ཀུན་མཁྱེན་ཕར་ཕྱིན་ལས་ཆོས་འཁོར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-12-06 21:19:04     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

236388974482820697.jpg

    རྐང་པ་གསུམ་པའི་དོན་འཆད་པར། འགྲེལ་བ་ལས། རྣམ་པ་ཐམས་ཅད་སྐྱེ་བ་མེད་པར་ཐུགས་སུ་ཆུད་པ། ནས། ཆོས་ཀྱི་འཁོར་ལོ་མ་ལུས་པ་རྣམ་པ་ཐམས་ཅད་བསྐོར་བར་མཛད་པ། ཞེས་བྱུང༌། སྦྱོར་བ་དང་མཐའ་དཔྱད་པ་གཉིས། དང་པོ་ནི། རྣམ་མཁྱེན་ཆོས་ཅན། ཚིག་རྐང་འདིས་རྟེན་ཐབས་དགོས་པ་འབྲས་བུ་བཞིས་བསྟོད་པ་ཡིན་ཏེ། རྟེན་སྒོ་གསུམ་མི་མཐུན་ཕྱོགས་ལས་བསྡམས་ཤིང༌། རྣལ་འབྱོར་ཅན་རྣམས་བཀས་མངའ་བསྒྱུར་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐབས་རྣམ་པ་ཐམས་ཅད་བདེན་གྲུབ་ཀྱི་སྐྱེ་བ་མེད་པར་མངོན་དུ་བྱས་པའི་རྣམ་མཁྱེན་གྱི་སྒོ་ནས། དགོས་པ་གདུལ་བྱ་ཉོན་མོངས་ལ་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་འདུལ་བའི་ཆེད་དུ། འབྲས་བུ་གཉེན་པོ་རང་རང་གི་བློ་དང་འཚམས་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་འཁོར་ལོ་བརྗོད་བྱ་མ་ལུས་པ་རྣམ་པ་ཐམས་ཅད་པ་འདི་བསྐོར་བའི་ཕྱིར།

    གཉིས་པ་མཐའ་དཔྱད་པ་ལ། དགག་བཞག་སྤང་གསུམ་ལས། དང་པོ་ལ་ཆོས་འཁོར་གྱི་ངོ་བོ་དང༌། དབྱེ་བ། སོ་སོའི་དོན་དང༌། ལུང་གི་ཆོས་འཁོར་བྱེ་བྲག་ཏུ་བཤད་པ་བཞི་ལས། དང་པོ་ལ་ཁ་ཅིག་ན་རེ། རང་གི་མི་མཐུན་ཕྱོགས་འཇོམས་ནུས་ཀྱི་ཡོན་ཏན་དེ་ཆོས་འཁོར་གྱི་མཚན་ཉིད་ཟེར་ན། རྣམ་མཁྱེན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། རྟོགས་པའི་ཆོས་འཁོར་ཡིན་པའི་ཕྱིར་ཏེ། མངོན་རྟོགས་ཡིན་པའི་ཕྱིར། རྩ་བར་འདོད་ན། རང་གི་མི་མཐུན་ཕྱོགས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རང་གི་མི་མཐུན་ཕྱོགས་མ་ལུས་པ་བཅོམ་ཟིན་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱི་ཡུམ་དེ་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། འཁོར་ལོས་བསྒྱུར་རྒྱལ་གྱི་འཁོར་ལོ་དང་བྱེད་ལས་ཆོས་མཚུངས་པའི་རྣམ་དཀར་གྱི་ཡོན་ཏན་དེ་ཆོས་འཁོར་གྱི་མཚན་ཉིད་ཟེར་ན། དེ་ཆོས་ཅན། ཆོས་འཁོར་ཡོད་ན་ཁྱོད་ཡོད་པས་ཁྱབ་པར་ཐལ། ཁྱོད་དེའི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། འཁོར་བསྒྱུར་མེད་པའི་ས་ཕྱོགས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། འཁོར་བསྒྱུར་གྱི་འཁོར་ལོ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེའི་ཕྱིར། གཞན་ཡང་རྣམ་མཁྱེན་ཆོས་ཅན། རང་གི་མི་མཐུན་ཕྱོགས་ལས་རྒྱལ་བྱེད་ཡིན་པར་ཐལ། ཆོས་འཁོར་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། རང་གི་མི་མཐུན་ཕྱོགས་མེད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མཚན་ཉིད་དེ་རུང་བར་ཐལ། །རྣམ་བཤད་ལས། འཁོར་ལོ་དང་ཆོས་མཐུན་པའི་ཕྱིར་འཁོར་ལོ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་དེ་དང་མཚུངས་ཚུལ་ཙམ་བསྟན་པའི་ཕྱིར། ཡང་ཁ་ཅིག །སངས་རྒྱས་ཀྱི་བཀའ་དང་ལམ་ཞུགས་ཀྱི་མངོན་རྟོགས་གང་རུང་གིས་བསྡུས་པའི་དམ་ཆོས་དེ་ཆོས་འཁོར་གྱི་མཚན་ཉིད། སངས་རྒྱས་ཀྱི་བཀས་བསྡུས་པའི་དམ་ཆོས་དེ་ལུང་གི་ཆོས་འཁོར་གྱི་མཚན་ཉིད། ལམ་ཞུགས་ཀྱི་མངོན་རྟོགས་ཀྱིས་བསྡུས་པའི་དམ་ཆོས་དེ་རྟོགས་པའི་ཆོས་འཁོར་གྱི་མཚན་ཉིད་ཟེར་ན། འགྲེལ་བ་དོན་གསལ་ཆོས་ཅན། བཀའ་ཡིན་པར་ཐལ། ལུང་གི་ཆོས་འཁོར་ཡིན་པའི་ཕྱིར། དེར་ཐལ། བཀའ་དང་བསྟན་བཅོས་གང་རུང་ཡིན་པའི་ཕྱིར། ཁྱབ་སྟེ། ལྷའི་བུ་བློ་གྲོས་རབ་གནོན་གྱིས་ཞུས་པའི་མདོ་ལས། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས་སུ་འདུ། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་བ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་ཡང༌། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཆོས་རྣམས་ཐམས་ཅད་ཅེས་པས་བསྐོར་བྱའི་ལུང་གི་ཆོས་འཁོར་ཐམས་ཅད་ཅེས་བཤད་པའི་ཕྱིར། རྩ་བར་འདོད་ན། སློབ་དཔོན་སེང་གེ་བཟང་པོ་སངས་འཕགས་ཡིན་པར་ཐལ། འགྲེལ་བ་དོན་གསལ་བཀའ་ཡིན་པའི་ཕྱིར། གཞན་ཡང༌། ལམ་མ་ཞུགས་གང་ཟག་གི་རྒྱུད་ཀྱི་བདག་མེད་རྟོགས་པའི་ཚད་མ་དང༌། ལྷག་པའི་བསླབ་པ་གསུམ་རེ་རེ་ནས་ཆོས་ཅན། ལམ་ཞུགས་ཀྱི་མངོན་རྟོགས་ཡིན་པར་ཐལ། རྟོགས་པའི་ཆོས་འཁོར་ཡིན་པའི་ཕྱིར། དེར་ཐལ། རྟོགས་པའི་བསྟན་པ་ཡིན་པའི་ཕྱིར། རྟགས་ཆོས་ཅན་གྱིས་གྲུབ་ཅིང༌། ཁྱབ་སྟེ། དེ་དག་གདུལ་བྱ་དེའི་རྒྱུད་ལ་སྐྱེས་པ་ནི་རྟོགས་པའི་ཆོས་འཁོར་གདུལ་བྱའི་རྒྱུད་ལ་འཕོས་ཚད་ཡིན་པའི་ཕྱིར། དེར་གདུལ་བྱ་ཞུགས་པ་དེ་རྟོགས་པའི་བསྟན་པ་115དང་རྟོགས་པའི་ཆོས་འཁོར་ལ་ཞུགས་པའི་ཚད་ཡིན་པའི་ཕྱིར། དེར་ཐལ། ལུང་ལ་དད་པས་ཐོས་སོགས་ཀྱིས་ཞུགས་ནས་སྨྲ་བ་དེ་འཛིན་པའི་ཚད་དང༌། ལུང་དོན་སངས་རྒྱས་ཀྱི་བསྟན་པ་རྒྱུད་ལ་སྐྱེས་ནས་ལག་ལེན་བྱེད་པ་རྟོགས་པའི་བསྟན་པར་ཞུགས་ཤིང་འཛིན་པའི་ཚད་ཡིན་པའི་ཕྱིར་ཏེ། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང༌། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སྟོན་པའི་དམ་ཆོས་ཞེས་པའི་དམ་ཆོས་དེ་བསྐོར་བྱའི་ཆོས་འཁོར་ཡིན་པའི་ཕྱིར་ཏེ། སངས་རྒྱས་འདས་རྗེས་སུ་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་ཡོད་པའི་ཕྱིར། གཞི་བསྡུ་བ་ལས། བཅོམ་ལྡན་འདས་ཀྱིས་ཀྱང་ཀུན་ཤེས་ཀོའུ་དཱི་ནྱའི་རྒྱུད་ལ་ཀུན་ཤེས་པའི་ཆོས་ཉིད་དང་མཐུན་པར་བསྐོར་ལ་དེ་ཡང་གཞན་དག་ལ་མཐུན་པར་བསྐོར་བར་འགྱུར་བ་དང༌། དེ་དག་ཀྱང་གཞན་དག་ལ་མཐུན་པར་བསྐོར་བར་འགྱུར་ཏེ། དེ་བས་ན་གཅིག་ནས་གཅིག་ཏུ་བརྒྱུད་དེ་མཐུན་པར་བསྐོར་བའི་དོན་གྱིས་འཁོར་ལོ་ཞེས་བྱའོ ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཀུན་ཤེས་པའི་ཆོས་ཉིད་དང་མཐུན་པར་བསྐོར་ཞེས་པས་ཀོའུ་དཱི་ནྱ་ལ་མཐོང་ལམ་སྐྱེ་བར་བསྐོར་བ་དང༌། དེ་ཡང་སོགས་ཀྱིས་ལྷ་བརྒྱད་ཁྲི་དང་ལྔ་སྡེ་གཞན་ལ་བསྐོར་ཚུལ་དང༌། དེ་དག་ཀྱང་སོགས་ཀྱིས་གདུལ་བྱ་གཞན་དང་གཞན་ལ་རིམ་གྱིས་བསྐོར་ཚུལ་བཤད་པའི་ཕྱིར་རོ། །དེ་སྐད་དུ་གསེར་ཕྲེང་ལས། ལུང་རྟོགས་ཀྱི་ཆོས་བཤད་པས་གཅིག་ནས་གཅིག་ཏུ་རྒྱུད་གཞན་ལ་འཕོ་བར་སྣང་བས་འཁོར་ལོ་ཞེས་དང༌། རྣམ་བཤད་ལས། དེ་ཡང་གདུལ་བྱའི་རྒྱུད་ལ་རིམ་གྱིས་འཕོ་བ་དང༌། ཞེས་གསུངས་པའི་ཕྱིར། གཞན་ཡང༌། དེ་གཉིས་ལ་བཀའ་དང་ལམ་གང་རུང་གིས་མ་ཁྱབ་པར་ཐལ། བཅོམ་ལྡན་འདས་ཀྱི་ལུང་རྟོགས་ཀྱི་དམ་ཆོས་གཉིས་ལ་ཆོས་འཁོར་གྱིས་ཁྱབ་པའི་ཕྱིར་ཏེ། རྣམ་བཤད་ལས། གདུལ་བྱའི་རྒྱུད་ཀྱི་མི་མཐུན་ཕྱོགས་བཅད་པའི་ཆེད་དུ་གསུངས་པའི་ལུང་དང་མངོན་པར་རྟོགས་པའི་ཆོས་ཇི་སྙེད་པ་དེ་ཐམས་ཅད་ཆོས་ཀྱི་འཁོར་ལོ་ཡིན། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ལྟར་བཤད་པ་རྗེ་ཡབ་སྲས་ཀུན་གྱི་དགོངས་པ་ཡིན་པའི་ཕྱིར། གསེར་ཕྲེང་ལས། ལུགས་དེ་དག་དོར་ལ། འདིར་ནི་ལུང་དང་རྟོགས་པའི་ཆོས་ཐམས་ཅད་ཆོས་འཁོར་དུ་འདོད་པར་བྱའོ། །ཞེས་གསུངས་པའི་ཕྱིར། རོང་ཊཱིཀ་པ་ན་རེ། སྟོན་པའི་གསུངས་པའི་དམ་ཆོས་གང་ཞིག་རང་གི་མི་མཐུན་ཕྱོགས་གཅོད་པར་བྱེད་པ་དེ་ཆོས་འཁོར་གྱི་མཚན་ཉིད་ཟེར་ན། རྣམ་མཁྱེན་ཆོས་ཅན། མཚན་ཉིད་དེར་ཐལ། ཆོས་འཁོར་ཡིན་པའི་ཕྱིར། དེར་ཐལ། དེ་ཆོས་འཁོར་ཡིན་པར་ཐོགས་མེད་སྐུ་མཆེད་ཀྱི་དགོངས་པ་ཡིན་པའི་ཕྱིར། མཛོད་རང་འགྲེལ་ལས། ཡང་ན་འཕགས་པའི་ལམ་ཐམས་ཅད་ཀྱང་གདུལ་བྱའི་རྒྱུད་ལ་འཇུག་པའི་ཕྱིར་ཆོས་ཀྱི་འཁོར་ལོ་ཡིན་ཏེ། ཞེས་དང༌། གཞི་བསྡུ་བར་ཡང་མི་སློབ་ལམ་ཆོས་འཁོར་དུ་བཤད་པའི་ཕྱིར། འདོད་མི་ནུས་ཏེ། རང་གི་མི་མཐུན་ཕྱོགས་མེད་ངེས་ཡིན་པའི་ཕྱིར།

