ་ལས། དེ་ལ་མ་རིག་པའི་བག་ཆགས་ནི་ཤེས་བྱ་ཡོངས་སུ་གཅོད་པའི་གེགས་སུ་གྱུར་པ་ཡིན་ལ། ཞེས་གསུངས་པའི་ཕྱིར།

    གཞན་ཡང༌། དེ་ཆོས་ཅན། ཉོན་སྒྲིབ་མ་ཡིན་པར་ཐལ། ཁྱོད་ཉན་རང་དགྲ་བཅོམ་གྱི་རྒྱུད་ཀྱི་སྒྲིབ་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཉོན་མོངས་པའི་སྒྲིབ་པ་དང་ཐར་པ་ལ་སྒྲིབ་པ་དོན་གཅིག་པའི་ཕྱིར་ཏེ། སེམས་ཉོན་མོངས་པར་གྱུར་པ་དང་སེམས་མ་ཞི་བར་གྱུར་པ་དོན་གཅིག་པའི་ཕྱིར། ཀུན་བཏུས་ལས། ཆོས་གང་འབྱུང་བ་ནི་རབ་ཏུ་མ་ཞི་བའི་མཚན་ཉིད་དུ་འབྱུང་སྟེ། དེ་བྱུང་བས་སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་བར་འབྱུང་བ་དེ་ཉོན་མོངས་པའི་མཚན་ཉིད་དོ ཞེས་གསུངས་པའི་ཕྱིར། བྱས་བ་ལ་ཁོ་ན་རེ། བག་ལ་ཉལ་གྱི་ཉོན་སྒྲིབ་ཤེས་སྒྲིབ་ལ་ཁོ་བོས་ཀྱང་འདོད་ཟེར་ན། སྔ་མ་ལས་ཀྱང་ཕྱི་མ་འདི་ཆེས་མ་འབྲེལ་བ་ལ་ངོ་མཚར་བར་ཐལ། བག་ལ་ཉལ་གྱི་ཉོན་སྒྲིབ་ཤེས་སྒྲིབ་ཀྱང་མིན་ལ་ས་147དང་པོར་སྤངས་རྟོགས་རྫོགས་མ་རྫོགས་དཔྱོད་པའི་སྤང་བྱ་ཡིན་ན་ཤེས་སྒྲིབ་ཕྲ་མོ་མ་ཡིན་དགོས་པའི་ཕྱིར། དང་པོ་གྲུབ་ཟིན་ལ་གཉིས་པ་གྲུབ་སྟེ། ཉན་རང་དགྲ་བཅོམ་པས་ཤེས་སྒྲིབ་ཕྲ་མོ་སྤངས་སམ་སྙམ་པའི་དོགས་པ་རྒོལ་བ་བློ་ལྡན་ལ་སྐྱེ་མི་སྲིད་པའི་ཕྱིར། དེར་ཐལ། དེ་གཉིས་ཀྱིས་ཤེས་སྒྲིབ་སྤངས་པ་རྫོགས་སམ་སྙམ་པའི་དོགས་པ་བློ་ལྡན་ལ་148སྐྱེ་མི་སྲིད་པའི་ཕྱིར་དང། གྲུབ་མཐའ་བཞི་ཀས་ཀྱང་དེ་གཉིས་ཀྱིས་རྣམ་མཁྱེན་ཐོབ་པར་མི་འདོད་པའི་ཕྱིར། རྣམ་བཤད་ལས། ས་དང་པོར་ཉན་རང་གི་སྤངས་པ་རྫོགས་མ་རྫོགས་དཔྱོད་པའི་སྤང་བྱར་ཤེས་སྒྲིབ་རྣམ་པ་ཐམས་ཅད་དུ་མི་རུང་བའི་ཕྱིར། ཞེས་སོ། །གཞན་ཡང༌། ཐེག་ཆེན་རིགས་ངེས་ཀྱིས་ས་དང་པོར་འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་མ་སྤངས་པར་ཐལ། དེས་ཉོན་མོངས་ལྷན་སྐྱེས་མ་སྤངས་པའི་ཕྱིར། ཁྱབ་པ་གྲུབ་ཟིན། རྟགས་གྲུབ་སྟེ། དེས་སྒྲིབ་གཉིས་སྤངས་པ་དང༌། དགྲ་བཅོམ་ཐོབ་པ་དང༌། དེ་བཞིན་གཤེགས་པར་གྱུར་པ་བཞི་དུས་མཉམ་ཡིན་པའི་ཕྱིར་ཏེ། ཀུན་བཏུས་ལས། དེས་བྱང་ཆུབ་ཐོབ་པ་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཅིག་ཅར་སྤོང་ངོ༌། །ཅིག་ཅར་དགྲ་བཅོམ་པ་དང་དེ་བཞིན་གཤེགས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། དང་པོ་ནས་ཐེག་ཆེན་རིགས་ངེས་ཀྱིས་ས་དང་པོར་ཉན་རང་གི་སྤངས་རྟོགས་ཀྱི་རིགས་རྫོགས་པར་ཐལ། དེས་དེར་ཉན་རང་དགྲ་བཅོམ་གྱི་རྟོགས་རིགས་རྫོགས་པ་གང་ཞིག །དེས་དེར་ཉན་རང་དགྲ་བཅོམ་གྱི་སྤངས་པའི་རིགས་རྫོགས་པའི་ཕྱིར། དང་པོ་གྲུབ་སྟེ། དེས་ས་དང་པོར་གང་ཟག་གི་བདག་མེད་དང་གཟུང་འཛིན་གཉིས་མེད་ཐམས་ཅད་མངོན་སུམ་དུ་རྟོགས་པའི་ཕྱིར་ན་མ་ཁྱབ་སྟེ། རྟོགས་རིགས་རྫོགས་ན་རྟོགས་རིགས་དེའི་ནུས་པ་ཡང་རྫོགས་དགོས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཉི་སྣང་ལས། རྒྱུན་དུ་ཞུགས་པ་ནས། རང་སངས་རྒྱས། ཞེས་པ་ནས། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེར་ཉན་རང་དགྲ་བཅོམ་གཉིས་ཀྱིས་སྤངས་རྟོགས་གཉིས་ཀའམ་གང་རུང་རེ་རྫོགས་པར་བསྟན་པ་མ་ཡིན་པའི་ཕྱིར། དེར་ཐལ། དེའི་དོན་བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཀྱི་བྱེད་པར་ཉན་རང་དགྲ་བཅོམ་གྱི་སྤངས་རྟོགས་ཀྱི་བྱེད་པ་འདུས་པར་བསྟན་ཙམ་ཡིན་པའི་ཕྱིར། དེར་ཐལ། སྐབས་གསུམ་པའི་གཞི་ཤེས་ཀྱི་སྐབས་སུ་ལུང་དེའི་མཇུག་ཏུ། ཉི་སྣང་ལས། བྱང་ཆུབ་སེམས་དཔའི་བཟོད་པའི་བྱེད་པར་གཞན་རྣམས་ཀྱི་རྟོགས་པའི་བྱེད་པ་མ་ལུས་པ་འདུས་པར་འགྱུར་བའི་ཕྱིར། དེ་དག་གི་ཤེས་པ་དང་སྤངས་པ་གང་ཡིན་པ་དེ་དེའི་བཟོད་པ་ཡིན་གྱི། རྟོགས་པའི་ཆ་འདི་ཙམ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདུས་པར་ཡན་ཆད་ཀྱིས་བྱེད་པར་འདུས་ཚུལ་བཤད་ནས། ལྷག་མས་དེའི་རྒྱུ་མཚན་གྱིས་མཐོང་ལམ་ཆོས་བཟོད་ཀྱི་ཡིན་ཞེས་བཤད་ཀྱི། 149སྤང་རྟོགས་ཀྱི་རིགས་དངོས་མ་ཡིན་པར་བཤད་པའི་ཕྱིར་ཏེ། རྣམ་བཤད་ལས། མཐོང་ལམ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་བྱེད་པར་ཉན་རང་གི་གང་ཟག་གི་བདག་མེད་རྟོགས་པའི་བྱེད་པ་མ་ལུས་པ། ནས། ཉན་རང་གི་སྤངས་པ་དང་རྟོགས་པ་གཉིས་ཀའམ་གང་རུང་རེ་རེ་ས་དང་པོར་རྫོགས་པ་དེའི་བཞེད་པ་མིན། ཞེས་གསུངས་པའི་ཕྱིར།

(147) པར་ཐེངས་གཉིས་པ། དང་པོར་ཉན་རང་གི་སྤངས།

(148) པར་ཐེངས་གཉིས་པ། མི་སྐྱེ་བའི་ཕྱིར།

(149) པར་ཐེངས་གཉིས་པ། རིགས་དངོས།

    ཡང་སྔོན་གྱི་ཆེན་པོ་ཁ་ཅིག་ན་རེ།.....ལོ། བྱང་སེམས་ཀྱིས་ཉན་རང་གི་ལམ་ཤེས་སྐྱེད་བྱེད་པ་ས་བརྒྱད་པར་ཡིན་གྱི་དེ་མན་ཆད་དུ་བྱས་ན་ཐེག་དམན་དུ་ལྟུང་བས་ས་བརྒྱད་པར་ཉན་རང་གི་སྤངས་རྟོགས་ཀྱི་རིགས་རྫོགས་ལ། ཉི་སྣང་གིས་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཀྱང་ཤེས་བྱ་ཉན་ཐོས་ཀྱི་ཡིན་གྱི་ཤེས་བྱེད་བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་མིན་གསུངས། འོ་ན། ཐེག་ཆེན་མཐོང་ལམ་དུ་ཉན་རང་གི་འབྲས་བུ་བཞིའི་རྟོགས་རིགས་མ་རྫོགས་ཀྱང་བདག་མེད་རྟོགས་པའི་ངོ་བོ་རྫོགས་པའི་ཁྱད་པར་མི་འཐད་པར་ཐལ། མདོ་ལས། རྒྱུན་ཞུགས་ནས་རང་སངས་རྒྱས་ཀྱི་བར་གྱི་ཤེས་པ་དང་སྤང་བ་གང་ཡིན་པ་དེ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའི་བཟོད་པ་ཡིན་ནོ། །ཞེས་གསུངས་པའི་བཟོད་པ་བྱང་སེམས་ཀྱི་མཐོང་ལམ་མ་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། མཐོང་ལམ་གྱི་སྐབས་སུ་བདག་མེད་རགས་པ་གཉིས་མངོན་སུམ་དུ་རྟོགས་པའི་ངོ་བོ་ཆ་ཚང་སྐྱེད་ཀྱང་དེ་འདྲ་མངོན་སུམ་དུ་རྟོགས་པའི་རྒྱུན་གོམས་པར་མི་བྱེད་པ་དེ་ཉན་རང་གི་གཞི་ཤེས་ཤེས་མཐོང་གིས་བལྟས་ནས་འདའ་བའི་དོན་ཡིན་པའི་ཕྱིར། དེར་ཐལ། དེའིརྒྱུ་མཚན་གྱིས་བྱང་སེམས་ཀྱི་མཐོང་ལམ་དུ་ཉན་རང་གི་རྟོགས་པ་ཐམས་ཅད་བསྐྱེད་པར་བཤད་པའི་ཕྱིར་ཏེ། ཉི་སྣང་ལས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་བྱང་ཆུབ་སེམས་དཔའི་ཤེས་པ་དང༌། ནས། བྱང་ཆུབ་སེམས་དཔའི་མཐོང་བའི་ལམ་ཉིད་དུ་ཉན་ཐོས་ཀྱི་རྟོགས་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཤེས་མཐོང་གིས་བལྟས་ནས་འདའ་ཞེས་པ་བྱང་སེམས་མཐོང་ལམ་དུ་ཉན་རང་གི་རྟོགས་པའི་ངོ་བོ་ཙམ་རྫོགས་ཞེས་པའི་ཐ་ཚིག་གོ་ཞེས་པའི་དོན་ཡིན་པའི་ཕྱིར། 150དེ་སྐད་དུ་གསེར་ཕྲེང་ལས་ཀྱང༌། ཁྱད་པར་དུ་འགྲོར་ཡོད་ཀྱང་སྔར་མ་རྟོགས་པ་རྟོགས་པ་བྱར་མེད་དེ། དཔེར་ན། ཤར་རིའི་རྩེར་ཉི་མ། ཞེས་གསུངས་པའི་ཕྱིར། དེ་ལ་ཁ་ཅིག་ན་རེ།.....ལོ། འོ་ན། ལུང་དེའི་མཇུག་ཏུ་ཉི་སྣང་ལས། འདི་ནི་ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་པའི་ཕྱིར། ཞེས་གསུངས་པ་མི་འཐད་པར་ཐལ། དེ་ས་བརྒྱད་པའི་ཕྱིར་མི་ལྡོག་པ་མ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། ཕྱིར་མི་ལྡོག་པའི་དགེ་འདུན་སྦྱོར་མཐོང་བ་དུ་མ་ཡོད་ལ། དེས་ན་ཐེག་ཆེན་གྱི་སྦྱོར་ལམ་དང་མཐོང་ལམ་ཐོབ་ནས་ཉན་རང་དུ་ལྡོག་པ་མི་སྲིད་པའི་ཕྱིར། དེར་ཐལ། ཉི་སྣང་ལས། གལ་ཏེ་ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་ཡིན་ན་དེ་ནི་མི་རིགས་ཏེ། ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་ལ་འདོད་པའི་ཡིད་ལ་བྱེད་པ་ནི་སེམས་བསྐྱེད་པ་ནས་བརྩམས་ཏེ་རིང་དུ་ཡོངས་སུ་སྤངས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང༌། སྦྱོར་བའི་151ཡོན་ཏན་བཤད་པས་ཀྱང་ཤེས་པའི་ཕྱིར། གཞན་ཡང་ཐེག་ཆེན་མཐོང་ལམ་ཆོས་བཟོད་ཀྱི་བྱེད་པར་ཉན་རང་གི་སྤངས་རྟོགས་ཀུན་འདུ་བར་ཐལ། དེར་བསྐལ་ཆེན་གྲངས་མེད་ཀྱི་ཚོགས་གཉིས་དང་ཆོས་ཐམས་ཅད་བདེན་མེད་དུ་མངོན་སུམ་དུ་རྟོགས་པ་དང་ཐེག་ཆེན་གྱི་རིགས་དང་དད་སོགས་ལྔའི་དབང་པོ་རྣོ་བ་རྣམས་ཉན་རང་ལས་ལྷག་པ་ཡོད་པའི་ཕྱིར་ཏེ། ཉན་ཐོས་ལྟ་ཅི་རང་རྒྱལ་དབང་རྣོན་བསེ་རུ་ལྟ་བུ་ལ་ཡང་བསྐལ་པ་བརྒྱའི་ཚོགས་ལས་མེད་པ་སོགས་ཡིན་པའི་ཕྱིར། ཉི་སྣང་ལས། འདི་ག་ལས་ཤེས་ཤེ་ན། ལམ་གཞན་ཁྱད་པར་ཡོད་པ་ཡིན་ན་རིགས་དང་དབང་པོ་དང་ཚོགས་ཁྱད་ཞུགས་པར་གྱུར་པའི་ཕྱིར། ཞེས་གསུངས་པའི་ཕྱིར། དེ་དེའི་བྱེད་པར་འདུ་ཚུལ་ཡོད་དེ། བརྟག་པ་མཐའ་བཟུང་གི་བྱང་སེམས་སྦྱོར་ལམ་བཟོད་པ་ཆེན་པོའི་ཚེ་ཉོན་མོངས་སྤོང་འདོད་ན་ཐེག་ཆེན་མཐོང་ལམ་ཆོས་བཟོད་ཀྱི་ཚེ་ཉོན་མོངས་དང་ཕྱི་རོལ་དོན་འཛིན་སྤོང་ནུས་ལ། དེ་བཞིན་152དུ་ཐེག་ཆེན་མཐོང་ལམ་ཆོས་བཟོད་པས་འབད་ན་ཚེ་དེ་ལའང་མྱུར་དུ་ཉོན་སྒྲིབ་ཤེས་སྒྲིབ་རགས་པ་གཉིས་སྤོང་ཐུབ་པའི་ཕྱིར་ཏེ། དཔེར་ན་ཉན་ཐོས་ཕྱིར་མི་འོང་མཐོང་ཆོས་ཞི་ལྟ་བུ་ལ་འོང་ན་དེ་ལྟ་ཅི་སྨོས་པའི་ཕྱིར། རྟགས་ཟུར་དང་པོ་གྲུབ་སྟེ། རྣམ་བཤད་ལས། སྦྱོར་ལམ་བཟོད་པ་ལ་གནས་པ་ལྟ་བུས། ནས། དེ་སྤངས་པའི་རྣམ་གྲོལ་ལམ་ཐོབ་ནུས་པས། ཞེས་སོ། །རྟགས་ཟུར་གཉིས་པ་གྲུབ་སྟེ། རྣམ་བཤད་ལས། ཐེག་པ་ཆེན་པོའི་མཐོང་ལམ་ཆོས་བཟོད་ལ་གནས་པ་དེས་ཀྱང་དེ་ལྟར་འབད་ན་སྔར་བཤད་པ་ལྟར་ཐོབ་པའི་བརྟག་པ་མཐའ་བཟུང་གི་ཚུལ་གྱིས་ལམ་གྱི་ནུས་མཐུ་བསྟན་པ་ཡིན་གྱི། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ས་དང་པོར་ཉན་རང་གི་རྟོགས་རིགས་རྫོགས་ཟེར་ན། འོ་ན། དེར་གང་ཟག་གི་བདག་མེད་རྟོགས་པ་མཐར་ཕྱིན་པར་ཐལ། དེར་དེ་རྟོགས་པ་མཐར་ཐུག་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་རྟོགས་པ་ཁྱད་པར་དུ་འགྲོ་རྒྱུ་ཡོད་པའི་ཕྱིར། དེས་གཞན་ཤེས་སླ།