(115) པར་ཐེངས་གཉིས་པ། དང་ཆོས་འཁོར།

    ཡང་ཁ་ཅིག་ན་རེ། ཆོས་འཁོར་བསྐོར་བ་པོའི་སེམས་ཅན་ཡོད་པར་ཐལ། ཀོའུ་དཱི་ནྱ་སོགས་ཆོས་འཁོར་བསྐོར་བ་པོ་ཡིན་པའི་ཕྱིར། གཞི་བསྡུ་བ་ལས། དེ་དག་ཀྱང་གཞན་དག་ལ་མཐུན་པར་བསྐོར་བར་འགྱུར་ཏེ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་ཆོས་འཁོར་གདུལ་བྱ་ལ་སངས་རྒྱས་ཀྱིས་བསྐོར་བའི་འཁོར་ཚུལ་དང་འཕོ་ཚུལ་ཙམ་ཡིན་པའི་ཕྱིར། གསེར་ཕྲེང་བཞིན་ནོ། །འདོད་མི་ནུས་ཏེ། འཁོར་ལོས་སྒྱུར་བ་པོ་གླིང་དེའི་དགྲ་ཐམས་ཅད་ལས་རྒྱལ་བ་ལྟར་ཆོས་འཁོར་བསྐོར་བ་པོ་116ཡང་རང་གི་མི་མཐུན་ཕྱོགས་ཐམས་ཅད་ལས་རྒྱལ་བའི་རྣམ་མཁྱེན་མ་ཐོབ་པར་ཆོས་ཀྱི་འཁོར་ལོ་བསྐོར་མི་ནུས། རྣམ་མཁྱེན་ཐོབ་ནས་ཆོས་འཁོར་བསྐོར་བའི་ཕྱིར། དང་པོ་གྲུབ་སྟེ། མདོ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མ་བགྱིས་པར་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྩ་བར། གང་དང་ཡང་དག་ལྡན་པས། ཞེས་དང༌། མདོ་ལས་ཀྱང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པས་ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཆོས་འཁོར་བསྐོར་བ་ལ་ལྷ་སོགས་འགྲོ་བ་གཞན་གྱིས་མི་ནུས་པ་ཚངས་པའི་འཁོར་ལོ་དང༌། འཇིག་རྟེན་ཐམས་ཅད་ཟིལ་གྱིས་མནན་པ་གཅིག་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། ཉི་ཁྲི་ལས། མི་འཇིགས་པ་ཐོབ་པའི་གནས་ཏེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོག་གོ །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པ་འམ། གཞན་སུས་ཀྱང་རུང་བས་ཆོས་དང་ལྡན་པར་འཇིག་རྟེན་དུ་བསྐོར་བར་མི་ནུས་པ། ཞེས་གསུངས་པའི་ཕྱིར་དང༌། དགོངས་འགྲེལ་ལས་ཀྱང༌། ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷར་གྱུར་བ། སོགས་གསུངས་པའི་ཕྱིར། གཞན་ཡང༌། འགོག་བདེན་ཆོས་ཅན། མངོན་རྟོགས་ཡིན་པར་ཐལ། རྟོགས་པའི་ཆོས་འཁོར་ཡིན་པའི་ཕྱིར། དེར་ཐལ། རྟོགས་པའི་བསྟན་པ་ལ་ཐོབ་བྱེད་ལམ་བདེན་དང་ཐོབ་བྱའི་འབྲས་བུ་འགོག་བདེན་གཉིས་ཡོད་པའི་ཕྱིར་ཏེ། ཀུན་བཏུས་ལས། རྟོགས་པའི་བསྟན་པ་ཡང་རྒྱུ་དང་འབྲས་བུའི་དབྱེ་བས་འགོག་པ་དང་ལམ་གྱི་བདེན་པ་དག་གོ །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། ལུང་གི་ཆོས་འཁོར་བསྐོར་བ་པོའི་སེམས་ཅན་ཡོད་པར་ཐལ། ལུང་གི་ཆོས་འཁོར་རྩོམ་པ་པོའི་སེམས་ཅན་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། དེས་ལུང་གི་ཚིག་བརྩམས་ཀྱང་བརྗོད་དོན་འཇིག་རྟེན་དུ་བསྐོར་བ་པོ་སངས་རྒྱས་ཁོ་ན་ཡིན་གྱི་འཁོར་ཉན་རང་བྱང་སེམས་གང་ཡང་དེ་མ་ཡིན་པའི་ཕྱིར་ཏེ། རྣམ་མཁྱེན་མ་ཐོབ་པའི་ཕྱིར་དང༌། འགྲན་ཟླ་བྲལ་བའི་སྒོ་ནས་མ་ཡིན་པའི་ཕྱིར་ཏེ། དེ་དག་དང་དོན་དངོས་གནས་ལ་འདྲ་བ་དུ་མ་མཐུན་སྣང་དུ་ཡོད་པའི་ཕྱིར། དེ་ལ་ཁོ་ན་རེ། ལུང་གི་ཆོས་འཁོར་བསྐོར་བའི་ས་བརྒྱད་པ་བ་ཡོད་པར་ཐལ། འགྲེལ་བ་ལས། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང༌། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། མ་འོངས་པ་ན་ཆོས་འཁོར་བསྐོར་བའི་སྦྱོར་བའི་ནུས་པ་འདི་ནས་ཐོབ་པར་བཤད་ཙམ་ཡིན་པའི་ཕྱིར། ཡང་ཁོ་ན་རེ། ལམ་མ་ཞུགས་ཀྱི་སྙིང་རྗེ་རྟོགས་པའི་བསྟན་པ་ཡིན་པར་ཐལ། ལམ་མ་ཞུགས་ཀྱི་སྙིང་རྗེ་ཆེན་པོ་རྟོགས་པའི་བསྟན་པ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། ལམ་མ་ཞུགས་ཀྱི་ལྷག་བསམ་དང་སྙིང་རྗེ་ཆེན་པོ་སངས་རྒྱས་ཀྱི་བསྟན་པ་ཡིན་ཀྱང༌། སྙིང་རྗེ་ཙམ་རྒྱུད་ལྡན་གྱི་ཕྱི་རོལ་པ་ཡང་ཡོད་པའི་ཕྱིར། ཀུན་བཏུས་ལས། ཕྱི་རོལ་པའམ་ཉན་ཐོས་སམ་བྱང་ཆུབ་སེམས་དཔའ་ཡང་117རུང། དག་པའི་བསམ་གཏན་བཞི་ལ་བརྟེན་ནས་ཚད་མེད་པ་རྣམས་མངོན་པར་སྒྲུབ་བོ། །ཞེས་གསུངས་པའི་ཕྱིར།

(116) པར་ཐེངས་གཉིས་པ། ཡང་མི་མཐུན།

(117) པར་ཐེངས་གཉིས་པ། རུང་སྟེ།

    ལུང་གི་ཆོས་འཁོར་ལ། སེམས་ཙམ་པའི་ལུགས། རང་རྒྱུད་པའི་ལུགས། ཐལ་འགྱུར་བའི་ལུགས་བཤད་པ་གསུམ། དང་པོ་ལ་ཁ་ཅིག་ན་རེ། སངས་རྒྱས་ཀྱི་བཀའ་ཐམས་ཅད་འཁོར་ལོ་རིམ་པ་གསུམ་དུ་མ་འདུས་ཟེར། ཁ་118ཅིག་འཁོར་ལོ་རིམ་པ་གསུམ་དུ་འདུས་ཀྱང་འཁོར་ལོ་གསུམ་དུ་གྲངས་མ་ངེས་119ཟེར། དེ་གཉིས་ཀ་མི་འཐད་པར་ཐལ། བཀའ་ཐམས་ཅད་འཁོར་ལོ་རིམ་པ་གསུམ་དུ་གྲངས་ངེས་པའི་ཕྱིར། དེར་ཐལ། བཀའ་ཐམས་ཅད་གསུངས་དུས་ཐོར་བུར་གསུངས་པ་བསྡུས་ན་འཁོར་ལོ་རིམ་པ་གསུམ་དུ་ངེས་པའི་ཕྱིར་ཏེ། དེ་ཐམས་ཅད་དུས་དང་པོ་བར་བ་ཐ་མ་གསུམ་དུ་གསུངས་པའི་འཁོར་ལོ་གསུམ་དུ་འགྱུར་བའི་ཕྱིར། དེར་ཐལ། དེ་རྗེ་ཡབ་སྲས་དང་སྟོན་པའི་དགོངས་པ་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། ཆོས་ཀྱི་འཁོར་ལོ་ཐོར་བུ་ཐོར་བུར་གསུངས་པ་རྣམས་ཀྱི་དོན་ཕྱོགས་གཅིག་ཏུ་གོ་སླ་བར་བསྡུས་ན། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་གྱི་མིང་གི་ཐ་སྙད་ཀྱིས་དངོས་སུ་གསུངས་སོ། །ཞེས་གསུངས་པའི་ཕྱིར་དང༌། རྒྱུད་སྡེ་སྤྱི་རྣམ་ལས། འཁོར་ལོ་གསུམ་ལས་དང་པོ་ནི་ཐེག་དམན་གྱི་སྡེ་སྣོད་དང་གཞན་གཉིས་ཐེག་ཆེན་གྱི་སྡེ་སྣོད་དོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་བཀའ་ཐམས་ཅད་འཁོར་ལོ་གསུམ་དུ་གྲངས་ངེས་པར་ཐལ། བཀའ་ཐམས་ཅད་བསྡུས་ན་དུས་དང་པོར་གསུངས་པའི་འཁོར་ལོ་དང་པོ་དང༌། དུས་བར་བར་གསུངས་པའི་འཁོར་ལོ་བར་བ་དང༌། དུས་ཐ་མར་གསུངས་པའི་འཁོར་ལོ་ཐ་མ་གསུམ་དུ་གྲངས་ངེས་པའི་ཕྱིར་ཏེ། དེ་ལྟར་གྲངས་ངེས་པར་དགོངས་འགྲེལ་དྲི་ཞུས་ཀྱིས་ཤུགས་ལ་བསྟན་པའི་ཕྱིར། དགོངས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་ཕུང་པོ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་བསྩལ། ནས། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་བདེན་པ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་བསྩལ། ནས། རྣམ་གྲངས་དུ་མར་ཁམས་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་བསྩལ། ནས། ཡང་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ། ནས། མྱ་ངན་ལས་འདས་པ་ཞེས་ཀྱང་བཀའ་བསྩལ་ལགས་ན། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྣམ་གྲངས་དུ་མར་བཀའ་བསྩལ་པས་ཐོར་བུར་གསུངས་ཚུལ་དང༌། དེས་འཁོར་ལོ་དང་པོ་བར་བ་གཉིས་ལ་དྲི་བ་དངོས་སུ་བསྟན་ནས་ཐ་མ་ཤུགས་ལ་བསྟན་པའི་ཕྱིར། ལེགས་བཤད་སྙིང་པོ་ལས། ཤུགས་ལ་གནས་པའི་དོན་དེ་ཉིད་དུས་ཀྱི་རིམ་པའི་སྒོ་ནས་འཁོར་ལོ་གསུམ་དང་སྦྱར་བའི། ཞེས་གསུངས་པའི་ཕྱིར།

(118) པར་ཐེངས་གཉིས་པ། ཅིག་གིས་འཁོར་ལོ་གསུམ།

(119) པར་ཐེངས་གཉིས་པ། ཟེར་ན།

    ཡང་ཁ་ཅིག་ན་རེ། འཁོར་ལོ་དང་པོ་ཡིན་ན་དགོངས་འགྲེལ་ལས་བཤད་པའི་འཁོར་ལོ་དང་པོ་ཡིན་པས་ཁྱབ། དེ་བཞིན་དུ་བར་བ་དང་ཐ་མ་ལའང་ཁྱབ་ཟེར་ན། སྟོན་པས་དུས་དང་པོར་ཝཱ་རཱ་ཎ་སཱིར་ལྔ་སྡེ་ལ་ཤམ་ཐབས་ཟླུམ་པོར་བགོ་བ་ལ་བསླབ་པར་བྱའོ། །ཞེས་པའི་མདོ་ཆོས་ཅན། དགོངས་འགྲེལ་ལས་བཤད་པའི་དངོས་བསྟན་གྱི་འཁོར་ལོ་དང་པོ་ཡིན་པར་ཐལ། འཁོར་ལོ་དང་པོ་ཡིན་པའི་ཕྱིར། དེར་ཐལ། དུས་དང་པོར་གསུངས་པའི་མདོ་ཡིན་པའི་ཕྱིར། ཁྱབ་སྟེ། དུས་དང་པོར་གསུངས་པའི་མདོ་དེ་འཁོར་ལོ་དང་པོའི་མཚན་ཉིད་ཡིན་པའི་ཕྱིར་ཏེ། ལེགས་བཤད་སྙིང་པོ་ལས། དུས་དང་པོར་གསུངས་ཚད་ཀྱི་གསུང་རབ་ཐམས་ཅད་ལ་མིན་ཏེ། ཞེས་གསུངས་པའི་ཕྱིར། འདོད་ན། དྲི་ཞུས་ཀྱི་འཁོར་ལོ་དང་པོ་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། དྲི་བ་ཞུས་པ་ལྟར་དོགས་པ་མེད་པའི་འཁོར་ལོ་དང་པོ་དེར་མི་འཇོག་པའི་ཕྱིར་ཏེ། ལེགས་བཤད་སྙིང་པོ་ལས། དེའི་ཕྱིར་དུས་དང་པོར་བདེན་པ་བཞི་ལ་བརྩམས་ནས་རང་གི་མཚན་ཉིད་ཡོད་པ་སོགས་སུ་གསུངས་པའི་འཁོར་ལོ་དང་པོ་དྲང་དོན་དུ་སྟོན་པ་ཡིན་གྱི། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་དྲང་དོན་དུ་འགྲེལ་བའི་དོགས་པ་མེད་པའི་ཕྱིར། ལེགས་བཤད་སྙིང་པོ་ལས། བསླབ་བྱ་གསུངས་པ་ལ་འདིར་དོགས་པ་གཅོད་མི་དགོས་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཞིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་ཀྱི་ཚལ་དུ་གནས་པར་བྱ། །ཞེས་པའི་མདོ་ཆོས་ཅན། དགོངས་འགྲེལ་ནས་བཤད་པའི་དངོས་བསྟན་གྱི་འཁོར་ལོ་དང་པོ་ཡིན་པར་ཐལ། འཁོར་ལོ་དང་པོ་ཡིན་པའི་ཕྱིར་ཏེ། སངས་རྒྱས་ཚུལ་བསྟན་མ་ཐག་གསུངས་པའི་མདོ་ཡིན་པའི་ཕྱིར། འདོད་ན། གྲུབ་དོན་གྱི་མདོ་ཚན་དང་པོའི་དངོས་བསྟན་གྱི་དེ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དྲང་དོན་གྱི་མདོར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། གྲུབ་དོན་གྱི་མདོ་ཚན་དང་པོ་ལས། ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ངེས་དོན་གྱི་མདོ་ཡིན་པའི་ཕྱིར་ཏེ། ཁྱད་ཆོས་ལྔ་ལྡན་གྱི་སྟོང་ཉིད་དངོས་སུ་སྟོན་པའི་མདོ་ཡིན་པའི་ཕྱིར། གཞན་ཡང༌། དུས་དང་པོར། ལུང་ལས། དགེ་སློང་དག་ཁུར་ཡོད་དོ། །ཁུར་ཁུར་བ་བོ་ཡོད་དོ། །ཕུང་པོ་ལྔ་ནི་ཁུར་རོ། །ཁུར་ཁུར་བ་བོ་ནི་གང་ཟག་གོ །ཞེས་པའི་མདོ་ཆོས་ཅན། དགོངས་འགྲེལ་ཚིག་ཟིན་གྱི་འཁོར་ལོ་དང་པོ་ཡིན་པར་ཐལ། འཁོར་ལོ་དང་པོ་ཡིན་པའི་ཕྱིར། དེར་ཐལ། རང་སྡེ་བསྟན་པར་ཞུགས་ཟིན་དང་གཞན་སྡེ་ཁ་ཅིག་བསྟན་པ་ལ་གཞུག་པའི་ཆེད་དུ་གསུངས་པའི་འཁོར་ལོ་དང་པོ་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། གཞུག་པ་ལ་ལྡེམ་པོར་དགོངས་པ་ནི། རང་སྡེ་དང་གཞན་སྡེ་ཁ་ཅིག་རྗེས་སུ་བཟུང་བའི་ཆེད་དུ་གང་ཟག་གི་བདག་ཡོད་པར་གསུངས་པ་ལྟ་བུའོ ཞེས་གསུངས་པའི་ཕྱིར། འདོད་ན། དྲི་ཞུས་ཀྱི་འཁོར་ལོ་དང་པོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དགག་བྱ་རང་འཛིན་རྟོགས་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་ལ་མ་བརྩམས་པའི་ཕྱིར། ཁྱབ་སྟེ། དེར་མ་བརྩམས་པ་ལ་དོགས་པ་མེད་པའི་ཕྱིར་ཏེ། ལེགས་བཤད་སྙིང་པོ་ལས། རང་གི་མཚན་ཉིད་ཡོད་པ་སོགས་སུ་གསུངས་པའི་འཁོར་ལོ་དང་པོ་དྲང་དོན་དུ་སྟོན་པ་ཡིན་གྱི། ཞེས་གསུངས་པའི་ཕྱིར།

    གཞན་ཡང༌། བདེན་བཞིའི་ཆོས་འཁོར་གྱི་མདོ་ལས། སྡུག་བསྔལ་ཤེས་པར་བྱ་སྟེ་ཤེས་པར་བྱར་མེད་ཅེས་པའི་མདོ་ཆོས་ཅན། དགོངས་འགྲེལ་ལས་བཤད་པའི་དེར་ཐལ། འཁོར་ལོ་དང་པོ་ཡིན་པའི་ཕྱིར། རྟགས་དུས་དང་པོས་གྲུབ། འདོད་ན། དྲང་དོན་གྱི་མདོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྒྲ་ཇི་བཞིན་པའི་མདོ་ཡིན་པའི་ཕྱིར། དེར་ཐལ། གང་ཟག་གི་བདག་མེད་དངོས་སུ་སྟོན་པའི་མདོ་ཡིན་པའི་ཕྱིར་ཏེ། ལེགས་བཤད་སྙིང་པོ་ལས། དང་པོར་ཝཱ་རཱ་ཎ་སཱིར་གང་ཟག་གི་བདག་མེད་གསུངས་ཤིང༌། ཞེས་གསུངས་པའི་ཕྱིར། གཞན་ཡང་མི་རྟག་སོགས་བཅུ་དྲུག་དངོས་སུ་སྟོན་པའི་འཁོར་ལོ་དང་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། ཐལ་འགྱུར་བའི་སྐབས་ཀྱི་རྣམ་བཤད་ལས། མི་རྟག་སོགས་སྟོན་པའི་འཁོར་ལོ་དང་པོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། ཕྱི་དོན་ཡོད་པར་སྟོན་པའི་འཁོར་ལོ་དང་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། རྣམ་འགྲེལ་ལས། དེས་དེ་ཉིད་དོན་བཏང་སྙོམས་ཅན། །གླང་ཆེན་གཟིགས་སྟངས་ཉིད་མཛད་ནས། །འཇིག་རྟེན་ཐུགས་ནི་འབའ་ཞིག་གིས། །ཕྱི་རོལ་སྤྱོད་ལ་འཇུག་པར་མཛད། །ཅེས་གསུངས་པའི་ཕྱིར། འདོད་ན། དྲི་ཞུས་ཀྱི་འཁོར་ལོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། གཟུགས་ནས་120བྱང་ཕྱོགས་བར་གང་རུང་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྟོན་པའི་མདོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཕྱི་དོན་ཡོད་པར་སྟོན་པའི་མདོ་ཡིན་པའི་ཕྱིར། ཁྱབ་སྟེ། དྲང་ངེས་ཇི་ལྟར་འབྱེད་ཀྱི་སྐབས་སུ་དང་པོར་ཕྱི་དོན་སྟོན་པའི་འཁོར་ལོ་དང་པོ་དྲང་དོན་དང༌། དེ་རྗེས་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་སྟོན་པའི་འཁོར་ལོ་དང་པོ་དྲང་དོན་དུ་བཤད་པའི་ཕྱིར། དང་པོ་གྲུབ་སྟེ། ལེགས་བཤད་སྙིང་པོ་ལས། འཁོར་ལོ་དང་པོ་ལས་ཕྱི་རོལ་གྱི་དབང་དུ་བྱས་པའི་གཟུང་འཛིན་གཉིས་གསུངས་པ་དྲང་དོན་དུ། ནས། ཕྱི་རོལ་འགོག་པའི་རིགས་པ་རྣམས་སོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ལེགས་བཤད་སྙིང་པོ་ལས། ཆོས་རྣམས་ལ་ངོ་བོ་དང༌། ནས། དེ་གཉིས་ལ་མ་ཕྱེ་བར་རང་གི་མཚན་ཉིད་ཀྱིས་གྲུབ་པར་གསུངས་པ་ཡང་དྲང་དོན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། ཡུམ་བར་བ་ལས། གང་ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་པ་དེ་དག་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཐུ་མེད་དོ། །ཞེས་པའི་མདོ་ཆོས་ཅན། དགོངས་འགྲེལ་ནས་བཤད་པའི་དངོས་བསྟན་གྱི་འཁོར་ལོ་བར་བ་ཡིན་པར་ཐལ། འཁོར་ལོ་བར་བ་ཡིན་པའི་ཕྱིར་ཏེ། ཡུམ་གྱི་མདོ་ཚིག་ཡིན་པའི་ཕྱིར། འདོད་ན། བརྗོད་བྱ་ངོ་བོ་ཉིད་མེད་པ་སོགས་ལྔ་པོ་གང་རུང་ལ་བརྩམས་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། གྲུབ་དོན་གྱི་མདོ་ཚན་བར་བ་ལས། ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ནས། སྐྱེ་བ་མ་མཆིས་པ་དང༌། འགག་པ་མ་མཆིས་པ་དང༌། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལ་བརྩམས་ནས། ཞེས་གསུངས་པའི་ཕྱིར། འདོད་ན། དྲང་དོན་གྱི་མདོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པར་སྟོན་པའི་མདོ་ཡིན་པའི་ཕྱིར། གཞན་ཡང༌། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །ཞེས་པས་བཤད་བྱའི་ཡུམ་བར་བ་ལས། གཟུགས་ནི་མི་རྟག་པ་ཉིད་དུ་ཡིད་ལ་བྱའོ། །སྡུག་བསྔལ་བ་ཉིད་དུ་ཡིད་ལ་བྱའོ། །ཞེས་པའི་མདོ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཤེར་མདོའི་གཞུང་ཡིན་པའི་ཕྱིར། འདོད་ན། དྲང་དོན་གྱི་མདོ་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། གྲུབ་དོན་གྱི་མདོ་ཚན་གཉིས་པ་ལས། ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། ནས། རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ངེས་དོན་སྒྲ་ཇི་བཞིན་པའི་མདོ་ཡིན་པའི་ཕྱིར་ཏེ། བདེན་བཞིའི་ཁྱད་ཆོས་མི་རྟག་སོགས་སྟོན་པའི་མདོ་ཡིན་པའི་ཕྱིར། རྟགས་སླ། ཁྱབ་སྟེ། དེ་འདྲ་ཞལ་མི་གསལ་བས་རྩོད་དོགས་ཀྱང་མེད་ལ། ངོ་བོ་ཉིད་མེད་པ་སོགས་ལ་མ་བརྩམས་པའི་ཕྱིར། ཁྱབ་སྟེ། དགོངས་འགྲེལ་གྱི་འཁོར་ལོ་བར་བ་ལ་དེ་འདྲ་དགོས་པའི་ཕྱིར། ལེགས་བཤད་སྙིང་པོ་ལས། དེ་བཞིན་དུ་གཉིས་པ་ཡང་ངོ་བོ་ཉིད་མེད་པ་སོགས་སུ་གསུངས་པ་ལ་བྱའི། ནས། དོགས་པ་མེད་པས་ཞེས་གསུངས་པའི་ཕྱིར། དེས་ཕྱིན་དྲུག་སྟོན་པའི་འཁོར་ལོ་བར་བ་དང༌། སེམས་བསྐྱེད་སྟོན་པའི་དེ་སོགས་འཕེན་སླ།