(150) པར་ཐེངས་གཉིས་པ། ཇི་སྐད།

(151) པར་ཐེངས་གཉིས་པ། ཡོན་ཏན་ཀྱང་བཤད་པའི་ཕྱིར། ཐེག་ཆེན།

(152) པར་ཐེངས་གཉིས་པ། དུ་མཐོང་ལམ།

    གསུམ་པ་སྤྱིར་བཏང་དམིགས་བསལ་དོན་ལ་ཁ་ཅིག་ན་རེ། རྫོགས་སྨིན་སྦྱངས་གསུམ་མ་བྱས་བར་དུ་འདིར་བསྟན་ཡང་དག་མཐའ་མངོན་དུ་མི་བྱེད་པ་སྤྱིར་བཏང་ནས། དེ་གསུམ་བྱས་རྗེས་སུ་བྱེད་པ་དམིགས་བསལ་ཡིན་ཟེར་ན། འོ་ན། དེ་དག་གིས་ཡང་དག་པའི་མཐའ་153མངོན་སུམ་ནི་མི་བྱའོ། །ཞེས་པས། སྤྱིར་བཏང་དངོས་སུ་བསྟན་ནས་དམིགས་བསལ་ཤུགས་ལ་བསྟན་པར་ཐལ། དམ་154བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། སྤྱིར་བཏང་དམིགས་བསལ་གཉིས་སྒྲས་ཟིན་ལ་གྲགས་ཆེ་བའི་ཕྱིར་ཏེ། དཔེར་ན། ཡོད་པ་དང་ཡིན་པ་155སྤྱིར་ནས་མེད་པ་དང་མ་ཡིན་པ་དམིགས་ཀྱིས་བསལ་བ་ལྟ་བུ་གཅིག་དགོས་པའི་ཕྱིར་ཏེ། རྣམ་བཤད་ལས། སྤྱིར་བཏང་དང་དམིགས་བསལ་གྱི་བརྡ་སྒྲས་ཟིན་འབའ་ཞིག་གི་བརྡ་ཡིན་པས་ཤུགས་བསྟན་ལ་སྦྱོར་བ་མི་འཐད་ལ། ཞེས་གསུངས་པའི་ཕྱིར།

(153) པར་ཐེངས་གཉིས་པ། མངོན་དུ།

(154) པར་ཐེངས་གཉིས་པ། བཅའ་དེའི་ཕྱིར།

(155) པར་ཐེངས་གཉིས་པ། སྤྱིར་བཏང་ནས།

    བཞི་པ་རྫོགས་སྨིན་སྦྱངས་གསུམ་གྱི་ཚད་ལ། སྨོན་ལམ་རྫོགས་ཚད་ལ་ཁ་ཅིག་ན་རེ།.....བོད་སྔ་རབས། ཆོས་ཉིད་ལ་མཉམ་པར་བཞག་བཞིན་པའི་ངང་ནས། གཞན་དོན་འབད་མེད་ལྷུན་གྲུབ་ཏུ་ནུས་པ་དེ། སྨོན་ལམ་ཡོངས་སུ་རྫོགས་པའི་ཚད་ཟེར་ན། སྟོན་པ་མཆོག་གིས་བྱང་སེམས་ལ་ཆོས་སྐུ་མ་ཐོབ་བར་དུ་ཆོས་སྐུ་མངོན་དུ་མི་བྱའོ། །ཞེས་གདམས་རིགས་པར་ཐལ། དེས་དེ་ལ་རྫོགས་སྨིན་སྦྱངས་གསུམ་མ་བྱས་བར་དུ་འདིར་བསྟན་ཡང་དག་མཐའ་མངོན་དུ་མི་བྱ་ཞེས་གདམས་པ་གང་ཞིག །རྫོགས་སྨིན་སྦྱངས་156གསུམ་མངོན་དུ་བྱས་པའི་གང་ཟག་ཡིན་ན་ཆོས་སྐུ་ཐོབ་པས་ཁྱབ་པའི་ཕྱིར། དེར་ཐལ། སངས་མ་རྒྱས་ཚུན་ཆད་ལ་ཆོས་ཉིད་ལ་མཉམ་པར་བཞག་བཞིན་དུ་འབད་མེད་ལྷུན་གྲུབ་ཏུ་གཞན་དོན་བྱེད་པ་མེད་པའི་ཕྱིར་ཏེ། ཆོས་ཉིད་ལ་མཉམ་པར་བཞག་བཞིན་དུ་གཞན་དོན་བྱེད་པ་ལ་ཀུན་སློང་ཕྲ་མོ་ཡང་མེད་པར་འབྱུང་བ་ལ་རྟོག་པ་མེད་དགོས་པའི་ཕྱིར། རྣམ་བཤད་ལས། སྨོན་ལམ་རྫོགས་པའི་ཚད་ཅེས་དང༌། ཡང་རྣམ་བཤད་ལས། ཇི་སྲིད་ཀུན་སློང་གི་རྟོག་པ་ཡོད་པ་དེ་སྲིད་དུ་མི་ནུས་པས། ཞེས་གསུངས་པའི་ཕྱིར། འདིའི་རྒྱུ་མཚན་དང་རྟོག་པ་ལྡོག་པའི་རྒྱུ་གསང་འདུས་ཁོ་ནས་ཤེས་དགོས་པས། གསང་བའི་རྣམ་ཐར་ལས་ཡང་དག་མཐའ་དཔྱིས་ཕྱིན་པ་སྔགས་ལ་རག་ལས་པར་གསུངས་པ་མི་ཤེས་པ་དག་གིས་རྡོལ་གཏམ་སྣ་ཚོགས་བྱས་ཀྱང་སྙིང་པོ་ཡག་ཁོ་ན་ཡིན་ནོ། །

(156) པར་ཐེངས་གཉིས་པ། གསུམ་བྱས།

    ཡང་ཁ་ཅིག །རང་གི་སྨོན་ལམ་གང་བཏབ་ཀྱི་བཞེད་དོན་ཡོངས་སུ་རྫོགས་པ་དེ་སྨོན་ལམ་རྫོགས་པའི་ཚད་ཟེར་ན། སངས་འཕགས་ཆོས་ཅན། ཚད་དེ་རྫོགས་པའི་གང་ཟག་ཡིན་པར་ཐལ། སྨོན་ལམ་རྫོགས་པའི་ཚད་རྫོགས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། སངས་འཕགས་ཡིན་པའི་ཕྱིར། འདོད་ན། དེས་འགྲོ་བ་ཐམས་ཅད་སྦྱིན་པས་གྲོལ་བར་བྱས་ཟིན་པར་ཐལ། དེས་དེ་འདྲའི་སྨོན་ལམ་བཏབ་པ་གང་ཞིག །རང་གིས་སྨོན་ལམ་གང་བཏབ་ཀྱི་བཞེད་དོན་གྲུབ་པའི་ཕྱིར། འདོད་ན། ད་དུང་འགྲོ་བཀྲེན་དུ་མ་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྤྱོད་འཇུག་ལས། ད་དུང་འགྲོ་བཀྲེན་ཡོད་ན་སྔོན། །སྐྱོབས་པ་ཇི་ལྟར་ཕ་རོལ་ཕྱིན། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཡུལ་དེ་ལ་སྨོན་པའི་དོན་གྲུབ་མ་གྲུབ་ལ་མི་ལྟོས་ཀྱི་རང་གི་སེམས་ཀྱིས་སྨོན་པའི་ཤུགས་རྫོགས་ཚུལ་ཞིག་ལ་འཇོག་པའི་ཕྱིར། དཔེར་ན། ཕར་ཕྱིན་བཞིན་ནོ། །སྤྱོད་འཇུག་ལས། བདོག་པ་ཐམས་ཅད་འབྲས་བཅས་ཏེ། །སྐྱེ་བོ་ཀུན་ལ་བཏང་སེམས་ཀྱིས། །སྦྱིན་པའི་ཕ་རོལ་ཕྱིན་གསུངས་ཏེ ཞེས་གསུངས་པའི་ཕྱིར། ཡང་རོང་ཊཱིཀ་པ་ན་རེ། བྱང་སེམས་ལམ་གྱི་གདུལ་བྱ་རྫོགས་པ་དེ་སེམས་ཅན་སྨིན་པའི་ཚད་ཟེར་ན། འོ་ན། དེ་བྱང་སེམས་ཀྱི་ལམ་དུས་ན་ཡོད་པར་ཐལ། དེ་ཡང་དག་མཐའ་མངོན་དུ་བྱེད་པའི་སྔ་རོལ་ཏུ་གྲུབ་དགོས་པའི་ཡོན་ཏན་གསུམ་གྱི་གཅིག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ལམ་དུས་རྫོགས་ནས་ལམ་གྱི་བསྒྲུབ་བྱ་འབྲས་དུས་ཁོ་ན་ཡིན་པའི་ཕྱིར་དང༌། སྔར་བཤད་པ་ལྟར་ཆོས་སྐུ་མ་ཐོབ་བར་དུ་ཡང་དག་མཐའ་མངོན་དུ་མ་བྱེད་ཅེས་པའི་སྐྱོན་ཡང་འབྱུང་བའི་ཕྱིར། རྣམ་བཤད་ལས། སེམས་ཅན་སྨིན་པའི་ཚད། ནས། བསྒྲུབ་བྱ་འབའ་ཞིག་གོ །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག.....རོང། སངས་རྒྱས་རང་སྣང་ལ་ཞིང་དག་པ་རབ་འབྱམས་འབའ་ཞིག་གཟིགས་པ་དེ་སངས་རྒྱས་ཀྱི་ཞིང་སྦྱངས་པའི་ཚད་ཡིན་ཏེ། མ་དག་པའི་ཞིང་སངས་རྒྱས་རང་སྣང་ལ་མི་སྣང་བའི་ཕྱིར་ཏེ། དེ་མ་རིག་འཁྲུལ་པའི་དབང་གིས་སྣང་བ་ཡིན་པའི་ཕྱིར་ཟེར་ཏེ། རྣམ་བཤད་ལས། ཡང་སངས་རྒྱས་རང་སྣང༌། ནས། སྐད་བྱེད་པ་ནི། ཞེས་སོ། །འོ་ན། མ་དག་པའི་སྣོད་བཅུད་སངས་རྒྱས་ལ་མི་སྣང་བར་ཐལ། སངས་རྒྱས་ལ་དག་པའི་ཞིང་འབའ་ཞིག་སྣང་བའི་ཕྱིར། རྟགས་ཁས། འདོད་ན། མ་དག་པའི་སྣོད་བཅུད་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་ལ་མི་སྣང་བར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཐམས་ཅད་གཅིག་ཆར་དུ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་གཅིག་མེད་པར་ཐལ། དེ་སངས་རྒྱས་ལ་མེད་པའི་ཕྱིར། འཁོར་གསུམ། འདོད་མི་ནུས་ཏེ། རྣམ་མཁྱེན་ཡོད་པའི་ཕྱིར་ཏེ། རྩ་བར། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །ཞེས་གསུངས་པའི་ཕྱིར། དེས་ན་འདི་བདེན་གཉིས་སུ་བཤད་པར་བྱ། གཞན་ཡང་མ་དག་པའི་སྣོད་བཅུད་ཆོས་ཅན། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མ་གཟིགས་པར་ཐལ། དེས་དངོས་སུ་མ་གཟིགས་པ་གང་ཞིག ཤུགས་ལ་ཡང་མ་གཟིགས་པའི་ཕྱིར། དང་པོ་ཁས། གཉིས་པ་གྲུབ་ཏེ། སངས་འཕགས་ཀྱི་ཆོས་ཐམས་ཅད་སྐྱུ་རུ་ར་ལྟར་མངོན་སུམ་དུ་རྟོགས་པའི་ཕྱིར། ཁྱབ་སྟེ། དེ་ལྟར་ན་དེས་ཤུགས་རྟོགས་མི་འཐད་པའི་ཕྱིར། འདོད་ན། མེད་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། རྣམ་ངེས་ལས། 157ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཟིགས་པ་ལས་ལོག་པ་ནི་རྣམ་པ་ཐམས་ཅད་དུ་མེད་པ་ཁོ་ནར་གོ་བར་བྱའོ། །ཞེས་དང། རྣམ་བཤད་ལས། སངས་རྒྱས་རང་གི་སྣང་བ། ནས། མེད་ངེས་སུ་འགྱུར་དགོས་སོ། །ཞེས་གསུངས་པའི་ཕྱིར། འདིར་མང་པོ་མ་སྤྲོས།

(157) པར་ཐེངས་གཉིས་པ། རྣམ་པ་ཐམས་ཅད།

    ཡང་ཁོ་ན་རེ།.....རོང། རང་གང་དུ་འཚང་རྒྱ་བའི་སངས་རྒྱས་ཀྱི་ཞིང་ཁྱད་པར་ཅན་འགྲུབ་པའི་རྒྱུའི་དགེ་བའི་ནུས་པ་ཡོངས་སུ་རྫོགས་པ་དེ་སངས་རྒྱས་ཀྱི་ཞིང་སྦྱངས་པའི་ཚད་ཟེར་ན། བདག་ཅག་གི་སྟོན་པ་ཆོས་ཅན། དེར་ཐལ། སངས་རྒྱས་ཀྱི་ཞིང་སྦྱངས་པའི་ཚད་མངོན་དུ་བྱས་པའི་གང་ཟག་ཡིན་པའི་ཕྱིར། འདོད་ན། རང་གང་དུ་འཚང་རྒྱ་བའི་སངས་རྒྱས་ཀྱི་ཞིང་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་འཚང་རྒྱ་དགོས་ཡིན་པར་ཐལ་ལོ། །ཡང་ཁོ་ན་རེ། རང་གང་དུ་སངས་རྒྱ་བའི་སངས་རྒྱས་ཀྱི་ཞིང་ཁྱད་པར་ཅན་འགྲུབ་པའི་རྒྱུ་དགེ་བའི་ནུས་པ་མཐུ་ཅན་དུ་གྱུར་པ་དེ་དེའི་ཚད་ཟེར་ན། བྱང་སེམས་ས་བརྒྱད་པ་བ་ཆོས་ཅན། སངས་རྒྱས་ཀྱི་ཞིང་སྦྱངས་པའི་ཚད་མངོན་དུ་བྱས་ཟིན་པར་ཐལ། ཚད་ཀྱི་མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། ཞིང་དག་སྦྱོར་བ་གྲུབ་བའི་གང་ཟག་ཡིན་པའི་ཕྱིར། འདོད་ན། བྱང་སེམས་ས་བཅུ་པ་བ་ཡིན་པར་ཐལ། སངས་རྒྱས་ཀྱི་ཞིང་སྦྱངས་པའི་ཚད་མངོན་དུ་བྱས་པའི་སེམས་ཅན་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་བཤད་ལས་ཀྱང༌། དགེ་བའི་རྩ་བའི་ནུས་པ་ཡོངས་སུ་རྫོགས་པ། ཞེས་གསུངས་པའི་ཕྱིར་དང༌། ཁྱོད་ལྟར་མ་བྱས་པའི་ཕྱིར། ཡང་ཁ་ཅིག་ན་རེ། རྒྱལ་བ་འོད་དཔག་མེད་ཀྱིས་བདག་གང་དུ་སངས་རྒྱས་པའི་ཞིང་དེར་སྐུ་དངོས་ཀྱི་གདུལ་བྱ་མངོན་ཤེས་དང་མི་ལྡན་པ་མེད་པར་མ་གྱུར་པ་དེ་སྲིད་དུ་བདག་འཚང་མི་རྒྱའོ་ཞེས་དམ་བཅས་པའི་དམ་བཅའི་རྒྱུའི་དགེ་བའི་རྩ་བའི་ནུས་པ་ཡོངས་སུ་རྫོགས་པ་དེ། སངས་རྒྱས་ཀྱི་ཞིང་སྦྱངས་པའི་ཚད་ཡིན་ཟེར་ན། འོ་ན། སངས་རྒྱས་ཀྱི་ཞིང་སྦྱངས་པའི་ཚད་མངོན་དུ་བྱས་པའི་གང་ཟག་ཡིན་ན། ཁྱོད་མངོན་དུ་བྱས་པའི་གང་ཟག་ཡིན་དགོས་པར་ཐལ། ཁྱོད་དེའི་ཚད་ཡིན་པའི་ཕྱིར། འདོད་ན། བདག་ཅག་གི་སྟོན་པ་ཤཱཀྱ་སེང་གེ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། སངས་འཕགས་ཡིན་པའི་ཕྱིར། འདོད་ན། འོད་དཔག་མེད་དང་རྒྱུད་གཅིག་ཡིན་པར་ཐལ་ལོ། །ཡང་ཁ་ཅིག་ན་རེ། དེ་འདྲ་བ་དེ་སྤྲུལ་སྐུའི་དབང་དུ་བྱས་པའི་སྨོན་ལམ་རྫོགས་པའི་ཚད་ཟེར་ན་མི་འཐད་དེ། དེ་སྔ་མའི་རིགས་པས་ཁེགས་སོ། །ལ་ལས་དེ་སྤྲུལ་སྐུ་འོད་དཔག་མེད་ཀྱི་དབང་དུ་བྱས་པའི་སྨོན་ལམ་རྫོགས་པའི་ཚད་ཟེར་ན། དེ་ཆོས་ཅན། ཁྱོད་མངོན་དུ་བྱས་པའི་གང་ཟག་ཡིན་ན། སྤྲུལ་སྐུ་འོད་དཔག་མེད་ཡིན་དགོས་པར་ཐལ། ཁྱོད་དེའི་དབང་དུ་བྱས་པའི་སྨོན་ལམ་རྫོགས་པའི་ཚད་ཡིན་པའི་ཕྱིར། འདོད་ན། འོད་དཔག་མེད་ཡིན་ན། སྤྲུལ་སྐུ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ལོངས་སྐུ་འོད་དཔག་མེད་ཀྱང་ཡོད་པའི་ཕྱིར། ཡང་ཁོ་ན་རེ། བདེ་བ་ཅན་དུ་སྐྱེས་པའི་གདུལ་བྱ་ལ་མངོན་ཤེས་དང་ལྡན་པས་ཁྱབ་པར་ཐལ། འོད་དཔག་མེད་ཀྱི་སྐུ་དངོས་ཀྱི་གདུལ་བྱ་ལ་མངོན་ཤེས་དང་ལྡན་པས་ཁྱབ་པའི་ཕྱིར་ན། རྣམ་པ་གཅིག་ཏུ་མ་ཁྱབ་སྟེ། རྒྱུན་ཞུགས་ཡང་ཉེར་བསྡོགས་ཀྱི་མངོན་ཤེས་ལ་བརྟེན་པར་བཤད་པའི་ཕྱིར། མཛོད་ལས། བསམ་གཏན་དག་གིས་ལམ་རྣམས་སླ། །ས་གཞན་དག་གིས་དཀའ་བ་ཡིན། །ཞེས་གསུངས་པའི་ཕྱིར། ཀུན་བཏུས་ལས། བསམ་གཏན་158དངོས་ཀྱི་གཞིར་བཤད་པ་སླ་རིམ་ཡིན་པའི་ཕྱིར་ཏེ། དེས་ཀྱང་ཉེར་བསྡོགས་ལ་དཀའ་བར་བཤད་པའི་ཕྱིར། འདོད་མི་ནུས་ཏེ། དེར་སྐྱེ་བའི་རྒྱུ་གྲངས་ཚང་བས་དེར་སྐྱེས་ཀྱང་རྒྱུ་འདིས་དེར་སྐྱེ་མི་སྐྱེའི་ཐེ་ཚོམ་ཟོས་ན་ལོ་ལྔ་བརྒྱ་སོགས་སུ་པད་མའི་སྦུབས་སུ་མཉམ་པར་159བཞག་པ་བཞིན་དུ་གནས་དགོས་པར་བཤད་པའི་ཕྱིར། ཡང་རློམས་པ་ཁ་ཅིག་ན་རེ། ཞིང་བྱེ་བ་ཕྲག་བརྒྱར་སྐུའི་བཀོད་པ་བྱེ་བ་ཕྲག་བརྒྱ། དེ་རེ་རེའི་འཁོར་དུ་སེམས་ཅན་གྲངས་མེད་པ་ལ་ཆོས་ཚིགས་བཅད་རེ་རེས་འཕགས་ལམ་ལ་འགོད་ནུས་པ་དེ་སེམས་ཅན་སྨིན་པའི་ཚད་ཟེར་ན། འོ་ན། སེམས་ཅན་160སྨིན་པའི་ཚད་མངོན་དུ་བྱས་པའི་གང་ཟག་ཡིན་ན་ཁྱོད་མངོན་དུ་བྱས་པའི་གང་ཟག་ཡིན་དགོས་པར་ཐལ། ཁྱོད་སེམས་ཅན་སྨིན་པའི་ཚད་ཡིན་པའི་ཕྱིར། འདོད་ན། བྱང་སེམས་རྒྱུན་མཐའ་བ་ཆོས་ཅན། དེར་ཐལ། སེམས་ཅན་སྨིན་པའི་ཚད་མངོན་དུ་བྱས་པའི་དེ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་དེ་ལྟ་བུའི་སེམས་ཅན་སྨིན་གྲོལ་གཉིས་ལས་སྨིན་ལམ་ལ་དེ་འདྲ་བའི་སེམས་ཅན་འགོད་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། རྫོགས་སྨིན་སྦྱངས་གསུམ་མངོན་དུ་བྱས་པའི་སེམས་ཅན་ཡིན་པའི་ཕྱིར། དེར་ཐལ། དང་པོར་རྫོགས་སྨིན་སྦྱངས་གསུམ་བྱས་རྗེས་སུ་འདིར་བསྟན་ཡང་དག་མཐའ་མངོན་དུ་བྱེད་པའི་གང་ཟག་ཡིན་པའི་ཕྱིར། མདོ་ལས། བྱང་ཆེན་ཡུམ་ལ་སྤྱོད་པ་ཐབས་མཁས་པས་ཡོངས་སུ་བཟུང་བ་ཡང་ཇི་སྲིད་དུ་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་མ་གྱུར་པ་དེ་སྲིད་ཡང་དག་པའི་མཐའ་མངོན་དུ་མི་བྱེད་དོ། །ནམ་དགེ་བའི་རྩ་བ་དེ་དག་བླ་མེད་རྫོགས་བྱང་དུ་ཡོངས་སུ་སྨིན་པར་གྱུར་པ་དེ་ན་ཡང་དག་པའི་མཐའ་དམ་པ་མངོན་དུ་བྱེད་དོ། །ཞེས་གསུངས་པའི་ཕྱིར་དང༌། རྣམ་བཤད་ལས་ཀྱང༌། དེ་འདྲའི་གདུལ་བྱ་དེ་ཉིད་སྨིན་གྲོལ་གཉིས་ཀྱི་ནང་ནས་སྨིན་ལམ་ལ་བཀོད་ཟིན་ན་ཡང་དག་མཐའ་མངོན་དུ་བྱ་བར་ཤུགས་ལ་བསྟན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་སེམས་ཅན་སྨིན་ཚུལ་བརྒྱད་ཀྱི་མ་མཐའ་ལ་བྱེད་པར་ཐལ། གཞན་ཀུན་ལ་མ་ཡིན་པའི་ཕྱིར། རྩ་བར་འདོད་མི་རིགས་པར་ཐལ། འདི་དང་འདི་བྱའོ་སྙམ་པའི་ཀུན་སློང་གི་རྟོག་པ་རྒྱུད་ལྡན་གྱི་གང་ཟག་ཡིན་པའི་ཕྱིར། ཁྱབ་སྟེ། དེ་འདྲའི་རྟོག་པ་ཡོད་ཀྱི་བར་དུ་ཞིང་དེ་སྙེད་ལ་སྐུ་དེ་སྙེད་དང༌། སྐུ་རེ་རེའི་འཁོར་སེམས་ཅན་གྲངས་མེད་ལ་ཚིགས་བཅད་རེ་བསྟན་ནས་འཕགས་པའི་གོ་འཕང་ལ་འགོད་མི་ནུས་པས་ཁྱབ་པའི་ཕྱིར། དེར་ཐལ། དེ་ལྟར་ཐུབ་པ་ལ་མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ལས་ཀྱི་ཀུན་འབྱུང་ཕྲ་མོ་ཡང་སྤངས་ནས་མཉམ་བཞག་ལས་སླར་མི་ལྡང་བའི་ཚུལ་གྱིས་སྙོམས་པར་འཇུག་དགོས་པ་གང་ཞིག །རྟོག་པ་ཡོད་པའི་དབང་གིས་འབད་མེད་ལྷུན་གྲུབ་དང་མཉམ་རྗེས་ངོ་བོ་གཅིག་ཏུ་མི་རུང་བར་བྱེད་པའི་ཕྱིར། དང་པོ་གྲུབ་སྟེ། བདེན་གཉིས་རང་འགྲེལ་ལས། རྟོག་པ་དང་ནི་ཉོན་མོངས་དང༌། །བག་ཆགས་མ་ལུས་གཏན་བཅད་ཅན། །ཞེས་དང༌། རྣམ་བཤད་ལས། དེ་འདྲ་དུས་གཅིག་ཏུ་ལན་གཅིག་བྱེད་པ་ཡང་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་ལ་རག་ལས་ཤིང༌། མ་རིག་བག་ཆགས་ཀྱི་ས་དང༌། ཟག་པ་མེད་པའི་ལས་ཀྱང་སྤངས་ནས། ཞེས་པ་ནས། སྙོམས་པར་འཇུག་པ་ལ་ལྟོས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྟོག་པ་གནས་འགྱུར་གྱི་སྒོ་ནས་དེའི་བག་ཆགས་ཀུན་སྤོང་བའི་ཕྱིར། བདེན་གཉིས་ལས། དེ་ཚེ་མཚན་མ་མི་འབྱུང་ཕྱིར། །གནས་པ་བརྟན་ཕྱིར་མི་བཞེངས་སོ། །ཞེས་དང༌། 161དེའི་རང་འགྲེལ་ལས། བཅོམ་ལྡན་འདས་འདི་ཡིས་རྟོག་པའི་ས་བོན་མཐའ་དག་བག་ཆགས་དང་བཅས་ཏེ་རྩ་བ་ནས་བཏོན་པ་ཉིད་ཀྱིས་ཕྱིར་ཚད་མ་མི་འབྱུང་ན་བཞེངས་པ་ལྟ་ག་ལ་ཡོད། ཅེས་གསུངས་པའི་ཕྱིར། དེས་ན། རྣམ་བཤད་ལས། ཇི་སྲིད་ཀུན་སློང་གི་རྟོག་པ་ཡོད་པ་དེ་སྲིད་དུ་མི་ནུས་པས་དེ་འདྲ་དུས་གཅིག་ལ་བྱེད་པ་ཡང༌། ཞེས་གསུངས་པའི་ཕྱིར།