(120) པར་ཐེངས་གཉིས་པ། བྱང་ཕྱོགས་སོ་བདུན་བར།

    གཞན་ཡང༌། སྟོན་པ་འདའ་ཚུལ་སྟོན་ཁར་གསུངས་པའི་འདུལ་བ་མདོར་བསྡུས་རུང་མཐུན་དུ་གྲགས་པ་ཆོས་ཅན། དགོངས་འགྲེལ་ལས་བཤད་པའི་འཁོར་ལོ་ཐ་མ་ཡིན་པར་ཐལ། འཁོར་ལོ་ཐ་མ་ཡིན་པའི་ཕྱིར་ཏེ། དུས་ཐ་མར་གསུངས་པའི་དེ་ཡིན་པའི་ཕྱིར། འདོད་ན། ངོ་བོ་ཉིད་གསུམ་ལ་བདེན་པར་ཡོད་མེད་ལེགས་པར་ཕྱེ་ནས་གསུངས་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། གྲུབ་དོན་གྱི་མདོ་ཚན་གསུམ་པ་ལས། ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པའི་འཁོར་ལོ་གསུམ་པ་བསྐོར་ཏེ། ནས། ངེས་པའི་དོན་ལགས་ཏེ། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། འདུལ་བའི་བསླབ་བྱ་ཙམ་སྟོན་པའི་དེ་ཡིན་པའི་ཕྱིར། ཁྱབ་སྟེ། ལེགས་བཤད་སྙིང་པོ་ལས། འཁོར་ལོ་གསུམ་པ་ངེས་དོན་དུ་བཤད་པ་ཡང་སྔར་བཤད་པ་ལྟར་ལེགས་པར་རྣམ་པར་ཕྱེ་བ་རྣམས་ཡིན་གྱི ཐམས་ཅད་མིན་པ་ནི། ཞེས་གསུངས་པའི་ཕྱིར། གཞན་ཡང༌། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ཆོས་ཅན། དགོངས་འགྲེལ་ལས་བཤད་པའི་འཁོར་ལོ་ཐ་མ་ཡིན་པར་ཐལ། འཁོར་ལོ་ཐ་མ་ཡིན་པའི་ཕྱིར། དེར་ཐལ། རྒྱུད་བླ་མའི་བཤད་བྱའི་མདོ་བཞིའི་ནང་གི་གཅིག་ཡིན་པའི་ཕྱིར། རྟགས་སླ། ཁྱབ་སྟེ། རྒྱུད་བླ་མ་ཞེས་པའི་བླ་མའི་དོན་ཕྱི་མ་ལ་བྱེད་དགོས་པའི་ཕྱིར། རྒྱུད་བླ་མ་ལས། སླར་ཡང་བླ་མའི་རྒྱུད་འདིར་ནི། །ཞེས་དང༌། དེའི་དར་ཊཱིཀ་ལས། སླར་ཡང་བླ་མའི་རྒྱུད་འཁོར་ལོ་གསུམ་པ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལ་སོགས་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། གཞན་དབང་ཡོངས་གྲུབ་བདེན་གྲུབ་ཏུ་སྟོན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ས་སྡེ་ལྔ་སྡོམ་གཉིས་དང་པྲ་ཀ་ར་ཎ་སྡེ་བརྒྱད་དང་རྣམ་བཤད་རིགས་པ་གང་དུ་མདོ་དེ་བདེན་གྲུབ་སྟོན་པར་དྲངས་པ་མེད་པའི་ཕྱིར་དང༌། ཐོགས་འགྲེལ་གྱིས་བདེན་མེད་བསྟན་ཚུལ་འཆད་པར་འགྱུར་བའི་ཕྱིར། རྣམ་བཤད་ལས་ཀྱང༌། ཆོས་ཐམས་ཅད་བདེན་པས་སྟོང་ཞིང་དྲི་མ་གློ་བུར་བ་ཡིན་པ་དང༌། མཐར་ཐུག་ཐེག་པ་གཅིག་ཏུ་བསྟན་པར་ཐེག་པ་ཆེན་པོ་རྒྱུད་བླ་མས་ལེགས་པར་སྒྲུབ་པས་དེ་དག་གི་དོན་གཅིག་ཡིན་མིན་བསམ་པར་བྱ་བ་ཁོ་ན་ཡིན་ནོ། །ཞེས་གསུངས་པའི་ཕྱིར།

    ཡང་ཁ་ཅིག་ན་རེ། དྲི་ཞུས་ཀྱི་འཁོར་ལོ་དང་པོ་ཡིན་ན་བརྗོད་བྱ་བདེན་བཞི་ལ་བརྩམས་པས་ཁྱབ་ཟེར་ན། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ། གཟུགས་ལ་སྐྱེ་བ་ཡང་ཡོད། འཇིག་པ་ཡང་ཡོད། དེའི་སྐྱེ་བ་དང་འཇིག་པ་ཡང་ཤེས་པར་བྱའོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང་རྣམ་པར་ཤེས་པའི་སྐྱེ་བ་ཡང་ཡོད། འཇིག་པ་ཡང་ཡོད། དེའི་སྐྱེ་བ་དང་འཇིག་པ་ཡང་ཤེས་པར་བྱའོ། །ཞེས་པའི་མདོ་ཆོས་ཅན། བདེན་བཞི་ལ་བརྩམས་པར་ཐལ། དྲི་ཞུས་ཀྱི་འཁོར་ལོ་དང་པོ་ཡིན་པའི་ཕྱིར་ཏེ། དྲི་ཞུས་ཀྱི་མདོ་ལས། ཕུང་པོ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་བསྩལ། ཞེས་པའི་དངོས་བསྟན་གྱི་འཁོར་ལོ་དང་པོ་ཡིན་པའི་ཕྱིར། དེར་ཐལ། དེའི་དངོས་བསྟན་གྱི་དེ་ཡོད་པའི་ཕྱིར། རྩ་བར་འདོད་ན། དྲི་ཞུས་ཀྱི་མདོ་ལས། ཕུང་པོ་རྣམས་ཀྱི་ཇི་ལྟ་བ་དེ་བཞིན་དུ་སྐྱེ་མཆེད་རྣམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། ཟས་རྣམས་ཀྱི་བར་ཡང་བཀའ་བསྩལ། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་བདེན་པ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་བསྩལ། ཞེས་ཕུང་པོ་དང་སྐྱེ་མཆེད་དང་རྟེན་འབྲེལ་དང༌། ཟས་བཞི་དང་བདེན་པ་བཞི་ལ་སོ་སོར་དྲི་བ་ཞུས་པ་མ་ཡིན་པར་ཐལ། དྲི་ཞུས་ཀྱི་འཁོར་ལོ་དང་པོ་ལ་བདེན་བཞི་ལ་བརྩམས་པས་ཁྱབ་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལྔར་མ་ཟད་ཁམས་བཅོ་བརྒྱད་དང་བྱང་ཕྱོགས་ཀྱི་བར་ལ་རང་འཛིན་རྟོགས་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྟོན་པའི་འཁོར་ལོ་དང་པོ་རེ་ཡོད་པའི་ཕྱིར། དྲི་ཞུས་ཀྱི་མདོ་ལས། རྣམ་གྲངས་དུ་མར་ཁམས་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་བསྩལ། ཞེས་དང༌། རྣམ་གྲངས་དུ་མར་དྲན་པ་ཉེ་བར་བཞག་པ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་བསྩལ། ནས། དྲན་པ་ཉེ་བར་བཞག་པ་རྣམས་ཇི་ལྟ་བ་བཞིན་དུ་ཡང་དག་པར་སྤང་བ་རྣམས་དང༌། ནས། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་རང་གི་མཚན་ཉིད་ཀྱང་བཀའ་བསྩལ། ཞེས་གསུངས་པའི་ཕྱིར། འདི་དག་གཞན་དུ་བཤད་ཟིན་པས་མ་སྤྲོས།

    ཡང་ཁ་ཅིག་ན་རེ། རྒྱས་འབྲིང་བསྡུས་གསུམ་དགོངས་འགྲེལ་ནས་བཤད་པའི་འཁོར་ལོ་བར་བ་ཡིན་པར་ཐལ། རྣམ་བཤད་ལས། འཁོར་ལོ་གཉིས་པའི་མཚན་གཞི་ཤེར་ཕྱིན་གྱི་མདོ་རྒྱས་འབྲིང་བསྡུས་གསུམ་དྲང་བའི་དོན་དུ་འཆད་ཚུལ་ནི། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་ནང་གི་དགག་བྱ་ལ་དོན་དམ་གྱི་ཁྱད་པར་དངོས་སུ་མ་སྦྱར་བའི་མདོ་དག་དྲང་དོན་དུ་བཤད་ཅེས་པའི་དོན་ཡིན་པའི་ཕྱིར། དེར་ཐལ། དེ་འདྲའི་མདོ་འཁོར་ལོ་གཉིས་པའི་མཚན་གཞིར་འཇོག་ཚུལ་ལ་དབུ་སེམས་གཉིས་མཐུན་པའི་ཕྱིར། རྣམ་བཤད་ལས། དབུ་སེམས་ཀྱི་ཤིང་རྟ་ཆེན་པོ་རྣམས་ཡུམ་གྱི་མདོ་དྲང་ངེས་ཀྱི་ཁྱད་པར་མི་འདྲ་ཡང༌། འདིར་བཤད་པའི་འཁོར་ལོ་གཉིས་པའི་མཚན་གཞིར་བཞེད་པ་ལ་ནི་འདྲའོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། དེའི་གོང་ན་ངེས་དོན་གྱི་མདོ་གཞན་ཡོད་པར་ཐལ། གྲུབ་དོན་གྱི་མདོ་ལས། བླ་ན་མཆིས་པ་ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དེ་མདོ་ཀུན་གྱི་གཙོ་བོ་ཡིན་པའི་ཕྱིར་ཏེ། དེ་ལྟར་ཡིན་པ་གླེང་གཞི་དང་ཡོངས་གཏད་སོགས་ཀྱིས་བཤད་པ་དབུ་སེམས་ཀུན་ཤེས་པའི་ཕྱིར་ཏེ། རྣམ་བཤད་ལས། དྲང་བའི་དོན་ཡིན་ཡང༌། ནས། མདོ་སྡེ་རྣམས་ཀྱི་གཙོ་བོ་ཡིན་ཞིང༌། ཞེས་གསུངས་པའི་ཕྱིར། ཆོས་འཁོར་བསྐོར་ཚུལ་ལ་བོད་སྔ་མ་དག་འཁོར་ལོ་གསུམ་རིམ་ཅན་ཁོ་ནར་འདོད་དེ། མཆིམས་ཆེན་མོ། འཁོར་ལོ་དང་པོ་ལོ་བདུན་དང༌། བར་བ་ལོ་ཉེར་བདུན་དང༌། ཐ་མ་བཅུར་གསུངས་པར་བཞེད། མཁས་པ་ཆག་ནི། དང་པོ་ལོ་བདུན་ལ་ཟླ་བ་གཉིས་ཀྱིས་མ་ཚང་བ་དང༌། བར་པ་སོ་གཅིག་དང༌། ཐ་མ་བདུན་ནམ་དགུ་ཟེར། ཡང་ཁ་ཅིག.....རོང། དང་པོ་ལོ་དྲུག་ཟླ་བ་དྲུག་དང༌། བར་བ་ལོ་བཅུ་གཉིས་དང༌། ཐ་མ་ལོ་ཉེར་དྲུག་གམ་ཉེར་བརྒྱད་ཟེར། ཁྲོ་ལོས། བར་བ་ལོ་སུམ་ཅུ་དང༌། ཐ་མ་བཅུ་གཉིས་གསུངས་པས་ལྷག་མ་དང་པོའི་དུས་སུ་འདོད་པའི་ཕྱིར་དང་དེ་ཡང་དགོངས་འགྲེལ་གྱི་འཁོར་ལོ་གསུམ་གྱི་ངོས་འཛིན་དུ་འདོད་པའི་ཕྱིར། དེ་དག་མི་འཐད་པར་ཐལ། ཐུན་མོང་མ་ཡིན་པའི་དོགས་པ་དེ་ལ་མེད་ལ། ཐུན་མོང་གི་དབང་དུ་བྱས་ཀྱང་ཆེས་མི་རུང་བའི་ཕྱིར། དེར་ཐལ། བདེན་བཞིའི་ཆོས་འཁོར་ཡང་སངས་རྒྱས་ཚུལ་ནས་འདའ་ཚུལ་བར་དུ་བསྟན་པར་ལུང་སྡེ་བཞི་ན་སྙོན་མེད་དུ་བཤད་པའི་ཕྱིར། ཁྱབ་སྟེ། དེས་ན་ལོ་བདུན་ནམ་དྲུག་སོགས་ཤིན་ཏུ་འཁྲུལ་བའི་ཕྱིར། གོང་གི་རྟགས་གྲུབ་སྟེ། དེའི་བར་དུ་བདེན་བཞིའི་ཆོས་འཁོར་གྱིས་འདུལ་དགོས་པའི་གདུལ་བྱ་དུ་མ་ཡོད་པའི་ཕྱིར་དང། སངས་རྒྱས་ཀྱིས་ཆོས་གསུངས་པ་གདུལ་བྱའི་དབང་གིས་ཡིན་པའི་ཕྱིར་ཏེ། ལང་གཤེགས་ལས། ཇི་ལྟར་ནད་པ་ན་བ་ལ། །སྨན་པས་སྨན་ནི་སྟེར་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །ཇི་ཙམ་བཟོད་པའི་ཆོས་བསྟན་ཏོ ཞེས་དང༌། རིན་ཆེན་ཕྲེང་བ་ལས། བརྡའ་སྤྲོད་པ་དག་ཇི་ལྟ་བུར། །ཞེས་གསུངས་པའི་ཕྱིར། འཁོར་ལོ་བར་མཐའ་གཉིས་གསུངས་ཚུལ་དེ་ཡང་ནང་འགལ་ཡིན་པར་ཐལ། ཁྱེད་ཅག་མདོ་སྡེ་ས་བཅུ་པ་འཁོར་ལོ་ཐ་མར་འདོད་ཅིང་སངས་རྒྱས་པའི་ཚུལ་བསྟན་ནས་བདུན་ཕྲག་བདུན་ཚུན་ཆད་དུ་གསུངས་པར་ཁས་བླངས་པའི་ཕྱིར། འོ་ན། འཁོར་ལོ་བར་བ་ནམ་གསུངས་ཞེ་ན། ཐུན་མོང་གི་དབང་དུ་བྱས་ནས་ཀུན་མཁྱེན་ཆེན་པོ་བུ་དང༌། མཁས་གྲུབ་ཆོས་ཀྱི་རྒྱལ་པོ་དང༌། སྔོན་གྱི་མཁས་པ་འཇམ་གསར་བ་གསུམ་རྗེས་འབྲངས་དང་བཅས་པས་སངས་རྒྱས་པའི་ཕྱི་དེ་ལོ་གསུངས་པར་བཞེད་དེ། སངས་རྒྱས་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་སངས་རྒྱ་ཚུལ་བསྟན་ནས་བཅུ་གཉིས་པ་ནག་པ་ཟླ་བ་ལ་དཔལ་ལྡན་འབྲས་སྤུངས་སུ་དུས་འཁོར་རྩ་རྒྱུད་གསུངས། དེ་དང་དུས་མཉམ་དུ་བྱ་རྒོད་ཕུང་པོའི་རིར་ཤེར་ཕྱིན་གསུངས་པར་བཞེད་པའི་ཕྱིར། དང་པོ་གྲུབ་སྟེ། དུས་འཁོར་འགྲེལ་ཆེན་ལས། ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང༌། ཐེག་པ་གསུམ་སྟོན་པར་མཛད་དེ་བཅུ་གཉིས་པ་ནག་པ་ཉ་ལ་ཤྲི་དྷཱ་ནྱ་ཀཊ་ཀར་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་གསུངས་སོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དུས་འཁོར་རྩ་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་པོ་རུ། །ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །དེ་བཞིན་གསང་སྔགས་ཚུལ་རབ་གསུངས། །ཞེས་གསུངས་པའི་ཕྱིར། འདི་ལ་རང་ཕྱོགས་ཀྱི་ས་ག་ཟླ་བ་མར་ངོ་སྔོན་འགྲོ་ཅན་གྱི་ལོ་མགོ་འཛིན་པའི་བཤད་ཚུལ་མང་མོད་ཀྱང་མ་སྤྲོས། ཡང་དེ་ལ་མ་སྦྱངས་པའི་སྙིང་ཁམས་ཅན་ཁ་ཅིག་ན་རེ། ཕྱི་དེ་ལོ་ཤེར་ཕྱིན་གསུངས་པ་མི་འཐད་པར་ཐལ། ཤེར་ཕྱིན་གླེང་གཞི་དང་ཡོངས་གཏད་ཀྱི་ལེའུ་དང་ཀུན་དགའ་བོ་མེད་པ་འགལ་བའི་ཕྱིར་ཟེར་བ་ལ། ཕྱོགས་རེའི་མིག་ཅན་བློ་ལྡན་རྣམས་ཀྱང་ཐེ་ཚོམ་བྱེད་དོ། །འདིར་དོགས་པ་ཆུང་ཡང་སྤྱིར་མཁོ་བས། འོ་ན། ཁྱོད་ལ་འདུལ་བ་དང༌། མདོ་སྡེ་ད་ལྟ་བསྡུས་རྗེས་ཀྱི་འདི་ལྟར་གོ་རིམ་དང་ཚིག་ཀུན་ཆོས་འཁོར་བསྐོར་མ་ཐག་ནས་ཡོད་པར་ཐལ། ཁྱོད་ཀྱི་དོགས་པ་དེ་སྐྱེ་རིགས་པའི་ཕྱིར། འདོད་ན། ལྔ་སྡེ་ལ་ཤམ་ཐབས་ཟླུམ་པོར་བགོ་བ་ལ་བསླབ་པར་བྱའོ། །ཞེས་པའི་མདོ་དང༌། ཆོས་གོས་ཟླུམ་པོར་བགོ་བར་བསླབ་པའི་མདོ་གཉིས་རྩ་བཞི་དང་ལྷག་མ་སོགས་ཀྱི་སྔོན་བསྙེན་རྫོགས་བཅུའི་རང་བྱུང་གི་རྗེས་ཚུར་ཤོག་གི་སྔོན་ལ་མ་བྱུང་བར་ཐལ། ལུང་གི་གོ་རིམ་གསུངས་རིམ་བཞིན་ཡིན་པའི་ཕྱིར། རྟགས་ཁས། རྟགས་ཁྱབ་ཕྲན་ཚེགས་ཀྱིས་གྲུབ་བོ། །འདོད་མི་ནུས་ཏེ། དེ་གཉིས་སྡེ་ལྔའི་121ཉེས་བྱས་ཀྱི་སྐབས་སུ་བསྡུ་བའི་ཕྱིར། དེ་བཞིན་དུ་མདོ་ལའང་འཕེན་ནོ། །

(121) པར་ཐེངས་གཉིས་པ། ཉེས་བྱས་སྐབས་སུ་བསྡུ་བ་གསུངས་པའི་ཕྱིར།

    གཞན་ཡང་སྟོན་པ་སངས་རྒྱས་ཚུལ་བསྟན་ནས་ཞག་ཞེ་དགུའི་བར་ཆོས་མ་གསུངས་པར་ཐལ། འཁོར་ལོ་དང་པོ་ལོ་བདུན་དང་བར་བ་ཉེར་བདུན་སོགས་ཡིན་པ་དེའི་ཕྱིར། འདོད་ན། གདུལ་བྱ་ལ་ཆོས་མི་སྟོན་པའི་མཆོག་གི་སྤྲུལ་སྐུ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ལྷའི་རྔ་བཞིན་དུས་རྒྱུན་ཆད་མེད་པར་ཆོས་སྟོན་ཀྱང་རང་རང་གི་སྐལ་བས་ཐོས་མི་ཐོས་འབྱུང་བ་ཙམ་ཡིན་པའི་ཕྱིར། རྒྱུད་བླ་མ་ལས། ལྷ་རྣམས་ཐམས་ཅད་ཡང་ནས་ཡང༌། །ཆོས་ཀྱི་རྔས་ནི་སྐུལ་བྱེད་ལྟར། །དེ་བཞིན་ཁྱབ་བདག་འབད་སོགས་དང༌། །བྲལ་ཡང་འགྲོ་བ་མ་ལུས་པ། །སངས་རྒྱས་གསུང་གིས་ཁྱབ་མཛད་དེ། །སྐལ་ལྡན་རྣམས་ལ་ཆོས་སྟོན་ཏོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། ཁྱེད་ཅག་གི་འཁོར་ལོ་གསུམ་གྱི་འདོད་ཚུལ་མི་འཐད་པར་ཐལ། དེ་སྟོན་པའི་སྐུ་ཚེའི་ཚད་དེ་ལྟར་བྱས་པ་དང༌། བསྐལ་བཟང་ལས་འཁོར་འདུས་པ་དང་པོ་སོགས་བཤད་པ་ལྟ་བུའི་སྒོ་ནས་མ་བཞག་པའི་ཕྱིར། དེར་ཐལ། དྲི་ཞུས་ཀྱིས་ཀྱང་བརྗོད་བྱ་མི་འདྲ་བ་ལ་དྲི་བ་ཞུས་ཤིང་གྲུབ་དོན་དུའང་བརྗོད་བྱ་མི་འདྲ་བ་གསུམ་བཤད་པའི་ཕྱིར། དང་པོ་གྲུབ་སྟེ། དྲི་ཞུས་ཀྱི་མདོ་ལས། ཕུང་པོ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་བསྩལ། ནས། ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། གྲུབ་དོན་གྱི་མདོ་ལས། འཕགས་པའི་བདེན་པ་བཞིའི་རྣམ་པ་བསྟན་པས། ཞེས་དང༌། ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ནས་སྟོང་པ་ཉིད་སྨོས་པའི་རྣམ་པས། ཞེས་དང༌། ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ། ཞེས་གསུངས་པའི་ཕྱིར་དང༌། དེ་སྐད་དུ་ལེགས་བཤད་སྙིང་པོ་ལས། དགོངས་འགྲེལ་ལས། འཁོར་ལོ་རིམ་པ་གསུམ་གསུངས་པ་ནི། འཁོར་གྱི་འདུ་ཐེབས་དང༌། སྟོན་པའི་སྐུ་ཚེའི་ཚིགས་ལ་སོགས་པས་འཇོག་པ་མིན་གྱི། ཞེས་གསུངས་པའི་ཕྱིར། ཡང་དགོངས་འགྲེལ་གྱི་ཚིག་ཟིན་ལྟར་བྱེད་པ་དང༌། འཁོར་ལོ་གསུམ་གཅིག་ཆར་དུ་གསུངས་པར་འདོད་པ་མི་འཐད་པར་ཐལ། ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན་འཁོར་ལོ་གསུམ་དང་མཛད་པ་བཅུ་གཉིས་གཅིག་ཆར་གང་ཞིག །ཐུན་མོང་དང་མང་བ་གཙོ་བོར་བྱས་ན་འཁོར་ལོ་གསུམ་དང་མཛད་པ་བཅུ་གཉིས་རིམ་ཅན་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དུས་གཅིག་ཏུ་འཁོར་ཚོགས་ཐེབས་གཅིག་ལའང་རང་རང་གི་སྐལ་བ་བཞིན་ཆོས་གསུངས་པ་མི་འདྲ་བ་སོ་སོ་དང༌། མཛད་པ་གང་གིས་འདུལ་སོ་སོར་མཐོང་བའི་ཕྱིར། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་དང་ཡེ་ཤེས་ཀྱི་ཡུལ་ལ་འཇུག་པའི་མདོ་ལས། དེ་བཞིན་གཤེགས་པ་འདི་ལ་འཁོར་འདི་ཉིད་ཀྱི་ནང་ན་ཁ་ཅིག་གིས་ནི་རབ་ཏུ་བྱུང་བར་མངོན་པར་ཕྱོགས་ཤིང་ཁྱིམ་ནས་མངོན་པར་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་རབ་ཏུ་བྱུང་ཞིང་དཀའ་བ་སྤྱོད་པར་ཤེས་སོ། །ཁ་ཅིག་གིས་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་གཤེགས་པར་ཤེས་སོ། །ཞེས་དང༌། གསུངས་ཚུལ་ཡང༌། མདོ་དེ་ཉིད་ལས། ཁ་ཅིག་གིས་ནི་བཅོམ་ལྡན་འདས་བདག་ཅག་ལ་སྦྱིན་པའི་གཏམ་སྟོན་པར་ཤེས་སོ ཁ་ཅིག་གིས་ནི་བཅོམ་ལྡན་འདས་བདག་ཅག་ལ་ཚུལ་ཁྲིམས་ཀྱི་གཏམ། ཞེས་གསུངས་པའི་ཕྱིར་དང། གསང་བ་བསམ་གྱིས་མི་ཁྱབ་པ་ལས་ཀྱང་དེ་ལྟར་བཤད་ལ། འཇུག་འགྲེལ་ལས་ཀྱང༌། སྐུ་གཅིག་ལ་གཅིག་ཆར་གནས་སྐབས་ཐམས་ཅད་སྟོན་པ་ལྟ་ཞོག་གི་འོན་ཀྱང་ཉིད་སྤྱོད་པ་ཀུན། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། བསམ་གྱིས་མི་ཁྱབ་པ་ཡིན་པས་ཐུན་མོང་ལྟར་བཤད་ན་སྐུར་འདེབས་ཡིན་པའི་ཕྱིར། བློར་ཤོང་དཀའ་ཡང་མོས་ཐེབས་རེ་ལ་ཕན་ཡོན་མཐའ་མེད་པའི་ཕྱིར། འཇུག་པ་ལས། འོན་ཀྱང་ཁྱོད་ཀྱི་གསང་བ་འདི་ནི་བསྙད་བགྱི་མ་ལགས་སོ། །ཞེས་དང༌། རང་འགྲེལ་ལས། འདི་ནི་སྔོན་དགེ་བའི་རྩ་བ་མ་བསགས་པ་རྣམས་ཀྱིས་ལྷག་པར་མོས་པར་བྱ་དཀའ་བའི་ཕྱིར་ན་བསྙད་པར་བགྱི་བ་མིན་ཏེ། འགའ་ཞིག་ཏུ་དེ་ལ་ལྷག་པར་མོས་པར་བྱེད་པ་རྣམས་ལ་བསོད་ནམས་གཞལ་དུ་མེད་པ་བསགས་པར་བྱ་བའི་ཕྱིར་བཤད་དོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དྲང་ངེས་རྣམ་འབྱེད་ལས། ཤུགས་ལ་གནས་པའི་དོན་དེ་ཉིད་དུས་ཀྱི་རིམ་པའི་སྒོ་ནས། ཞེས་དང༌། མདོ་ལས། བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝཱ་རཱ་ཎ་སཱིར། ཞེས་དང༌། ལུང་ལས། ཉི་ཤུ་རྩ་དགུ་ཁབ་ཏུ་བཞུགས། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན་སྟོན་པས་ཁྱིམ་པའི་མཛད་པ་དང་རབ་བྱུང་གི་མཛད་པ་གཉིས་གཅིག་ཆར་མཛད་པར་ཐལ། མཛད་པ་བཅུ་གཉིས་གཅིག་ཆར་མཛད་པ་དེའི་ཕྱིར། འདོད་ན། ཁྱིམ་པ་དང་རབ་བྱུང་གི་གཞི་མཐུན་ཡོད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། དེ་གཉིས་ཀྱི་ཚུལ་ཙམ་མཛད་པ་ཡིན་གྱི། ཁྱིམ་པ་དངོས་གནས་དང་རབ་བྱུང་གསར་དུ་བྱས་པ་མ་ཡིན་པའི་ཕྱིར་ཏེ། དམ་པ་ཏོག་དཀར་དུས་ནས་དགེ་སློང་དང་མཆོག་སྤྲུལ་ཡིན་པའི་ཕྱིར། དེར་ཐལ། དམ་པ་ཏོག་དཀར་མ་གཤེགས་བཞིན་དུ་ཤཱཀྱའི་རིགས་སུ་འཁྲུངས་ཚུལ་ཙམ་ཡིན་པའི་ཕྱིར་ཏེ། སྐྱེ་བ་སྔ་ཕྱི་རྣལ་མ་ཡིན་ན། མཛད་པ་བཅུ་གཉིས་སྟོན་པའི་སངས་འཕགས་གཅིག་མེད་དགོས་པའི་ཕྱིར། རྣམ་བཤད་རིགས་པ་ལས། བྲམ་ཟེ་ཁྱེའུ་བླ་མ་ནས་ཡོངས་སུ་མྱ་ངན་ལས་འདས་པའི་བར་སྤྲུལ་བ་ཙམ་ཞིག་ཡིན་པར་བསྟན་པ་དེ་ལ་དགོས་པ་ཅི་ཡོད་ཅེ་ན། ཞེས་དང༌། དེའི་འགྲེལ་བར། བཅོམ་ལྡན་འདས་འོད་སྲུང་གི་དུས་ན་བྲམ་ཟེའི་ཁྱེའུ་བླ་མ་ཚངས་པར་སྤྱོད་པ་ལ་གནས་པ་སྤྲུལ་བ་ཡིན་པར་བསྟན་ཏོ། །དེ་ནས་དགའ་ལྡན་དུ་དམ་པ་ཏོག་དཀར་དུ་སྐྱེས་པ་དང༌། ཞེས་གསུངས་པའི་ཕྱིར།