(158) པར་ཐེངས་གཉིས་པ། དངོས་གཞིར།

(159) པར་ཐེངས་གཉིས་པ། བཞག་བཞིན།

(160) པར་ཐེངས་གཉིས་པ། སྨིན་པར་བྱས་པའི།

(161) པར་ཐེངས་གཉིས་པ། རང་འགྲེལལས།

    ལྔ་པ་ཡང་དག་མཐའ་ངོས་འཛིན་ལ། རོང་ཊཱིཀ་པ་ན་རེ། དེ་བཞིན་ཉིད་འདིར་བསྟན་མངོན་དུ་མི་བྱེད་རྒྱུའི་ཡང་དག་མཐའ་དང༌། དེ་ལ་སླར་མི་ལྡང་བའི་ཚུལ་གྱིས་མཉམ་པར་བཞག་པ་དེ་བཞིན་ཉིད་162མངོན་དུ་བྱས་ཚད་ཡིན་ཟེར། སྔོན་གྱི་བོད།.....ལ་ལས་ཆོས་ཉིད་དྲི་བྲལ་གྱིས་འགོག་པ་འདིར་བསྟན་ཡང་དག་མཐའ་ཡིན་ཟེར་ན། འོ་ན། སྟོན་པ་མཆོག་གི་སྤྲུལ་སྐུས་བྱང་སེམས་ལ་སངས་རྒྱས་མ་ཐོབ་བར་དུ་སངས་རྒྱས་མངོན་དུ་མ་བྱེད་ཅིག་ཅེས་གདམས་པར་ཐལ། དེས་དེ་དག་ལ་རྫོགས་སྨིན་སྦྱངས་གསུམ་མ་བྱས་བར་དུ་ཡང་དག་མཐའ་མངོན་དུ་མ་བྱེད་ཅེས་གདམས་པ་གང་ཞིག །འདིར་བསྟན་ཡང་དག་མཐའ་མངོན་དུ་བྱས་པའི་གང་ཟག་ཡིན་ན་སངས་རྒྱས་ཡིན་དགོས་པའི་ཕྱིར། ཕྱི་མ་གྲུབ་སྟེ། དང་པོ་ལྟར་ན་དེ་བཞིན་ཉིད་ལ་སླར་མི་ལྡང་བའི་ཚུལ་གྱིས་མཉམ་པར་བཞག་ན་མཉམ་རྗེས་ངོ་བོ་གཅིག་པའི་སངས་རྒྱས་པས་ཁྱབ། གཉིས་པ་ལྟར་ན་ཆོས་ཉིད་དྲི་བྲལ་གྱི་འགོག་བདེན་ཐོབ་ན་སངས་རྒྱས་པས་ཁྱབ་པའི་ཕྱིར་ཏེ། རྣམ་བཤད་ལས། སངས་རྒྱས་མ་ཐོབ་བར་དུ་སངས་རྒྱས་མངོན་དུ་མི་བྱའོ། །ཞེས་པའི་དོན་དུ་འགྱུར་བས་འཐད་པར་163དཀའ་ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཤེས་སྒྲིབ་སྤངས་པའི་སྤངས་པ་དང་ཕྱི་རོལ་དོན་འཛིན་གྱི་རྟོག་པ་སྤངས་པའི་སྤངས་པ་གཉིས། འདིར་བསྟན་ཡང་དག་མཐའ་མིན་ཟེར་ན། འོ་ན། འདིར་བསྟན་ཡང་དག་མཐའ་ཡིན་ན། རྫོགས་སྨིན་སྦྱངས་གསུམ་མ་བྱས་པའི་སྔ་རོལ་ཏུ་མངོན་དུ་བྱེད་ནུས་ལ་མི་བྱེད་པ་དང་བྱས་རྗེས་སུ་བྱེད་པའི་ཁྱད་པར་གསུམ་ལྡན་གྱི་ཡང་དག་མཐའ་ཡིན་པས་ཁྱབ་པར་ཐལ། དེ་གཉིས་མ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། འདིར་བསྟན་གདམས་དོན་གཙོ་བོར་གྱུར་པའི་ཡང་དག་མཐའ་གཅིག་ཡོད་པའི་ཕྱིར། དེར་ཐལ། རྒྱུན་མཐའ་བས་སངས་རྒྱས་པ་དང་དུས་མཉམ་དུ་མངོན་དུ་བྱེད་རྒྱུའི་ཡང་དག་མཐའ་གཅིག་ཡོད་པའི་ཕྱིར། དེར་ཐལ། མདོ་ལས། དེ་དག་གི་ཡང་དག་པའི་མཐའ་164མངོན་སུམ་དུ་ནི་མི་བྱའོ། །ཞེས་པའི་ཤུགས་ལ་གཙོ་བོར་165བསྟན་པའི་འདིར་བསྟན་ཡང་དག་མཐའ་ཡོད་པའི་ཕྱིར། འབུམ་གྱི་གནོད་འཇོམས་ལས། སེམས་ཅན་སྨིན་པར་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་དག་པར་བྱ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐའ་དག་རྫོགས་པར་བྱས་ནས་མངོན་དུ་བྱས་པ་ལ་ཉེས་པ་མེད་ཀྱི། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་བཞིན་དུ་རྣམ་བཤད་ལས་ཀྱང༌། དེ་འདྲའི་གདུལ་བྱ་སྨིན་གྲོལ་གཉིས་ཀྱི་ནང་ནས་སྨིན་ལམ་ལ་བཀོད་ཟིན་ན་ཡང་དག་པའི་མཐའ་མངོན་དུ་བྱ་བར་ཤུགས་ལ་བསྟན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།

(162) པར་ཐེངས་གཉིས་པ། མངོན་སུམ་དུ།

(163) པར་ཐེངས་གཉིས་པ། དཀའོ། །ཞེས།

(164) པར་ཐེངས་གཉིས་པ། མངོན་དུ་མི་བྱའོ། །

(165) པར་ཐེངས་གཉིས་པ། གདམས།

    གཞན་ཡང༌། ཕྱི་རོལ་དོན་འཛིན་གྱི་རྟོག་པ་སྤངས་པའི་སྤངས་པ་ཆོས་ཅན། ཁྱོད་འདིར་བསྟན་ཡང་དག་མཐའ་ཡིན་པར་ཐལ། ཁྱོད་ཁྱད་ཆོས་གསུམ་ལྡན་གྱི་འདིར་བསྟན་ཡང་དག་མཐའ་ཡིན་པའི་ཕྱིར། དེར་ཐལ། རྫོགས་སྨིན་སྦྱངས་གསུམ་མ་བྱས་པའི་སྔ་རོལ་ཏུ་མངོན་དུ་བྱེད་166ནུས་ལ་མི་བྱེད། དེ་གསུམ་བྱས་རྗེས་སུ་བྱེད་རྒྱུའི་ཁྱད་པར་དང་ལྡན་པའི་མྱང་འདས་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་དང་ཉོན་སྒྲིབ་སྤངས་པའི་སྤངས་པ་གཉིས་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཀྱིས་དེ་མ་ཐག་ཏུ་མངོན་དུ་བྱེད་ནུས་ན་ས་བརྒྱད་པའི་གནས་སྐབས་སུ་ལྟ་ཅི་སྨོས་པའི་ཕྱིར་ཏེ། རྣམ་བཤད་ལས། མངོན་དུ་བྱེད་པར་འདོད་ན་ཐེག་པ་ཆེན་པོའི་མཐོང་ལམ་ཐོབ་མ་ཐག་པའི་རྗེས་ནས་བྱེད་ནུས་ན། ས་བརྒྱད་པ་བས་ལྟ་ཅི་སྨོས། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཆོས་གསུམ་གྱི་གོང་དུ་ས་བདུན་པ་མན་ཆད་དུ་ནུས་ཀྱང་དོགས་པ་ཆུང་ལ་ས་བརྒྱད་པར་མངོན་དུ་བྱེད་དོགས་ནས་མ་བྱེད་ཅེས་གདམས་པས་མངོན་དུ་མི་བྱེད་པའི་ཕྱིར། རྣམ་བཤད་ལས། འོན་ཀྱང་ས་བདུན་པ་མན་ཆད་དུ་མངོན་དུ་བྱེད་པའི་དོགས་པ་ཆུང་ལ། ས་བརྒྱད་པར་དོགས་པ་ཆེ་བས། ནས། ཆོས་གསུམ་མ་རྫོགས་པའི་བར་དུ་ཡང་དག་པའི་མཐའ་མངོན་དུ་བྱེད་པ་ག་ལ་སྲིད། ཅེས་གསུངས་པའི་ཕྱིར། རྩ་རྟགས་གསུམ་པ་གྲུབ་སྟེ། རྣམ་བཤད་ལས། རྫོགས་སྨིན་སྦྱངས་གསུམ་བྱས་ནས་མངོན་དུ་བྱ་བར་དོན་གྱིས་བསྟན་པ་དང༌། ཞེས་གསུངས་པའི་ཕྱིར། གཞན་ཡང༌། ཉན་རང་དགྲ་བཅོམ་པའི་རྒྱུད་ཀྱི་ལྷག་མེད་མྱང་འདས་གཉིས་ཆོས་ཅན། འདིར་བསྟན་གདམས་དོན་གཙོ་བོར་གྱུར་པའི་ཡང་དག་མཐའ་མ་ཡིིན་པར་ཐལ། གསུམ་ལྡན་གྱི་དེ་མ་ཡིན་པའི་ཕྱིར། འདོད་ན། འདིར་བསྟན་ཡང་དག་མཐའ་མངོན་དུ་བྱས་པའི་ཐེག་དམན་གང་ཟག་མེད་པར་ཐལ། ཐེག་དམན་གྱི་རྒྱུད་ཀྱི་འདིར་བསྟན་ཡང་དག་མཐའ་མེད་པའི་ཕྱིར། རྟགས་ཁས། འདོད་ན། ཆོས་གསུམ་གྱི་གོང་དུ་མངོན་དུ་བྱེད་པ་བཀག་པ་ཁོ་ནས་གདམས་པའི་འདིར་བསྟན་ཡང་དག་མཐའ་མེེད་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། གསེར་ཕྲེང་ལས། དེས་ན་མཚན་མ་མེད་པའི་དབྱིངས་དེ་ཉིད་མངོན་དུ་བྱེད་པའི་དུས་ཀྱིས་མི་གནས་པ་དང་ཆད་པའི་མྱང་འདས་གཉིས་སུ་འགྱུར་བའི་ཚུལ་འདི་ནི་ཁོ་བོས་ལེགས་པར་བརྟགས་པའོ། །ཞེས་གསུངས་པའི་ཕྱིར།

(166) པར་ཐེངས་གཉིས་པ། ནུས་མི་བྱེད།

    བྱས་པ་ལ་ཁོ་ན་རེ། ཆད་པའི་དེ་འདིར་བསྟན་ཡང་དག་མཐའ་མ་ཡིན་པར་ཐལ། རྣམ་བཤད་ལས། ཆད་པའི་མྱང་འདས་ལ་བྱེད་པ་ཡང༌། ནས། འགལ་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། གསུམ་ལྡན་གྱི་དེ་བྱས་ན་འགལ་བའི་དོན་ཡིན་པའི་ཕྱིར།

དྲུག་པ་མངོན་དུ་བྱས་པའི་ཚད་ལ། ཁ་ཅིག་ན་རེ། ཞི་བའི་དབྱིངས་དེ་མངོན་སུམ་དུ་རྟོགས་པ་དེ། དེ་མངོན་དུ་བྱས་པའི་ཚད་ཟེར་ན། མི་འཐད་པར་ཐལ། དེ་ཞི་བདེས་ཐུགས་འཕྲོག་ནས་ཆེས་ཆེར་མཉམ་པར་བཞག་པ་དགོས་པའི་ཕྱིར་ཏེ། གསེར་ཕྲེང་ལས། ཞི་བ་ཕྱོགས་གཅིག་པ་དེ་ཉིད་ལ་ཆེས་ཆེར་བྱས་ནས་དེ་ལ་རྟག་ཏུ་མཉམ་པར་བཞག་ནས་གནས་པ་ཡིན་གྱི། དེ་མངོན་སུམ་དུ་རྟོགས་པ་ཙམ་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།

གཉིས་པ་རང་ལུགས་ལ། ཤེས་བྱ་ལམ་གསུམ་དང༌། ཉན་རང་གི་སྤངས་རྟོགས་རྫོགས་མ་རྫོགས་ཀྱི་དོན་དང༌། རྫོགས་སྨིན་སྦྱངས་གསུམ་གྱི་ཚད་དང༌། འདིར་བསྟན་ཡང་དག་མཐའ་ངོས་བཟུང་བ་དང༌། དེ་མངོན་དུ་167བྱེད་ནུས་ཚུལ་བཤད་པ་དང་ལྔ། དང་པོ་ནི། གང་ཟག་གི་བདག་མེད་རྟོགས་པའི་གཞི་ཤེས་དེ། མདོ་ལས། ཉན་ཐོས་ཀྱི་ལམ་གང་ཡིན་པ་དང་ཞེས་པའི་དངོས་བསྟན་གྱི་ཤེས་བྱ་ཉན་ཐོས་ཀྱི་ལམ་དང༌། རྟོགས་རིགས་ཀྱི་སྒོ་ནས་ཉན་ཐོས་ལ་རྣམ་པར་བཞག་པའི་རྣམ་བཞག་གི་རྟེན་ཉན་ཐོས་ཀྱི་ལམ་ཡིན་ཀྱང་ཉན་ཐོས་ཀྱི་ལམ་མ་ཡིན་ཏེ། ཐེག་པ་གསུམ་ཀའི་གང་ཟག་གི་རྒྱུད་ལ་ཡོད་པའི་ཕྱིར། གཟུང་འཛིན་རྫས་གཞན་གྱིས་སྟོང་པར་རྟོགས་པའི་གཞི་ཤེས་དེ། མདོ་ལས། རང་སངས་རྒྱས་ཀྱི་ལམ་གང་ཡིན་པ་དང༌། ཞེས་པའི་དངོས་བསྟན་གྱི་ཤེས་བྱ་རང་རྒྱལ་གྱི་ལམ་དང་རྣམ་བཞག་གི་རྟེན་རང་རྒྱལ་གྱི་ལམ་གཉིས་ཀ་ཡིན་ཀྱང་རང་རྒྱལ་གྱི་ལམ་མ་ཡིན་ཏེ། དེ་རྒྱུད་ལྡན་གྱི་རང་རྒྱལ་མ་ཡིན་པ་དུ་མ་ཡོད་པའི་ཕྱིར། ཆོས་ཐམས་ཅད་བདེན་མེད་དུ་མངོན་སུམ་དུ་རྟོགས་པའི་མཐར་ཕྱིན་པའི་ཡེ་ཤེས་དེ། མདོ་ལས། སངས་རྒྱས་ཀྱི་ལམ་གང་ཡིན་པ་དང༌། ཞེས་པའི་དངོས་བསྟན་གྱི་ཤེས་བྱ་སངས་རྒྱས་ཀྱི་ལམ་དང་རྣམ་བཞག་གི་རྟེན་སངས་རྒྱས་ཀྱི་ལམ་དང༌། སངས་རྒྱས་ཀྱི་ལམ་གསུམ་ཀ་ཡིན་ཏེ། ཐེག་ཆེན་གྱི་རྟོགས་རིགས་སུ་གནས་པའི་རྣམ་མཁྱེན་ཡིན་པའི་ཕྱིར།

(167) པར་ཐེངས་གཉིས་པ། བྱེད་ཚུལ།

    གཉིས་པ་ནི། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཀྱི་བྱེད་པར་རྒྱུན་ཞུགས་ནས་རང་རྒྱལ་དགྲ་བཅོམ་གྱི་བར་གྱི་སྤངས་རྟོགས་གཉིས་འདུ་བ་ཡིན་ཏེ། དེས་འབད་ན་དེ་དག་གི་སྤངས་རྟོགས་ཇི་ལྟར་མངའ་བ་རྣམས་མཐོང་ལམ་དེས་ཀྱང་སྒྲུབ་པར་བྱེད་ཐུབ་པའི་ཕྱིར། རྣམ་བཤད་ལས། མངོན་དུ་བྱེད་པར་འདོད་ན་ཐེག་པ་ཆེན་པོའི་མཐོང་ལམ་ཐོབ་མ་ཐག་པའི་རྗེས་ནས་བྱེད་ནུས་ན། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེས་ཐེག་དམན་ལས་དབང་པོ་དང་ཚོགས་དང་རིགས་དང་ལམ་ཁྱད་པར་འཕགས་པ་ཐོབ་པའི་ཕྱིར། ཉི་སྣང་ལས། འདི་ག་ལས་ཤེས་ཞེ་ན། ལམ་གཞན་ཁྱད་པར་ཡོད་པ་ཡིན་ན། རིགས་དང་དབང་པོ་དང་ཚོགས་ཁྱད་པར་ཞུགས་པར་གྱུར་པའི་ཕྱིར་རོ། །ཞེས་སོ། །གཞན་ཡང༌། ཐེག་ཆེན་མཐོང་ལམ་དུ་ཉན་རང་དགྲ་བཅོམ་གྱི་སྤངས་རྟོགས་ཀྱི་རིགས་མ་རྫོགས་ཏེ། མཐོང་ལམ་ལ་དེ་སྒྲུབ་པའི་ནུས་པ་ཡོད་ཀྱང་དགྲ་བཅོམ་གཉིས་ལྟར་སྤངས་པ་མ་རྫོགས་དེ་གཉིས་ལྟར་སྒྲིབ་པའི་གཉེན་པོའི་རྟོགས་པ་རྫོགས་པར་མི་སྐྱེད་པའི་ཕྱིར། རྣམ་བཤད་ཀྱི་དགོངས་པ་བླ་མེད་ཡིན་ཏེ། ཉི་སྣང་ལས། དེ་དག་གི་ཤེས་པ་དང་སྤངས་པ་གང་ཡིན་པ་དེ་དེའི་བཟོད་པ་ཡིན་གྱི། རྟོགས་པའི་ཆ་འདི་ཙམ་མིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཡིན་གྱི་ཡན་ཆད་ཀྱིས་བྱེད་པར་བསྟན། ལྷག་མས་སྤངས་རྟོགས་རྫོགས་ཚད་དགྲ་བཅོམ་གཉིས་ལྟར་མིན་ནོ། །ཞེས་བཤད་པའི་ཕྱིར། དེས་ན། སློབ་ལམ་ན་ཉན་རང་གི་སྤངས་རྟོགས་ཀྱི་རིགས་རྫོགས་པའི་དགྲ་བཅོམ་གཉིས་ཡོད་ཀྱང༌། གང་ཟག་གི་བདག་མེད་དང་གཟུང་འཛིན་རྫས་གཞན་གྱིས་སྟོང་པར་རྟོགས་པའི་རྟོགས་རིགས་གཉིས་རྫོགས་པ་མེད་དེ། རྟོགས་རིགས་དེ་གཉིས་རྫོགས་པ་དང༌། རྟོགས་རིགས་དེ་གཉིས་མཐར་ཕྱིན་པ་གཉིས་དོན་གཅིག་པའི་ཕྱིར་ཏེ། ཉན་རང་དགྲ་བཅོམ་གཉིས་ཀྱིས་ཀྱང་རྟོགས་པ་དེ་གཉིས་ཀྱི་རིགས་རྫོགས་པར་སངས་རྒྱས་ཀྱི་སར་བསྐྱེད་དགོས་པའི་ཕྱིར། དེ་ནི་དཔལ་ཕྲེང་སེང་གེའི་མདོ་ལས། སངས་རྒྱས་རྣམས་ནི་འཕགས་པའི་བདེན་པའི་དོན་བསྟན་པ། བགྱི་བ་མ་མཆིས་པ་བཞི་པོ་དག་ལ་རྫོགས་པར་མཛད་པ་ལགས། ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་རྫོགས་པར་བགྱི་བ་མ་ལགས་སོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་བཞིའི་མི་རྟག་སོགས་རྫོགས་པར་མི་རྟོགས་པའི་ཕྱིར།