    ཡང་ཁ་ཅིག མཛད་པ་ཐུན་མོང་མ་ཡིན་པ་ཙམ་ལས་ཐུན་མོང་བ་ཁས་མི་ལེན་པ་ཡང་མི་འཐད་པར་ཐལ། མཛད་པ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་ཀས་འདུལ་དགོས་ཀྱི་གདུལ་བྱ་སོ་སོར་ཡོད་པའི་ཕྱིར་ཏེ། རྣམ་བཤད་རིགས་པ་ལས། སངས་རྒྱས་རྣམས་ནི་སེམས་ཅན་རྣམས་ལ་ཇི་ལྟར་ཕན་པ་དེ་ལྟ་དེ་ལྟར་སྤྲུལ་བ་མཛད་པའམ་གསུངས་པ་ཡིན་ན་འདི་ལ་ཅི་ཞིག་མི་རངས་པར་བྱ། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། དགོངས་འགྲེལ་རིལ་བོ་དགོངས་འགྲེལ་ལས་བཤད་པའི་ལེགས་ཕྱེའི་ཆོས་འཁོར་ཡིན་པར་ཐལ། དགོངས་འགྲེལ་དེ་ཡིན་པའི་ཕྱིར་ན་མ་ཁྱབ། ཡང་ཁོ་ན་རེ། དགོངས་འགྲེལ་ལས་བཤད་པའི་འཁོར་ལོ་ཐ་མ་ཡིན་ན་དགོངས་འགྲེལ་དང་དོན་དམ་ཡང་དག་འཕགས་ཀྱི་ལེའུ་གང་རུང་ཡིན་པས་ཁྱབ་པར་ཐལ། འདི་ནི་ཞེས་ཉེ་ཚིག་སྨོས་པའི་མདོ་ཡིན་ན་དེ་གཉིས་གང་རུང་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། རྣམ་བཤད་ལས། འདི་ནི་བླ་ན་མ་མཆིས་པ་ཞེས་ཉེ་ཚིག་སྨོས་པའི་མཚན་122གཞིར་དགོངས་འགྲེལ་རིལ་འཛིན་པ་ཡང་མི་འཐད་དེ། དེར་ས་བཅུའི། ནས། འབྲེལ་བ་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། མདོ་ལ་དྲང་ངེས་འབྱེད་པའི་ལེགས་ཕྱེའི་མདོ་ལ། དོན་དམ་ཡང་དག་འཕགས་ཀྱི་ལེའུ་དང་དགོངས་འགྲེལ་དུ་ངེས་ཀྱི། དགོངས་འགྲེལ་གྱི་ལེའུ་གཞན་མིན་ཞེས་པའི་དོན་ཡིན་པའི་ཕྱིར། དེའི་འཕྲོར་རྣམ་བཤད་ལས། དེས་ན་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་དྲང་དོན་དང་ངེས་དོན་ཞུས་པའི། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། བརྗོད་བྱ་མཚན་ཉིད་གསུམ་ལ་བདེན་པར་གྲུབ་མ་གྲུབ་ཕྱེ་ནས་སྟོན་པའི་འཁོར་ལོ་ཐ་མ་འོད་སྲུང་ལེའུ་དང་ལང་གཤེགས་དང་དགོངས་འགྲེལ་དང། དེའི་ལེའུ་ལ་དོན་དམ་ཡང་དག་འཕགས་ཀྱི་ལེའུ། ཡོན་ཏན་འབྱུང་གནས་ཀྱི་ལེའུ། ཚུལ་བཞིན་དུ་ཀུན་ཏུ་དྲི་བའི་ལེའུ་123གསུམ་ཡོད་པའི་ཕྱིར། ལེགས་བཤད་སྙིང་བོ་ལས། ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་ཞེས་ཉེ་བའི་ཚིག་གིས་སྨོས་པ་ནི་དེ་མ་ཐག་ཏུ་སྨོས་པའི་ལེགས་པར་རྣམ་པར་ཕྱེ་བའི་འཁོར་ལོ་དགོངས་འགྲེལ་དང་དེ་བཞིན་དུ་ཕྱེ་བ་རྣམས་ལ་ཟེར་བ་ཡིན་གྱི། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མདོ་དེ་དག་གིས་ངོ་བོ་ཉིད་གསུམ་ལ་བདེན་པར་ཡོད་མེད་ཕྱེ་བའི་ཕྱིར། ཁྱབ་སྟེ། ལེགས་ཕྱེའི་དོན་དེ་ཡིན་པའི་ཕྱིར། མ་ཁྱབ་མཚམས་ལ་རྟགས་གྲུབ་སྟེ། བསྡུ་བ་ལས། བརྗོད་དུ་མེད་པའི་མཚན་ཉིད་དང་གཉིས་སུ་མེད་པའི་མཚན་ཉིད་ནི་དགོངས་འགྲེལ་ལས། ཞེས་དང། ཚུལ་བཞིན་ཀུན་ཏུ་དྲི་བའི་ལེའུ་ལས། ཟབ་མོ་བྱིས་པའི་སྤྱོད་ཡུལ་མ་ཡིན་པ། །བརྗོད་མེད་གཉིས་མིན་རྒྱལ་བས་བསྟན་མཛད་ཀྱང༌། །ཞེས་དང༌། བསྡུ་བ་ལས། ཆོས་རྣམས་ཀྱི་མཚན་ཉིད་ནི་དགོངས་འགྲེལ་ལས། ཞེས་དང༌། ཡོན་ཏན་འབྱུང་གནས་ཀྱི་ལེའུ་ལས། ཆོས་རྣམས་ཀྱི་མཚན་ཉིད་གསུམ་པོ་འདི་དག་ཡིན་ཏེ། གསུམ་གང་ཞེ་ན། ཀུན་བཏགས་པའི་མཚན་ཉིད་དང༌། གཞན་གྱི་དབང་གི་མཚན་ཉིད་དང༌། ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །ནས། རབ་རིབ་ཅན་གྱི་སྐྱོན་ཆགས་པ་དེ་ལྟ་བུར་ན་ཀུན་བཏགས་ཞེས་སོགས་ཤེས་བྱེད་དུ་གསུངས་པའི་ཕྱིར།

(122) པར་ཐེངས་གཉིས་པ། གཞིར་མདོ་སྡེ་དགོངས་པ་ངེས་འགྲེལ།

(123) པར་ཐེངས་གཉིས་པ། གསུམ་ཡང་ཡིན་པའི་ཕྱིར།

    རང་ལུགས་ལ། ལུང་རྟོགས་ཀྱི་དམ་ཆོས་གཉིས་གང་རུང་གིས་བསྡུས་པའི་ཡོན་ཏན་དེ། ཆོས་འཁོར་གྱི་མཚན་ཉིད་ཡིན་ཏེ། ཐབས་རྣམ་མཁྱེན་གྱི་འབྲས་བུ་ལུང་རྟོགས་ཀྱི་དམ་ཆོས་གདུལ་བྱའི་རྒྱུད་ལ་འཕོ་ཞིང་མི་མཐུན་ཕྱོགས་124སེལ་བ་ལ་འཁོར་བསྒྱུར་གྱི་འཁོར་ལོ་དང་ཆོས་མཚུངས་པས་ན་ཆོས་ཀྱི་འཁོར་ལོ་ཞེས་བཤད་པའི་ཕྱིར། དེ་ལ་ལུང་གི་ཆོས་འཁོར་དང༌། རྟོགས་པའི་ཆོས་འཁོར་གཉིས། ལུང་གི་བསྟན་པའི་དམ་ཆོས་དེ། ལུང་གི་ཆོས་འཁོར་གྱི་མཚན་ཉིད། གསུང་རབ་ཡན་ལག་བཅུ་གཉིས་མཚན་གཞི། རྟོགས་པའི་བསྟན་པའི་དམ་ཆོས་དེ་རྟོགས་པའི་ཆོས་འཁོར་གྱི་མཚན་ཉིད། ལམ་ལྔ་དང༌། འགོག་བདེན་མཚན་གཞི། དུས་དང་པོར་གསུངས་པའི་མདོ་འཁོར་ལོ་དང་པོའི་མཚན་ཉིད། དེས་བར་མཐའ་གཉིས་ལའང་ཤེས་པར་བྱ་སྟེ། དང་པོར་བདེན་བཞི་ལ་བརྩམས་ཏེ་གཟུགས་སོགས་ནས་འཕགས་ལམ་ཡན་ལག་གིས་བར་བཤད་ཅིང་། དུས་དེ་ནས་འདའ་ཚུལ་གྱི་བར་བསྟན་ལ། བར་མཐའ་གཉིས་ཀྱང་རང་རང་གསུངས་ནས་འདའ་ཚུལ་བར་དུ་གསུངས་པའི་ཕྱིར། འཁོར་ལོ་གསུམ་བྱེད་པ་སྐུ་ཚེའི་ཚིགས་དང༌། འཁོར་འདུ་ཐེབས་ཀྱིས་མི་བྱེད་དེ། ཐུན་མོང་གི་སྣང་བ་གཙོ་ཆེ་བ་སོགས་ཤེས་དགོས་སོ། །རང་གི་ཆེད་དུ་བྱ་བའི་གདུལ་བྱ་ཉན་ཐོས་སྡེ་བའི་རིགས་ཅན་ལ་གཟུགས་ནས་འཕགས་ལམ་ཡན་ལག་བར་གང་རུང་ལ་བརྩམས་ཤིང༌། རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་དེ་གནས་ཚོད་ཀྱིས་གྲུབ་པར་གཙོ་བོར་དངོས་སུ་སྟོན་པའི་མདོ། དགོངས་འགྲེལ་ལས་བཤད་པའི་འཁོར་ལོ་དང་པོའི་མཚན་ཉིད། དྲི་ཞུས་ཀྱི་འཁོར་ལོ་དང་པོ་དེ་དང་དོན་གཅིག །དགོངས་འགྲེལ་གྱི་གདུལ་བྱ་ལས་དབང་པོ་རྣོ་བའི་རང་གི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་ལ་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་གང་རུང་ལ་ངོ་བོ་ཉིད་མེད་པ་སོགས་སུ་བརྩམས་ཤིང༌། ངོ་བོ་ཉིད་གསུམ་ལ་བདེན་པར་ཡོད་མེད་མི་གསལ་བའི་དྲང་ངེས་དཔྱོད་པའི་གཞིར་གྱུར་པའི་འཁོར་ལོ་བར་བ་དེ། དགོངས་འགྲེལ་ནས་བཤད་པའི་འཁོར་ལོ་བར་བའི་མཚན་ཉིད། ཡུམ་འབུམ་པ་ལྟ་བུ་དེ་འཁོར་ལོ་བར་བ་ཡིན་པས་འཁོར་ལོ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་ལ་དགོངས་འགྲེལ་གྱི་དེས་མ་ཁྱབ་ཀྱང༌། དགག་བྱ་ལ་དོན་དམ་གྱི་ཁྱད་པར་དོན་གྱིས་སྦྱར་བའི་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་ལ་དེས་ཁྱབ་བོ། །རང་གི་ཆེད་དུ་བྱ་བའི་གདུལ་བྱ་འཁོར་ལོ་བར་བའི་ཆེད་དུ་བྱ་བའི་གདུལ་བྱ་ལས་དབང་པོ་དམན་པའི་ཐེག་ཆེན་གྱི་རིགས་ཅན་ལ་བརྗོད་བྱ་ངོ་བོ་ཉིད་མེད་པ་སོགས་ལས་བརྩམས་ཤིང༌། མཚན་ཉིད་གསུམ་ལ་བདེན་པར་གྲུབ་མ་གྲུབ་གསལ་བར་སྟོན་པའི་འཁོར་ལོ་ཐ་མ། དགོངས་འགྲེལ་ནས་བཤད་པའི་འཁོར་ལོ་ཐ་མའི་མཚན་ཉིད། དེ་དང་ལེགས་ཕྱེའི་ཆོས་འཁོར་དོན་གཅིག མཚན་གཞི་འོད་སྲུང་གིས་ཞུས་པ་དང༌། ལང་གཤེགས་དང༌། དགོངས་འགྲེལ་སོགས་ཡིན་ནོ། །སྒྲ་ཇི་བཞིན་པའི་མདོ་དེ་ངེས་དོན་གྱི་མདོའི་མཚན་ཉིད་ཡིན་ཏེ། འདིའི་དོན་གཞན་དུ་དྲངས་མི་དགོས་པའི་ཕྱིར། སྒྲ་ཇི་བཞིན་པ་མ་ཡིན་པའི་མདོ་དེ། དྲང་དོན་གྱི་མདོའི་མཚན་ཉིད་ཡིན་ཏེ། འདིའི་དངོས་ཟིན་ཁས་ལེན་མི་རུང་བས་དོན་གཞན་དུ་དྲངས་ནས་བཤད་དགོས་པའི་ཕྱིར།