    གསུམ་པ་ནི། རང་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་ཁྱད་པར་ཅན་གྱི་གདུལ་བྱའི་དོན་དུ་དམ་བཅས་པའི་དམ་བཅའི་རྒྱུའི་དགེ་བའི་རྩ་བའི་ནུས་པ་ཡོངས་སུ་རྫོགས་པ་དེ་སྨོན་ལམ་ཡོངས་སུ་རྫོགས་པའི་ཚད་ཡིན་ཏེ། རང་སངས་རྒྱས་པའི་ལོངས་སྤྲུལ་གྱི་གདུལ་བྱའི་དོན་དུ་སྨོན་ལམ་ཡོངས་སུ་རྫོགས་པའི་ཕྱིར། དེ་ལ་ལོངས་སྐུ་དང་སྤྲུལ་སྐུའི་དབང་དུ་བྱས་པའི་སྨོན་ལམ་རྫོགས་ཚད་གཉིས་ཡོད་དེ། རང་སངས་རྒྱས་པའི་འཁོར་དུ་ཐེག་ཆེན་འཕགས་པ་ཤ་སྟག་འབྱུང་བར་དམ་བཅས་པའི་དམ་བཅའི་རྒྱུའི་དགེ་བའི་རྩ་བའི་ནུས་པ་ཡོངས་སུ་རྫོགས་པ་དེ་ལོངས་སྐུའི་དབང་དུ་བྱས་པའི་སྨོན་ལམ་ཡོངས་སུ་རྫོགས་པའི་ཚད་ཡིན། སྤྲུལ་སྐུའི་ཞིང་ཁྱད་པར་ཅན་གྱི་གདུལ་བྱའི་དོན་དུ་དམ་བཅས་པའི་དམ་བཅའི་རྒྱུའི་དགེ་བའི་རྩ་བའི་ནུས་པ་ཡོངས་སུ་རྫོགས་པ་དེ། སྤྲུལ་སྐུའི་དབང་དུ་བྱས་པའིི་སྨོན་ལམ་ཡོངས་སུ་རྫོགས་པའི་ཚད་ཡིན་ཏེ། དཔེར་ན་སྤྲུལ་སྐུ་འོད་དཔག་མེད་ཀྱིས་སློབ་ལམ་གྱི་གནས་སྐབས་སུ་གང་དུ་སངས་རྒྱས་པའི་ཚུལ་བསྟན་པའི་ཞིང་དེར་སྐུ་དངོས་ཀྱི་གདུལ་བྱའི་གཙོ་བོ་རྣམས་མངོན་ཤེས་དང་མི་ལྡན་པ་མེད་པར་མ་གྱུར་པ་དེ་སྲིད་དུ་བདག་སངས་མི་རྒྱའོ་ཞེས་དམ་བཅས་པའི་དམ་བཅའི་རྒྱུའི་དགེ་བའི་རྩ་བའི་ནུས་པ་ཡོངས་སུ་རྫོགས་པ་དེ་སྤྲུལ་སྐུ་འོད་དཔག་མེད་ཀྱི་དབང་དུ་བྱས་པའི་སྨོན་ལམ་ཡོངས་སུ་རྫོགས་པའི་ཚད་ཡིན། དུས་གཅིག་ཆར་དུ་ཞིང་བྱེ་བ་ཕྲག་བརྒྱར་སྐུའི་བཀོད་པ་བྱེ་བ་ཕྲག་བརྒྱ་དང་དེ་རེ་རེའི་འཁོར་དུ་སེམས་ཅན་གྲངས་ལས་འདས་པ་ལ་ཆོས་ཚིགས་བཅད་རེ་བསྟན་ནས་སྨིན་ལམ་ལ་འགོད་ནུས་པ་དེ་སེམས་ཅན་སྨིན་པའི་ཚད་ཡིིན་ཏེ། བདག་ཅག་གི་སྟོན་པས་བདེན་བཞིའི་ཆོས་འཁོར་གྱི་བཟླས་པ་དང་པོ་ལ་ཀཽ་དི་ནྱ་ལ་མཐོང་ལམ་སྐྱེས་ཚེ་གདུལ་བྱའི་རྒྱུད་ལ་ཆོས་འཁོར་བསྐོར་བར་ལྷས་བསྒྲགས་ཏེ་མེ་ཏོག་གཏོར་བས། ལྔ་སྡེ་དང་ལྷ་བརྒྱད་ཁྲི་དེའི་སྔོན་ལ་སྨིན་ལམ་དང་སྦྱོར་ལམ་པར་གསལ་བའི་ཕྱིར། སེམས་ཅན་སྨིན་ཚུལ་ཡོད་དེ། སྐྱོན་སྤངས་རུང་དང་གཉེན་པོ་སྐྱེ་རུང་ཡིན་པའི་ཕྱིར་ཏེ། དཔེར་ན་རྨ་སྨིན་པའི་རྣག་168གཟག་རུང་དང་ཤིང་ཐོག་སྨིན་པ་ལོངས་སྤྱད་རུང་ལྟ་བུ་ཡིན་པའི་ཕྱིར། མདོ་སྡེ་རྒྱན་ལས། ཇི་ལྟར་རྨ་དང་ཟས་ལ་དེ་དག་གིས། །གཟག་དང་སྤྱད་དུ་རུང་བ་སྨིན་འདོད་ལྟར། །དེ་བཞིན་རྟེན་འདིར་ཕྱོགས་གཉིས་ཞི་བ་དང༌། །དེ་བཞིན་སྤྱད་པ་ཉིད་དུ་སྨིན་པར་བསྟན། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་འགྲེལ་པ་ལས། གཟག་པ་ལྟ་བུའི་མི་མཐུན་ཕྱོགས་ཞི་བ་དང༌། སྤྱད་པ་ལྟ་བུ་གཉེན་པོའི་ཕྱོགས་དེ་དག་སྤྱད་དུ་རུང་བ་ནི། རྟེན་ཡོངས་སུ་སྨིན་པ་སྟེ། ཞེས་གསུངས་པའི་ཕྱིར། དབྱེ་ན་སྨིན་པ་བརྒྱད་ཡོད་དེ། ཉོན་མོངས་པ་དང་བྲལ་བར་སྨིན་པ་དང༌། ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་པ་དང༌། ཕྱི་རོལ་པའི་སྨིན་པ་ལས་རབ་ཏུ་སྨིན་པ་དང༌། རང་རང་གི་སྐལ་བ་དང་འཚམས་པའི་མཐུན་པར་སྨིན་པ་དང༌། གུས་པར་བྱེད་པའི་ལེགས་སྨིན་དང༌། རྟོགས་པར་སྨིན་པར་བྱེད་པ་དང༌། ཕྱིན་ཅི་མ་ལོག་པས་རྟག་ཏུ་སྨིན་པར་བྱེད་པ་དང༌། གོང་ནས་གོང་དུ་སྨིན་པར་བྱེད་པ་དང་བརྒྱད་ཡོད་པའི་ཕྱིར། རྒྱན་ལས། ལུས་ཅན་བྲལ་བར་སྨིན་བྱེད་དེ་བཞིན་དུ ཡོངས་སྨིན་རབ་སྨིན་མཐུན་པར་སྨིན་བྱེད་གཞན། །ལེགས་པར་སྨིན་བྱེད་རྟོགས་པར་སྨིན་བྱེད་དང༌། །རྟག་སྨིན་གོང་དུ་སྨིན་བྱེད་བཤད་པར་འདོད། །ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་འགྲེལ་བ་ལས། དེ་ལྟར་ན་རྣམ་པ་བརྒྱད་པོ་འདི་ནི་གཞན་ཡོངས་སུ་སྨིན་པའི་རབ་ཏུ་ཕྱེ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རང་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་ཁྱད་པར་ཅན་འགྲུབ་པའི་རྒྱུའི་དགེ་བའི་རྩ་བའི་ནུས་པ་རྫོགས་པ་དེ། སངས་རྒྱས་ཀྱི་ཞིང་སྦྱངས་པ་ཡོངས་སུ་རྫོགས་པའི་ཚད་169ཡིན་ཏེ། དེ་ལ་ལོངས་སྤྲུལ་གྱི་ཞིང་གཉིས་170ཡོད། ལོངས་སྐུའི་ཞིང་ཁྱད་པར་ཅན་འགྲུབ་པའི་རྒྱུའི་དགེ་བའི་རྩ་བའི་ནུས་པ་ཡོངས་སུ་རྫོགས་པ་དེ་ལོངས་སྐུའི་ཞིང་སྦྱངས་པའི་ཚད་དང༌། དེ་བཞིན་དུ་སྤྲུལ་བའི་སྐུའི་ཞིང་ལའང་171སྦྱར། ཞིང་ཇི་ལྟར་སྦྱོང་བ་ནི་སེམས་ཀྱི་སྦྱོང་ཚུལ་ཡིན་ཏེ། མ་དག་པའི་ཞིང་གི་ཁྱད་པར་དེ་དང་དེ་མེད་པའི་ཞིང་ཁྱད་པར་ཅན་འགྲུབ་པའི་ཚོགས་དང་སྨོན་པ་བྱེད་པ་གཙོ་བོ་ཡིན་པའི་ཕྱིར། གསེར་ཕྲེང་ལས། ཞིང་སྦྱོང་བ་ནི་རང་གི་སེམས་སྦྱོང་བ་ཡིན་ཏེ། དེ་ཡང་ཞིང་གི་རྒྱུར་ཚོགས་བསགས་ནས་སྨོན་ལམ་འདེབས་པའོ། །ཞེས་གསུངས་པའི་ཕྱིར་དང༌། ཉི་སྣང་ལས། སྣོད་ཀྱི་འཇིག་རྟེན་གྱི་མ་དག་པ་སྡོང་དུམ་དང་ཚེར་མ་ལ་སོགས་པ་གང་ཡིན་པ་དེའི་གཉེན་པོར་ལག་མཐིལ་ལྟར་མཉམ་པ་ལ་སོགས་པ་སྒྲུབ་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར།

(168) པར་ཐེངས་གཉིས་པ། ཟག་

(169) པར་ཐེངས་གཉིས་པ། ཡིན།

(170) པར་ཐེངས་གཉིས་པ། ཡོད་དེ།

(171) པར་ཐེངས་གཉིས་པ། སྦྱར་ཏེ།

    བཞི་པ་ནི། ཤེས་སྒྲིབ་སྤངས་པའི་སྤངས་པ་དང༌། ཐེག་ཆེན་གྱི་མྱང་འདས་གདམས་དོན་གཙོ་བོར་གྱུར་པའི་ཡང་དག་མཐའ་དང༌། རགས་པའི་སྡུག་བསྔལ་ཉེ་བར་ཞི་བའི་ཉེར་ཞི་དང༌། གང་ཟག་གི་བདག་འཛིན་སྤངས་པའི་སྤངས་པ་ལྟ་བུ་སོགས་འདིར་བསྟན་གསུམ་ལྡན་ཡང་དག་མཐའ་ཡིན། ལྔ་པ་མངོན་དུ་བྱས་ཚུལ་ཡོད་དེ། ཞི་བདེས་ཐུགས་འཕྲོག་ནས་རང་གི་བསམ་ངོ་ལ་ལྟོས་ཏེ་འདིར་བསྟན་ཡང་དག་མཐའ་ལ་སླར་མི་ལྡང་བའི་ཚུལ་གྱིས་སྙོམས་པར་འཇུག་པ་དེ། སེམས་ཅན་གྱི་དབང་དུ་བྱས་པའི་འདིར་བསྟན་ཡང་དག་མཐའ་མངོན་དུ་བྱས་ཚད་ཡིན། འདིར་བསྟན་ཡང་དག་མཐའ་ལ་སླར་མི་ལྡང་བའི་ཚུལ་གྱིས་སྙོམས་པར་འཇུག་པ་དེ། ཐེག་ཆེན་གྱི་དབང་དུ་བྱས་པའི་འདིར་བསྟན་ཡང་དག་མཐའ་མངོན་དུ་བྱས་པའི་ཚད་ཡིན། དེ་བཞིན་ཉིད་ལ་མཉམ་པར་བཞག་བཞིན་དུ་གཞན་དོན་འབད་མེད་ལྷུན་གྲུབ་ཏུ་བྱེད་པ་དེ། དེ་བཞིན་ཉིད་མངོན་དུ་བྱས་པའི་ཚད་ཡིན། ཐལ་འགྱུར་བའི་ལུགས་ལ་རགས་པའི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཉེ་བར་ཞི་བའི་དེ་བཞིན་ཉིད་གསུམ་ལྡན་གྱི་ཡང་དག་མཐའ་དང༌། ཆོས་ཉིད་སྒྲིབ་པ་ཐམས་ཅད་ཀྱི་དྲི་བྲལ་གྱི་འགོག་པ་གདམས་དོན་གཙོ་བོའི་འདིར་བསྟན་ཡང་དག་མཐའ་ཡིན། སྙོམས་པར་འཇུག་པའི་སྔོན་དུ་ཞི་བདེས་ཐུགས་འཕྲོག་ནས་རང་གི་བསམ་ངོ་ལ་ལྟོས་ཏེ་འདིར་བསྟན་172ཉེ་ཞིའི་དབྱིངས་ལས་སླར་མི་ལྡང་བའི་ཚུལ་གྱིས་སྙོམས་པར་འཇུག་པ་དེ། ཐེག་དམན་དང་སེམས་ཅན་གྱི་དབང་དུ་བྱས་པའི་འདིར་བསྟན་ཡང་དག་མཐའ་མངོན་དུ་བྱས་པའི་ཚད་ཡིན་པས་གདམས་ཚུལ་ཡང་འཐད་པར་རྟོགས་སླ། ཆོས་ཉིད་དྲི་བྲལ་ལ་སླར་མི་ལྡང་བའི་ཚུལ་གྱིས་སྙོམས་པར་འཇུག་པ་དེ། ཐེག་ཆེན་གྱི་འདིར་བསྟན་ཡང་དག་མཐའ་མངོན་དུ་བྱས་པའི་ཚད་ཡིན་ནོ། །གདམས་ཚུལ་ཕལ་པ་ཡོད་དེ། གདམས་ཡུལ་དགྲ་བཅོམ་གྱི་རྟོགས་པ་སྔོན་སོང་གི་བྱང་སེམས་ལ་དེང་ཕྱིན་ཆད་སེམས་བསྐྱེད་པ་ནས་བཟུང་སྟེ། དམིགས་བསལ་གྱི་ཆོས་གསུམ་མ་རྫོགས་བར་དུ་ཡང་དག་པའི་མཐའ་མངོན་དུ་མི་བྱའོ། །ཞེས་གདམས་པ་དེ་ཡིན་པའི་ཕྱིར། གཙོ་བོའི་གདུལ་བྱ་ལ་གདམས་ཚུལ་ཡོད་དེ། ཡུལ་ཐེག་ཆེན་རིགས་ངེས་ཀྱི་བྱང་སེམས་ལ་ཁྱེད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་བཟུང་སྟེ་དམིགས་བསལ་གྱི་ཆོས་གསུམ་མ་རྫོགས་ཀྱི་བར་ཡང་དག་པའི་མཐའ་མངོན་དུ་མི་བྱའོ། །ཞེས་གསུངས་པ་དེ་ཡིན་པའི་ཕྱིར།

(172) པར་ཐེངས་གཉིས་པ། ཉེ་བར་ཞི་བའི།

    གསུམ་པ་རྩོད་པ་སྤོང་བ་ལ་ཁོ་ན་རེ། ས་དང་པོར་གང་ཟག་གི་བདག་མེད་རྟོགས་པའི་ངོ་བོ་མ་རྫོགས་པར་ཐལ། ས་དང་པོར་གང་ཟག་གི་བདག་མེད་རྟོགས་པ་མི་རྫོགས་པའི་ཕྱིར་ན་མ་ཁྱབ་སྟེ། དེར་གང་ཟག་གི་བདག་མེད་རྟོགས་པ་རྫོགས་པར་མི་173སྐྱེད་པའི་ཕྱིར། དེར་ཐལ། དེ་ལྟར་ཐལ་རང་ཀུན་ཁས་ལེན་པའི་ཕྱིར། འཇུག་པར། བདག་མེད་འདི་ནི་འགྲོ་བ་རྣམ་གྲོལ་ཕྱིར། །ཞེས་དང༌། རང་འགྲེལ་ལས། དེ་དག་ལ་ཆོས་ཀྱི་བདག་མེད་པ་ཡོངས་སུ་རྫོགས་པར་སྒོམ་པ་མེད་དེ། ནས། དེ་དག་ལ་གང་ཟག་གི་བདག་མེད་མ་ལུས་པར་བསྒོམ་པ་ནི་ཡོད་དེ། ཞེས་གསུངས་པའི་ཕྱིར། དེ་ལ་ཤེས་རློམས་པ་ཁ་ཅིག་ན་རེ།.....རོང། ས་དང་པོ་བ་སོགས་མ་དག་ས་བདུན་གྱི་བྱང་སེམས་འཁོར་བར་སྐྱེ་བ་མི་ལེན་པར་ཐལ། དེ་དག་མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ལས་ལ་བརྟེན་པ་ཡང་མིན། ལས་དབང་གིས་ཀྱང་མ་ཡིན་པའི་ཕྱིར་ན་མ་ཁྱབ། དང་པོ་གྲུབ་སྟེ། དེ་དག་གི་རྒྱུད་ལ་ཉོན་མོངས་པའི་ཟག་པ་ཡོད་པའི་ཕྱིར་ཏེ། འདིའི་ཟག་པ་ཞེས་པ་ཉོན་མོངས་ཀྱི་མིང་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། རྒྱུད་བླ་མ་ལས། འཕགས་པས་ན་དང༌རྒ་བ་དང། །འཆི་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་ལ་འཁོར་བར་སྐྱེ་ཚུལ་བཞི་ཡོད་པའི་ཕྱིར། དེར་ཐལ། དེ་ལ་སོ་སྐྱེ་ལས་དང༌། ས་ཐོབ་དུད་འགྲོ་སོགས་སུ་སྨོན་ལམ་དང༌། བསམ་གཏན་ཐོབ་ཀྱང་འདོད་པར་ཏིང་ངེ་འཛིན་དང༌། དགའ་ལྡན་ལ་སོགས་པར་དབང་འབྱོར་བའི་དབང་གིས་སྐྱེ་བ་བཞི་ཡོད་པའི་ཕྱིར་ཏེ། རྒྱན་ལས། བློ་ལྡན་རྣམས་ཀྱི་ལས་དང་ནི། །གཞན་ཡང་སྨོན་ལམ་དག་དང་ནི། །ཏིང་ངེ་འཛིན་དང་དབང་འབྱོར་བའི། །དབང་གིས་སྐྱེ་བར་འདོད་པ་ཡིན། །ཞེས་གསུངས་པའི་ཕྱིར། འདིར་རང་གཞན་དུ་མས་རྟགས་བསྟན་སྣང༌།

(173) པར་ཐེངས་གཉིས་པ། སྐྱེ་བའི་ཕྱིར།

    ཡང་ཁ་ཅིག་ན་རེ། བྱང་སེམས་ས་བརྒྱད་པ་བ་ཆོས་ཅན། སེམས་ཅན་སྨིན་པའི་ཚད་མངོན་དུ་བྱས་པའི་གང་ཟག་ཡིན་པར་ཐལ། སེམས་ཅན་སྨིན་པར་བྱས་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། རང་གི་གདུལ་བྱ་སྨིན་པར་བྱས་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། རང་གི་གདུལ་བྱ་སྨིན་པར་བྱེད་པའི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། སྐད་ཅིག་རེ་རེ་ལ་སྟོང་གསུམ་གྱི་འཇིག་རྟེན་174ཁམས་འབུམ་གྱི་རྡུལ་ཕྲ་རབ་ཀྱི་གྲངས་སྙེད་སྨིན་པར་བྱེད་པའི་དེ་ཡིན་པའི་ཕྱིར། དེར་ཐལ། ཡོན་ཏན་དེ་སྙེད་བརྒྱ་ཕྲག་བཅུ་གཉིས་ཐོབ་པའི་ཕྱིར། དེ་ལ་ཁོ་ན་རེ། དེ་ཆོས་ཅན། གདུལ་བྱ་སྨིན་པར་བྱས་པར་ཐལ། རང་གི་གདུལ་བྱ་སྨིན་ལམ་ལ་བཀོད་ཟིན་པའི་ཕྱིར། དེར་ཐལ། ས་དང་པོའི་གནས་སྐབས་སུ་གདུལ་བྱ་བརྒྱ་སྨིན་པར་བྱེད་པ་དེ་དག་རང་ལོངས་སྐུར་སངས་རྒྱས་པའི་འཁོར་ས་བཅུ་བ་བར་འགྱུར་རྒྱུ་ཡིན་པའི་ཕྱིར་ན་རྣམ་པ་175གཅིག་ཏུ་མ་ཁྱབ་བོ། །རྟགས་གྲུབ་སྟེ། དེས་དེ་དུས་སྦྱོར་ལམ་ཐོབ་དགོས་པའི་ཕྱིར་རོ། །ཡང་ཁོ་ན་རེ། བདེ་བ་ཅན་གྱི་སོ་སྐྱེ་ཆོས་ཅན། ལས་ཉོན་གྱི་དབང་གིས་སྐྱེ་བ་དེ་བླངས་པར་ཐལ། སོ་སྐྱེ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་མི་རིགས་ཏེ། དེ་སངས་རྒྱས་ཀྱི་སྨོན་ལམ་གྱི་དབང་གིས་དེར་སྐྱེས་ཀྱི་དེར་ལས་ཉོན་གྱི་དབང་གིས་སྐྱེ་བ་མི་སྲིད་པའི་ཕྱིར། མ་གྲུབ་ན། བདེ་བ་ཅན་ཆོས་ཅན། ཁྱོད་ལ་དེ་མི་སྲིད་པར་ཐལ། ཁྱོད་དག་པའི་ཞིང་ཁམས་ཡིན་པའི་ཕྱིར། ཁྱབ་སྟེ། སྤྱིར་བཏང་ལ་རྒྱུན་ཞུགས་དང་སོ་སྐྱེ་ལ་ལས་ཉོན་དབང་གིས་སྐྱེས་པར་བཤད་ཀྱང་དག་ཞིང་ལ་སྨོན་ལམ་ཁོ་ནས་སྐྱེ་དགོས་པའི་དམིགས་བསལ་བྱེད་དགོས་པར་ཤིང་རྟ་ཆེན་པོ་ཀུན་མཐུན་པའི་ཕྱིར། རིན་ཆེན་ཕྲེང་བ་ལས། སྤྱིར་བཏང་དམིགས་ཀྱིས་བསལ་བ་དག །བསྟན་བཅོས་ཀུན་ལ་རབ་ཏུ་གཅེས། །ཞེས་གསུངས་པའི་ཕྱིར། ཇི་སྐད་དུ་ཀུན་བཏུས་ལས་ཀྱང༌། ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་དེ་176དག་ནི་ལས་དང་ཉོན་མོངས་པའི་དབང་གིས་བྱུང་བ་མིན། ལས་དང་ཉོན་མོངས་པའི་དབང་གིས་བསྐྱེད་པ་མ་ཡིན་གྱི། ཟག་པ་མེད་པའི་དགེ་བའི་རྩ་བ་དང༌། ཡོངས་སུ་དག་པའི་སྨོན་ལམ་གྱི་དབང་གིས་གྲུབ་པ་འབའ་ཞིག་གོ །ཞེས་གསུངས་པའི་ཕྱིར།