(124) པར་ཐེངས་གཉིས་པ། སེལ་བས་འཁོར།

    རྩོད་སྤོང་ལ་ཁོ་ན་རེ། ཕུང་པོ་ལྔ་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྟོན་པའི་འཁོར་ལོ་དང་པོ་ཆོས་ཅན། འདིར་བསྟན་འཁོར་ལོ་དང་པོའི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དུས་དང་པོར་དེ་སྟོན་དགོས་ཀྱིས་གདུལ་བྱ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། རང་གི་ཆེད་དུ་བྱ་བའི་གདུལ་བྱ་ཉན་ཐོས་སྡེ་བའི་རིགས་ཅན་མ་ཡིན་པའི་ཕྱིར། དེ་འདྲའི་སེམས་ཙམ་པའི་མདོ་ཡོད་པའི་ཕྱིར།

    གཉིས་པ་རང་རྒྱུད་པའི་ལུགས་ལ། ཁ་ཅིག་ན་རེ། དྲི་ཞུས་ཀྱི་འཁོར་ལོ་དང་པོ་ཡིན་ན་བརྗོད་བྱ་བདེན་བཞི་ལ་བརྩམས་པས་ཁྱབ་ཟེར་ན། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་གཟུགས་ལ་ཞེས་སོགས་ཀྱི་སྔར་དྲངས་པའི་མདོ་ཆོས་ཅན། དེར་ཐལ། དེའི་125ཕྱིར། དེར་ཐལ། ཕུང་པོ་ལྔ་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྟོན་པའི་མདོ་ཡིན་པའི་ཕྱིར་ཏེ། དེ་ཡོད་པའི་ཕྱིར། དྲི་ཞུས་ཀྱི་མདོ་ལས། ཕུང་པོ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་བསྩལ། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ཕུང་པོ་ལྔ་ལ་དངོས་སུ་བརྩམས་པའི་མདོ་ཡིན་པའིཕྱིར། དེས་གཞན་སྔར་དང་འདྲ། ཡང་ཁ་ཅིག །ཡུམ་རྒྱས་འབྲིང་བསྡུས་གསུམ་དྲི་ཞུས་ཀྱི་འཁོར་ལོ་བར་བ་ཡིན་ཟེར་ན། དེ་ཆོས་ཅན། ཁྱོད་དགོངས་པ་སྟོན་དགོས་ཀྱི་མདོ་ཡིན་པར་ཐལ། དྲི་ཞུས་ཀྱི་འཁོར་ལོ་བར་བ་ཡིན་པའི་ཕྱིར། ཁྱབ་སྟེ། མདོ་ལས། ཅི་ལ་དགོངས་ནས། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དགག་བྱ་ལ་དོན་དམ་གྱི་ཁྱད་པར་དངོས་སུ་སྦྱར་བའི་མདོ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དྲི་ཞུས་ཀྱི་འཁོར་ལོ་བར་བ་གཅིག་མེད་པར་ཐལ། ཡུམ་རྒྱས་འབྲིང་བསྡུས་གསུམ་པོ་དེ་མ་ཡིན་པའི་ཕྱིར་ན་མ་ཁྱབ། དེ་དག་གི་ནང་གི་དགག་བྱ་ལ་དོན་དམ་གྱི་ཁྱད་པར་དོན་གྱིས་སྦྱར་བའི་མདོ་དང་ཤེར་སྙིང་ལྟ་བུ་དོན་དམ་གྱི་ཁྱད་པར་དངོས་ཤུགས་གང་ལའང་མ་སྦྱར་བ་དེ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཚུལ་བརྒྱ་ལྔ་བཅུ་པ་དང་ཤེར་སྙིང་གཉིས་པོ་དེ་དྲི་ཞུས་ཀྱི་འཁོར་ལོ་བར་བ་དང་དགོངས་འགྲེལ་གྱི་འཁོར་ལོ་བར་བ་ཡིན་པའི་ཕྱིར། དེར་ཐལ། དེ་གཉིས་དགོངས་འགྲེལ་གྱིས་དགོངས་པ་བསྟན་ནས་དྲང་དོན་དུ་འགྲེལ་རྒྱུ་དེ་ཡིན་པའི་ཕྱིར་ཏེ། དེ་གཉིས་ཀྱི་ནང་དུ་ཆོས་དེ་དག་ལ་དོན་དམ་པའི་ཁྱད་པར་དངོས་སུ་སྦྱར་བ་མེད་པའི་ཕྱིར། དྲང་ངེས་རྣམ་འབྱེད་ལས། དེ་ཡང་ཤེས་རབ་སྙིང་པོ་ལྟ་བུ་མདོ་དེའི་ནང་དུ་དོན་དམ་པ་དང་བདེན་པའི་ཁྱད་པར་གསལ་བར་མ་སྦྱར་བར་གཟུགས་མེད་ཅེས་པ་ལ་སོགས་པ་བསྟན་པ་ནི་ཇི་ལྟར་བསྟན་པ་དེ་ཙམ་གྱིས་སྒྲ་ཇི་བཞིན་པར་བཟུང་དུ་མི་རུང་བས་གཞན་དུ་དྲངས་དགོས་པས་དྲང་དོན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་དབུ་སེམས་ཀྱི་ཐུན་མོང་མ་ཡིན་པར་ཆོས་འཁོར་གཅིག་ཆར་བསྐོར་བ་མི་འཐད་པར་ཐལ། ཀུན་དགའ་བོས་དེ་ལྟར་མ་ཐོས་པའི་ཕྱིར། དེར་ཐལ། དེས་རིམ་ཅན་ཁོ་ནར་ཐོས་པའི་ཕྱིར། དེར་ཐལ། དེས་དུས་གཅིག་ན་དང་དུས་གཞན་དུ་གཞན་དང་126གཞན་ཐོས་པའི་ཕྱིར་ན་མ་ཁྱབ་སྟེ། དུས་གཅིག་ན་ཞེས་པས་དུས་གཅིག་ལ་ཐོས་ཀྱི་དུས་གཞན་དུ་མ་ཐོས་ཞེས་དཀོན་པ་དང༌། དུས་གཅིག་གིས་ཚེ་འདི་ཐོས་དུས་གཞན་ལ་གཞན་ཐོས་ཞེས་མང་དུ་ཐོས་པ་དང༌། དུས་སྐད་ཅིག་མ་གཅིག་ལ་མདོ་འདི་ཐོས་སོ་ཞེས་རྣམ་ཐར་གྱི་སྒོ་བསམ་མི་ཁྱབ་ཀྱི་ལུགས་གསུམ་ལ་བཤད་དགོས་ཤིང་ཕྱི་མ་གཙོ་ཆེ་བའི་ཕྱིར། དང་པོ་གཉིས་སླ། ཕྱི་མ་གྲུབ་སྟེ། སངས་རྒྱས་ཀྱི་བྱིན་རླབས་ཀྱིས་རྨི་ལམ་ལ་ལོ་བརྒྱ་ལོན་པ་རྨིས་པ་བཞིན་དུ་ཤེས་པ་སྐད་ཅིག་མ་གཅིག་ལ་མདོ་རྫོགས་པར་སྣང་བའི་ཕྱིར། རྒྱན་སྣང་ལས། རྨི་ལམ་དུ་ལྷ་ལ་སོགས་པའི་མཐུས་དུས་ཅུང་ཞིག་ལ་ཡང་ལོ་བརྒྱ་ལོན་པར་དམིགས་པ་དང་འདྲ་བར། ནས། མདོའི་དོན་མ་ལུས་པ་སྣང་བ་ཅན་གྱི་རྣ་བའི་རྣམ་པར་ཤེས་པ་ནི་སྐད་ཅིག་མ་གཅིག་ལས་བྱུང་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེས་ནི་བསམ་མི་ཁྱབ་ཀྱི་ཚད་མའི་སྐྱེས་བུར་བསྟན་པའི་ཕྱིར། རྒྱན་སྣང་ལས། འདིས་ནི་རྣམ་པར་ཐར་བའི་སྒོ་བསམ་གྱིས་མི་ཁྱབ་པ་ཐོབ་པའི་ཕྱིར་ན། བདག་གིས་མཉན་པར་བྱ་བ་གང་ཇི་སྙེད་པ་དེ་ཐམས་ཅད་སྐད་ཅིག་མ་གཅིག་ལ་ཐོས་ཤིང་བརྗེད་པ་ཡང་མེད་དོ། །ཞེས་གསུངས་པའི་ཕྱིར།

(125) པར་ཐེངས་གཉིས་པ། ཕྱིར། ཕུང་པོ་རྣམས་རང་གི།

(126) པར་ཐེངས་གཉིས་པ། གཞན་ཡང་ཐོས།

    དེ་ལ་ཁོ་ན་རེ། འོ་ན། གདུལ་བྱ་གཞན་དག་གིས་ཀྱང་གཅིག་ཆར་ཐོས་པར་ཐལ། ཀུན་དགའ་བོ་ལ་དེའི་ཕྱིར་ན་མ་ཁྱབ་སྟེ། མདོ་དུ་མས་དྲི་བ་དྲིས་ལན་དུ་མ་རིམ་ཅན་དུ་བྱས་པར་བཤད་པའི་ཕྱིར། རྒྱན་སྣང་ལས། གདུལ་བྱའི་ཚོགས་ལྷག་མ་རྣམས་ཀྱང་འདི་ལྟ་བུར་ཅིའི་ཕྱིར་མ་གྱུར་ཅེ་ན། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། བྱང་སེམས་དག་ས་པ་ལ་དེ་ལྟར་འཛིན་པ་རུང་ཡང་གདུལ་བྱ་ཐམས་ཅད་ལ་ཁྱད་པར་དུ་འཕགས་པའི་སྐལ་བ་དེ་འདྲ་མེད་པའི་ཕྱིར། རྒྱན་སྣང་ལས། བྱང་ཆུབ་སེམས་དཔའི་ཚོགས་ཡོངས་སུ་དག་པ་ནི་དེ་ལྟར་འགྱུར་བ་ཉིད་ཡིན་གྱི་ཐམས་ཅད་ལ་ནི་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། རྒྱས་འབྲིང་སོགས་མདོ་དུ་མ་གདུལ་བྱའི་འཁོར་སོ་སོ་ལ་གཅིག་ཆར་དང་རིམ་ཅན་དུ་སྣང་བ་མི་འཐད་པར་ཐལ། དེ་དག་དུས་གཅིག་ལ་བསྟན་པའི་ཕྱིར་ན་མ་ཁྱབ་སྟེ། གདུལ་བྱ་རང་རང་གི་བློའི་སྟོབས་བཞིན་དུ་བྱང་སེམས་དག་ས་པ་དང༌། ཀུན་དགའ་བོ་སོགས་ལ་སྐད་ཅིག་མ་གཅིག་ལ་ཚང་མ་གཅིག་ཆར་སྣང༌། གཞན་ལ་རིམ་ཅན་དུ་སྣང་བའི་ཕྱིར་ཏེ། རྒྱན་སྣང་ལས། བསྟན་པ་གཅིག་ལ་རྣམ་པར་དབྱེ་བ་འདིར་འགྱུར་ཞེ་ན། ནས། དེ་ནི་སྟོབས་ཇི་ལྟ་བ་བཞིན་དུ་ལན་གཅིག་གམ་རིམ་གྱིས་སྐྱེ་བ་ཡིན་པས་ཉེས་པ་མེད་དོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ལྟར་འཐད་པའི་ཕྱིར། དེར་ཐལ། སྣང་དུས་སངས་རྒྱས་ཀྱི་བྱིན་རླབས་ཀྱིས་གཅིག་ཆར་སྣང་བ་གདུལ་བྱ་ལ་བཤད་དུས་དྲི་བ་དྲིས་ལན་སོགས་ཀྱིས་རིམ་པས་བཤད་པ་ཡིན་པའི་ཕྱིར། དེར་ཐལ། བློ་ལ་གཅིག་ཆར་ཤར་བའི་དོན་ཚིག་གིས་རིམ་པས་བཤད་པའི་ཕྱིར། རྒྱན་སྣང་ལས། སོ་སོ་སྐྱེ་བོའི་ཚོགས་གཞན་རྗེས་སུ་བཟུང་བའི་དོན་དུ་ཕྱིས་རིམ་གྱིས་སྟོན་པ་ལ་འཇུག་པ་ན། ཞེས་པ་ནས། ཡོངས་སུ་རྫོགས་པར་སྣང་བ་དང་ལྡན་པའི་ཤེས་པ་སྔར་སྐྱེས་པ་ཉིད་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། ཀུན་དགའ་བོས་གང་བསྡུས་ཐམས་ཅད་རང་གི་སངས་རྒྱས་ལས་དངོས་སུ་ཐོས་པར་ཐལ། མདོ་ལས། བདག་གིས་ཞེས་པའི་དོན་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། དེས་སངས་རྒྱས་ལས་མ་ཐོས་པར་དགེ་སློང་གཞན་ལས་ཀྱང་ཐོས་པ་ཡོད་པའི་ཕྱིར། ཀུན་དགའ་བོའི་མདོ་ལས། བདག་གིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ལྷག་ནི་བཅོམ་ལྡན་འདས་ལས་བཟུང༌། གཉིས་ནི་དགེ་སློང་དག་ལས་སོ ཞེས་གསུངས་པའི་ཕྱིར་ན་སློབ་དཔོན་འདི་ལྟར་ན་མ་ཁྱབ་སྟེ། སངས་རྒྱས་ལ་སླར་ཡང་ཞུས་པའམ། སངས་རྒྱས་ཀྱི་མཐུས་དགེ་སློང་གཞན་ལས་ཐོས་127པ་ཡང་སངས་རྒྱས་ལས་ཐོས་པ་ཡིན་པའི་ཕྱིར། དཔེར་ན། སངས་རྒྱས་ཀྱི་མཐུས་ཆོས་128བསྟན་པ་ཡིན་པ་བཞིན་ནོ། །རྒྱན་སྣང་ལས། དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་ཀྱིས་བསྟན་པ་ནི་དེས་བསྟན་པ་ཡིན་པ་ལྟར། ནས། ཡང་ན་གཞན་ལས་ཐོས་ན་ཡང་ཆོས་འཛིན་པའི་མཆོག་ཡིན་པས། དོན་ངེས་པར་བྱ་བའི་129ཕྱིར་བཅོམ་ལྡན་འདས་ལ་ཞུས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། ཀུན་དགའ་བོ་མདོ་སྡེ་སྡུད་པ་བོ་མ་ཡིན་པར་ཐལ། ཕྱག་རྡོར་མདོ་སྡེ་སྡུད་པ་བོ་ཡིན་པའི་ཕྱིར་ན་རྣམ་པ་གཅིག་ཏུ་མ་ཁྱབ། རྟགས་དེར་ཐལ། སྔོན་གྱི་ཀུན་མཁྱེན་དབྱིག་གཉེན་དང་ལེགས་ལྡན་སོགས་ཀྱིས་གནས་ལྕང་ལོ་ཅན་དུ་ཕྱག་རྡོར་གྱིས་འཇམ་དབྱངས་བྱམས་པ་སོགས་ཀྱི་དབུས་སུ་མདོ་སྡེ་བསྡུས་པར་བཞེད་པའི་ཕྱིར་ན། འདིར་མ་ཁྱབ། རྟགས་གྲུབ་སྟེ། རྒྱན་སྣང་ལས། ལྕང་ལོ་ཅན་ན་བཞུགས་པའི་ས་བཅུའི་དབང་ཕྱུག་རྡོ་རྗེ་འཛིན་པ་ཆེན་པོས་འཇིག་རྟེན་ཐམས་ཅད་རྗེས་སུ་བཟུང་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེ་སྡུད་པར་གསོལ་བ་འདེབས་པ་130བྱམས་པ་ལ་སོགས་པ། ནས། ཞེས་སྔོན་གྱི་སློབ་དཔོན་རྣམས་འཆད་དོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ལས་ཀྱང་རྟོག་གེ་འབར་བ་ལས། ཐེག་པ་ཆེན་པོ་སངས་རྒྱས་ཀྱིས་གསུངས་པ་ཡིན་ཏེ། རྩ་བའི་སྡུད་པར་བྱེད་པ་བོ་ཀུན་ཏུ་བཟང་པོ་དང༌། འཇམ་དབྱངས་དང༌། གསང་བའི་བདག་པོ་དང༌། བྱམས་པ་ལ་སོགས་པ་རྣམས་ཀྱིས་བསྡུས་པའི་ཕྱིར་རོ། །བདག་ཅག་གི་རྩ་བའི་སྡུད་པར་བྱེད་པ་པོ་ཉན་ཐོས་ནི་མ་ཡིན་ཏེ། ཐེག་པ་ཆེན་པོའི་གསུང་རབ་ནི་དེ་དག་གི་ཡུལ་མ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སྔོན་གྱི་སློབ་དཔོན་དག་གིས་དེ་ལྟར་འདོད་ཀྱང་ཤེར་མདོ་ནི་ཀུན་དགའ་བོས་བསྡུས་པར་སློབ་དཔོན་གྱི་ལུང་རིགས་ཀྱིས་གྲུབ་པའི་ཕྱིར། དེར་ཐལ། ལུང་ཤེར་ཕྱིན་ཡོངས་གཏད་ཀྱི་ལུང་དང་རིགས་པ་སངས་རྒྱས་ལ་བསྐྱར་ནས་ཞུས་པར་བཞེད་པའི་ཕྱིར་ཏེ། རྒྱན་སྣང་ལས། གཞན་དག་ནི་འདི་ཉིད་ཀྱི་ཡོངས་སུ་གཏད་པའི་131ལེའུ་ལས། ནས། ཡང་དག་པར་སྡུད་པར་བྱེད་པ་ནི་འཕགས་པ་ཀུན་དགའ་བོ་ཡིན་ནོ་སྙམ་དུ་སེམས་སོ། །ཞེས་གསུངས་པའི་ཕྱིར།