(174) པར་ཐེངས་གཉིས་པ། ཁམས་གསུམ།

(175) པར་ཐེངས་གཉིས་པ། གཅིག་ཏུ་འདིར་མ།

(176) པར་ཐེངས་གཉིས་པ། དག་ནི་སྡུག་བསྔལ་གྱི་བདེན་པ་མ་ཡིན་པར་བལྟ་སྟེ། དེ་དག་ལས་དང།

    དེ་ལ་ཁོ་ན་རེ། བྱང་སེམས་རྒྱུན་མཐའ་བ་ཆོས་ཅན། སེམས་ཅན་སྨིན་པར་བྱས་པའི་གང་ཟག་ཡིན་པར་ཐལ། སེམས་ཅན་སྨིན་པའི་ཚད་མངོན་དུ་བྱས་པའི་གང་ཟག་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། སེམས་ཅན་སྨིན་པའི་ཚད་མངོན་དུ་བྱས་པའི་ས་བཅུ་པ་བ་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། སེམས་ཅན་གྱིས་སྨིན་ལམ་ཐོབ་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། སེམས་ཅན་གྱིས་སྦྱོར་ལམ་ཐོབ་པར་ཐལ། འདོད་པའི་ཕྱིར་ཟེར་ན། འོ་ན་ཁྱོད་རང་ལ་རྒྱུན་མཐའི་བར་ཆད་མེད་ལམ་ཆོས་ཅན། ཤེས་སྒྲིབ་སྐྱེ་མི་རུང་གི་ཆོས་ཅན་ཡིན་པར་ཐལ། ཤེས་སྒྲིབ་སྐྱེ་མི་རུང་གི་ཆོས་ཅན་དུ་བྱས་པའི་ལམ་ཡིན་པའི་ཕྱིར། ཁྱབ་པ་ཁས། དེར་ཐལ། དེའི་དངོས་གཉེན་བར་ཆད་མེད་ལམ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཤེས་སྒྲིབ་སྐྱེ་རུང་ཡིན་པའི་ཕྱིར། དེར་ཐལ། དེ་རང་རྒྱུ་ལས་སྐྱེ་རུང་ཡིན་པའི་ཕྱིར། གཞན་ཡང༌། མདོ་ལས། དེ་དག་གི་ལམ་གྱི་བྱ་བ་ཡང་བྱ་ལ། ཞེས་པའི་དོན་འགྲེལ་བ་ལས། འབྲས་བུ་སེམས་ཅན་མ་བསྡུས་པ་སྡུད་པ་ལ་177སོགས་པ་ཅན། ཞེས་གསུངས་པ་ལྟར་བྱེད་པའི་ས་བཅུ་པའི་བྱང་སེམས་མེད་པར་ཐལ། ས་བཅུ་པའི་བྱང་སེམས་ཀྱིས་ལུང་དེ་གཉིས་ལྟར་སེམས་ཅན་འཁོར་དུ་མ་བསྡུས་པ་སྡུད་པར་བྱེད་པ་དང་བསྡུས་པ་སྨིན་པར་བྱེད་པ་དང་སྨིན་པ་གྲོལ་བར་བྱེད་པ་དང༌། གྲོལ་བ་ལམ་མཐར་ཕྱིན་པར་བྱེད་པ་མ་ཡིན་པའི་ཕྱིར། དེར་ཐལ། ས་བཅུ་བའི་བྱང་འཕགས་རྣམས་ཀྱིས་སེམས་ཅན་འཁོར་དུ་མ་བསྡུས་པ་སྡུད་པ་དང༌། བསྡུས་པ་སྨིན་པ་དང༌། སྨིན་པ་གྲོལ་བ་དང༌། གྲོལ་བ་ལམ་མཐར་ཕྱིན་པར་མ་བྱས་པའི་ཕྱིར། དེར་ཐལ། དེ་དག་གི་གདུལ་བྱ་བསྡུས་པ་སྨིན་པ་ནས་སྨིན་པ་གྲོལ་བའི་བར་མ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། བྱང་འཕགས་དེ་དག་གིས་ས་178བཅུ་པའི་སྐད་ཅིག་རེ་རེ་ལ་སེམས་ཅན་མ་བསྡུས་པ་སྡུད་པ་ནས། མ་གྲོལ་བ་གྲོལ་བར་དང། གྲོལ་བ་མཐར་ཕྱིན་པར་བྱེད་ཀྱང་གདུལ་བྱའི་གཙོ་བོ་མང་བོ་བྱང་འཕགས་ཐོབ་ཀྱང་སེམས་ཅན་སྨིན་པར་མཛད་ཟིན་པས་མ་ཁྱབ་པའི་ཕྱིར་ཏེ། གསེར་ཕྲེང་ལས། མ་བསྡུས་པ་སྡུད་པ་དང་སོགས་པས་བསྡུས་པ་སྨིན་པ་དང་སྨིན་པ་གྲོལ་བ་དང་གྲོལ་བ་མཐར་ཕྱིན་པར་བྱེད་པ་ཅན་ནོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། བྱང་སེམས་རྒྱུན་མཐའ་བ་ཆོས་ཅན། རང་ཉིད་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་ཡོད་པར་ཐལ། རང་ཉིད་སངས་རྒྱས་ཀྱི་ཞིང་སྦྱངས་པའི་ཚད་མངོན་དུ་བྱས་པའི་དེ་ཡིན་པའི་ཕྱིར། འདོད་ན། རང་ཉིད་སངས་རྒྱས་པར་ཐལ། རང་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། སེམས་ཅན་ཡིན་ན་རང་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་ཡོད་པས་ཁྱབ་པའི་ཕྱིར་ཏེ། སེམས་ཅན་ཡིན་ན། 179རང་སངས་རྒྱས་པ་ཡོད་པས་ཁྱབ་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཞིང་སྦྱོང་བའི་ལམ་དང་སྨོན་ལམ་དང་སེམས་ཅན་སྨིན་པར་བྱེད་པའི་ལམ་གསུམ་འགལ་བར་ཐལ། དེ་གསུམ་གྱི་ཚད་སོ་སོར་བཤད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། སེམས་བསྐྱེད་མ་ཐག་ནས་སེམས་བསྐྱེད་དང་དེས་ཟིན་པའི་ལམ་རྣམས་ལ་དེ་གསུམ་ཡིན་པས་ཁྱབ་པའི་ཕྱིར། ཡང་ཁོ་ན་རེ། ཤེས་སྒྲིབ་སྤངས་པའི་སྤངས་པ་ཆོས་ཅན། སྟོན་པ་མཆོག་གིས་བྱང་སེམས་ལ་ཆོས་གསུམ་མ་རྫོགས་བར་དུ་མངོན་དུ་མ་བྱེད་ཅིག་ཅེས་གདམས་པར་ཐལ། འདིར་བསྟན་ཡང་དག་མཐའ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དེ་གསུམ་ལྡན་གྱི་དེ་མིན་ཀྱང་ཆོས་གསུམ་རྫོགས་རྗེས་སུ་མངོན་དུ་བྱེད་པར་རྣམ་མཁྱེན་ངོས་འཛིན་སྐབས་སུ་བཤད་པའི་ཕྱིར་ཏེ། འགྲེལ་པ་ལས། ཡང་དག་པ་ཉིིད་ཀྱི་མཐའ་རྟོགས་པ་དང༌། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གསེར་ཕྲེང་ལས། རྣམ་མཁྱེན་ངོས་བཟུང་བར་ཡང་དག་མཐའ་མངོན་དུ་བྱས་པར་འཆད་པའི་ཕྱིར་རོ། །ཞེས་དང༌། རྣམ་བཤད་ལས། རང་དོན་ཡང་དག་པ་ཉིད་ཀྱི་མཐར་སླར་མི་ལྡང་བའི་ཚུལ་གྱིས། ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། རྒྱུན་མཐའ་བ་ཆོས་ཅན། དེ་བཞིན་ཉིད་ལ་སླར་མི་ལྡང་བའི་ཚུལ་གྱིས་མཉམ་པར་བཞག་པར་ཐལ། དེ་བཞིན་ཉིད་ལ་མཉམ་པར་བཞག་པ་གང་ཞིག །སླར་མི་ལྡང་བའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། རྟོག་པ་གནས་འགྱུར་མ་ཐོབ་པའི་ཕྱིར། ཡང་ཁོ་ན་རེ། སངས་འཕགས་ཆོས་ཅན། ཐེག་དམན་གྱི་འདིར་བསྟན་ཡང་དག་མཐའ་མངོན་དུ་བྱས་པར་ཐལ། རང་གི་བསམ་ངོ་ལ་ལྟོས་ཏེ་ཡང་དག་མཐའ་ལ་སླར་མི་ལྡང་བའི་ཚུལ་གྱིས་སྙོམས་པར་ཞུགས་པའི་ཕྱིར། དེར་ཐལ། རང་གི་བསམ་ངོར་དེ་ལྟར་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། འདིར་བསྟན་ཡང་དག་མཐའ་མངོན་དུ་བྱས་པའི་དེ་ཡིན་པའི་ཕྱིར། ཁྱབ་སྟེ། ལམ་གྱི་བགྲོད་པ་མཐར་ཕྱིན་ཡིན་ན། རང་གི་བསམ་ངོར་ལམ་གྱི་བགྲོད་པ་མཐར་ཕྱིན་ཡིན་དགོས་180པའི་ཕྱིར་ཏེ། རྣམ་བཤད་ལས་སྐྱབས་ཀྱི་སྐབས་སུ་བཤད་པའི་ཕྱིར། ཡང་ཁ་ཅིག་ན་རེ། དགྲ་བཅོམ་རྟོགས་པ་སྔོན་སོང་གི་བྱང་སེམས་ལ་བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་བྱུང་བར་ཐལ། སྟོན་པ་མཆོག་གིས་དེ་ལ་དེང་ཕྱིན་ཆད་སོགས་གདམས་པ་གང་ཞིག །དེས་ཐེག་ཆེན་ལམ་དུ་ཡང་བར་བར་དུ་ཡང་དག་མཐའ་མངོན་དུ་བྱེད་པའི་ཕྱིར། གཉིས་པ་གྲུབ་སྟེ། རྣམ་བཤད་ལས། ཉན་རང་ཞི་བའི། ནས། ཐེག་པ་ཆེན་པོར་ཞུགས་པ་རྣམས་བར་བར་དུ་ཡང་དག་མཐའ་མངོན་དུ་བྱེད་ཀྱང༌། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། སྔོན་གོམས་པའི་དབང་གིས་ཡང་དང་ཡང་དུ་སྙོམས་པར་འཇུག་པས་ལམ་ཐེག་ཆེན་རིགས་ངེས་ལས་བསྐལ་ཆེན་སུམ་ཅུ་སོགས་ཀྱིས་རིང་ཞེས་པའི་དོན་ཡིན་པའི་ཕྱིར། དེར་ཐལ། དེ་ལྟར་ཞུགས་ཀྱང་ཡུན་རིང་དུ་སྙོམས་པར་འཇུག་འདོད་མེད་པས་ཡང་དག་མཐའ་མངོན་དུ་མ་བྱས་པའི་ཕྱིར། མདོ་སྡེ་རྒྱན་ལས། མྱ་ངན་འདས་ལ་མངོན་དགའི་ཕྱིར། །རྟོགས་པ་བུལ་བ་ཡིན་པར་འདོད། །ཅེས་དང༌། རྣམ་བཤད་ལས། གོམས་པའི་དབང་ཙམ་དུ་ཟད་ཀྱི། འདི་ལ་དུས་ཡུན་རིང་དུ་མཉམ་པར་བཞག་པའི་འཕེན་པ་ནི་ཅུང་ཟད་ཀྱང་མེད་དོ། །ཞེས་གསུངས་པའི་ཕྱིར།

(177) པར་ཐེངས་གཉིས་པ། སོགས་པར་བྱེད་པ་ཅན།

(178) པར་ཐེངས་གཉིས་པ། བཅུའི་སྐད།

(179) པར་ཐེངས་གཉིསཔ། རང་ཉིད།

(180) པར་ཐེངས་གཉིས་པ། པར་རྣམ་བཤད།

    ཡང་ཁ་ཅིག་ན་རེ། སངས་རྒྱས་ཀྱི་སར་ཉན་རང་གི་སྤངས་རྟོགས་ཀྱི་རིགས་མ་རྫོགས་པར་ཐལ། སངས་རྒྱས་ཀྱི་སར་ཉན་རང་གི་སྤངས་རྟོགས་མེད་པའི་ཕྱིར་ན་མ་ཁྱབ་སྟེ། ཉན་ཐོས་ཀྱི་རྟོགས་རིགས་ལ་དེའི་རྟོགས་པའི་ཡོན་ཏན་གྱིས་མ་ཁྱབ་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ས་དེར་རྟོགས་རིགས་གསུམ་ཀ་མཐར་ཕྱིན་པའི་ལམ་ཡོད་པའི་ཕྱིར་ཏེ། ཉན་རང་གི་རྟོགས་རིགས་མཐར་ཐུག་གི་ལམ་ཡོད་པའི་ཕྱིར། ཡང་ཁ་ཅིག་ན་རེ།.....རོང། ས་བརྒྱད་པ་བ་ལ་སངས་རྒྱས་ཀྱིས་མ་བསྐུལ་ན་ཐེག་དམན་ལམ་དུ་ལྟུང་ཟེར་བ་དང༌། ལ་ལས་བར་མ་དོར་མྱ་ངན་ལས་འདའ་ཟེར་ན། འོ་ན། ས་བརྒྱད་པར་མྱ་ངན་ལས་འདའ་བར་བཤད་པ་དེ་དགོངས་པ་ཅན་གྱི་མྱང་འདས་མ་ཡིན་པར་ཐལ། དེ་མྱང་འདས་མཚན་ཉིད་པ་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། བརྟག་པ་མཐའ་བཟུང་གིས་མ་བསྐུལ་ན་བསྐལ་པ་ལ་སོགས་པའི་བར་དུ་གཞན་དོན་གྱི་རྒྱུན་རེ་ཞིག་ཆད་པ་ལ་འདིར་བར་མ་དོར་མྱ་ངན་ལས་འདའ། ཞེས་གསུངས་པའི་ཕྱིར། དེར་ཐལ། རྩེ་མོ་ནས་དགེ་རྩ་ཆད་པའི་མྱང་འདས། བཟོད་པ་ནས་ངན་འགྲོའི་མྱང་འདས། ལྷག་བཅས་ལྷག་མེད་ཀྱི་དང༌། དགོངས་པ་ཅན་གྱི་མྱང་འདས་དང་བརྒྱད་བཤད་པའི་ཕྱིར། ཉི་སྣང་ལས། བསྟན་པ་181འདི་ལ་མྱ་ངན་ལས་འདས་པ་རྣམ་པ་མང་བོར་རྣམ་པར་བཞག་སྟེ། འདི་ལྟར་རྩེ་མོ། ཞེས་པ་ནས། དེ་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་བྱ་བ་རྒྱུན་བཅད་པའི་དེ་ཉིད་འདིའི་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། །ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གསེར་ཕྲེང་ལས་ཀྱང༌། དེའི་ཕྱིར་ས་བརྒྱད་པ་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་མ་བསྐུལ་ན་མྱ་ངན་ལས་འདའ་བར་གསུངས་པ་ཡང་དེ་ལ་དགོངས་སོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཆོས་གསུམ་མ་རྫོགས་པར་དེ་མངོན་དུ་མི་བྱེད་པའི་ལམ་ཤེས་དང་ཐབས་མཁས་བཅུའི་སྦྱོར་བ་ཡོད་པའི་ཕྱིར། འགྲེལ་པ་ལས། དེ་ཁོ་ན་ཉིད་མངོན་དུ་མི་བྱེད་པའི་རྟེན་ཅན་འབྲས་བུ་སེམས་ཅན་མ་བསྡུས་པ་སྡུད་པ་སོགས། ཞེས་དང༌། རྩ་བར། དེ་ཡི་རྟགས་དང་ཚད་མེད་པ། །ཐབས་ལ་མཁས་པ་རྣམ་པ་བཅུ། །ཞེས་སོ། །འདི་དག་རྗེ་ཡབ་སྲས་དང༌། གདོང་ལྔའི་སྒྲ་དབྱངས་སུ་ཡང་རྟོགས་དཀའ་གསུངས་ཡང་བླུན་པོ་ཕལ་ཆེར་གྱིས་ཤོག་བུ་གཅིག་གཉིས་ཀྱིས་ཚར་ཁུལ་རང་གཞན་དུ་མ་སྣང་ཡང་དཀའ་བའི་གནད་ཕྲ་མོ་མ་ལུས་པར་ཚིག་ཉུང་ངུས་བཤད་ཡོད་པས། སངས་རྒྱས་བྱང་སེམས་ཀྱི་མཛད་པ་བརྒྱའི་ཞལ་ལྷག་གེར་གསལ་ཞིང་མདོ་དང་འཕགས་སེང་གི་ལེགས་བཤད་ཀྱི་འདབ་མ་རྒྱས་པས་བློ་ལྡན་ཡོངས་ཀྱི་ཐུགས་ཀྱི་ལྕགས་ཀྱུ་ཁོ་ནར་182གྱུར་ཏོ། །

(181) པར་ཐེངས་གཉིས་པ། འདི་ལ་ཡོངས་སུ།

(182) པར་ཐེངས་གཉིས་པ། འགྱུར་རོ། །

སྨྲས་པ།

ཤེས་བྱ་ཕ་མཐའ་མེད་པའི་ཁེངས་ལྡན་ལྷའི་མཆོད་ཡོན། །

མ་ཕམ་སྐུ་བཞིའི་ཞལ་ནས་འདྲེན་མཁས་ཐོགས་མེད་ཞབས། །

འཕགས་སེང་ལྷ་ཆེན་བློ་གྲོས་རལ་ཀླུང་གངྒཱའི་ཆུས། །

དེང་དུས་སེམས་ཀྱི་བསྐལ་མང་དྲི་ཀུན་བཀྲུས་པས་ཚིམ 

    རྒྱ་མཚོའི་གླིང་གི་རིན་ཆེན་མཆོག་འདྲའི་ཆོས། །དཀའ་གནད་དྲི་མས་མ་ཕིགས་རང་རང་གི །བློས་བྱས་ཉེས་བཤད་འཆིང་བུ་བཀྲ་བ་དེར། །འབད་འཚལ་བསྒྲིམས་ཀྱང་རེ་བ་ཇི་ལྟར་སྐོངས། །ཚུལ་དེ་མ་བཟོད་ལྷག་བསམ་དར་ཆེན་བཙུགས། །ཐོས་བསམ་གྲུར་ཞུགས་གཞུང་མང་རྒྱ་མཚོ་བརྒལ། །མཚུངས་བྲལ་འཇིག་རྟེན་རིན་ཆེན་ཀུན་རྙེད་དེས། །ལེགས་བཤད་ནོར་བུས་གྲགས་པ་རཱ་ཛ་བཞིན། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། 

                                                                                                                           རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།