(127) པར་ཐེངས་གཉིས་པ། པས་དེ་སངས་རྒྱས།

(128) པར་ཐེངས་གཉིས་པ། བསྟན་པ་སངས་རྒྱས་ཀྱིས་བསྟན་པ།

(129) པར་ཐེངས་གཉིས་པ། ཕྱིར་དེས།

(130) པར་ཐེངས་གཉིས་པ། འཕགས་པ་བྱམས་པ།

(131) པར་ཐེངས་གཉིས་པ། ལེའུ། ནས།

    དེ་ལ་ཁོ་ན་རེ། སྔོན་གྱི་ཀུན་མཁྱེན་དག་གི་གསུང་ལས། ཀུན་དགའ་བོས་ལུང་ཀུན་མ་བཟུང་བར་ཐལ། ཀུན་དགའ་བོས་ལོ་ཉི་ཤུ་ལྷག་ལ་ཆོས་ཕུང་བརྒྱད་ཁྲི་ལྷག་ཐོས་པ་གང་ཞིག །དེ་ལྟར་ན་དེས་ཆོས་གསུངས་པ་ཐམས་ཅད་མ་བཟུང་བར་ཤེས་པའི་ཕྱིར། དང་པོ་གྲུབ་སྟེ། ཀུན་དགའ་བོའི་མདོ་ལས། བདག་གི་ལོ་ཉི་ཤུ་ལྷག་བཙུན་པ་ལ་རིམ་གྲོ་བགྱིས། ཞེས་དང༌། ཡང་མདོ་དེ་ཉིད་ལས། བདག་གིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ལྷག་ནི་བཅོམ་ལྡན་འདས་ལས་བཟུང༌། གཉིས་ནི་དགེ་སློང་དག་ལས་སོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་ལྟར་ན་ལོ་བཞི་བཅུའི་ཕྱེད་ལ་ཆོས་ཀྱི་ཕུང་པོ་ཉིས་སྟོང་ལས་མང་གསུངས་དགོས་པའི་ཕྱིར་ཏེ། རྣམ་བཤད་རིགས་པ་ལས། དུས་དེ་སྲིད་དུ་བཞི་བཅུ་ཆ་བས་ཀྱང་ཉུང་བའི་ཆོས་བཤད་132པ་ནི་མི་རུང་བས་སོ། །ཞེས་གསུངས་པའི་ཕྱིར། སློབ་དཔོན་ལྟར་ན་དེ་ཀུན་སངས་རྒྱས་ལ་ཞུས་པ་དང་བྱིན་བརླབས་ཀྱིས་རྟོགས་ཟེར་དགོས་པར་སྣང༌། དེ་བཞིན་དུ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཉན་ཐོས་ཀྱིས་མི་ཤེས་པར་བཤད་པ་133དེ་གཞན་དུ་བཤད་ཟིན་པས་མང་དོགས་ནས་མ་སྤྲོས། ཡང་ཁ་ཅིག ཐེག་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལུགས་ལ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་ཆོས་ཕུང་གཅིག་གི་ཚད་ཡོད་དེ། མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་གསུངས་པ་ལྟར་ཡིན་ཟེར་ན། འོ་ན། ཉོན་མོངས་ཀྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོ་ཚང་བར་ཤེས་པའི་ཉན་ཐོས་དགྲ་བཅོམ་ཡོད་པར་ཐལ། མཛོད་ཀྱིས་བཤད་པ་ལྟར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཤེས་པའི་རྒྱུན་ཞུགས་ཡོད་པའི་ཕྱིར། དེར་ཐལ། དེ་འདྲའི་ཀུན་དགའ་བོ་ཡོད་པའི་ཕྱིར། དེར་ཐལ། ཉོན་མོངས་པ་སྣ་རེའི་སྤོང་བྱེད་ཀྱི་གཉེན་པོ་རྫོགས་ཙམ་དེས་ཀྱང་ཤེས་པའི་ཕྱིར་ཏེ། དེས་སྐད་ཅིག་རེ་རེ་ལ་འབུམ་ལྟ་བུ་འཛིན་པར་བཤད་ཟིན་པའི་ཕྱིར། རྩ་བར་འདོད་ན། ཉོན་134མོངས་པ་སྣ་གཅིག་གི་གཉེན་པོའི་སྒོ་ནས་ཆགས་པ་སྤངས་ཙམ་གྱིས་གཉེན་པོ་ཆ་ཚང་ཤེས་ན། འདོད་ཆགས་ལ་སྤྱོད་པའི་གཉེན་པོ་ཆ་ཚང་ཤེས་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རབ་འབྱོར་གྱིས་ཀྱང་དེ་དག་མི་ཤེས་པའི་ཕྱིར། རྟོག་གེ་འབར་བར་མདོ་དྲངས་པ་ལས། གནས་བརྟན་རབ་འབྱོར་གང་དེ་བཞིན་གཤེགས་པས་སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ཞིག་མཁྱེན་པ་དེ་ཁྱོད་ཀྱིས་ཤེས་སམ། རྟོགས་སམ། ནས། སྨྲས་པ་འཇམ་དཔལ་དེ་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། སྤྱོད་པ་སྣ་གཅིག་གི་གཉེན་པོའི་སྒོ་ནས་ཆགས་པ་སྤངས་པ་ཙམ་གྱིས། ཆགས་པ་ལ་སྤྱོད་པའི་ཆོས་ཕུང་གཅིག་རྫོགས་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཐོགས་འགྲེལ་ལས། དེ་ཡང་རྟག་ཏུ་འཇིགས་པ་དང་བཅས་པ། དེ་བཞིན་གཤེགས་པ་ལ་སྐྱབས་སུ་སོང་བ་ངེས་པར་འབྱུང་བ་ཚོལ་བ་སློབ་པ་བྱ་བ་དང་བཅས་པ། ཞེས་པའི་ལུང་དོན་མ་གྲུབ་པར་ཐལ། ཉན་ཐོས་དགྲ་བཅོམ་དེ་འདུ་བྱེད་ཀྱི་འཇིགས་པ་དང༌། སྐྱབས་འཚོལ་བ་དང༌། ངེས་པར་འབྱུང་དགོས་དང༌། ལམ་ལ་སློབ་པའི་བྱ་བ་མ་ཚར་བ་དག་མ་བསྟན་པའི་ཕྱིར། དེར་ཐལ། དེ་དག་རྫོགས་པའི་ཕྱིར། གཞན་ཡང༌། དེ་དག་ལ་དེ་བཞིན་གཤེགས་པས་ཆོས་སྟོན་པའི་བྱ་བ་རྫོགས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས།

(132) པར་ཐེངས་གཉིས་པ། པས།

(133) པར་ཐེངས་གཉིས་པ། དེ་དག་གཞན།

(134) པར་ཐེངས་གཉིས་པ། མོངས་སྣ།

    གཉིས་པ་རང་ལུགས་ལ། འཁོར་ལོ་དང་པོའི་དྲི་ཞུས་ལྟར་དོགས་པ་ཡོད་པའི་འཁོར་ལོ་དང་པོ་དེ་དགོངས་འགྲེལ་ལས་བཤད་པའི་འཁོར་ལོ་དང་པོའི་མཚན་ཉིད། གོ་ཐོབ་ནི། རང་གི་ཆེད་དུ་བྱ་བའི་གདུལ་བྱ་ཉན་ཐོས་སྡེ་བ་ལ་གཟུགས་ནས་འཕགས་ལམ་བར་གྱི་ཆོས་གང་རུང་ལ་བརྩམས་ནས་དོན་དམ་པར་རང་གི་མཚན་ཉིད་ཀྱིས་གྲུབ་པ་དངོས་སུ་སྟོན་པའི་སྒོ་ནས་དྲི་ཞུས་ལྟར་དོགས་པ་ཡོད་པའི་འཁོར་ལོ་དང་པོ་དེ། དགོངས་འགྲེལ་ནས་བཤད་པའི་འཁོར་ལོ་དང་པོའི་མཚན་ཉིད། སྤྱིར་འཁོར་ལོ་དང་པོ་ལ་ངེས་དོན་གྱི་མདོ་དང༌། དྲང་དོན་གྱི་མདོ་གཉིས་དང༌། དྲང་དོན་ལ་ཡང་སྒྲ་ཇི་བཞིན་ཡིན་མིན་གཉིས་ཡོད། བར་བའི་དྲི་ཞུས་ལྟར་དོགས་པ་ཡོད་པའི་འཁོར་ལོ་བར་བ། དེར་བཤད་འཁོར་ལོ་བར་བའི་མཚན་ཉིད། གོ་ཐོབ་ནི་རང་གི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་ལ་བརྗོད་བྱ་ངོ་བོ་ཉིད་མེད་པ་སོགས་ལྔ་པོ་གང་རུང་ལ་བརྩམས་ཤིང་བར་བའི་དྲི་ཞུས་ལྟར་དོགས་པ་ཡོད་པའི་འཁོར་ལོ་བར་བ་དེ། དགོངས་འགྲེལ་ནས་བཤད་པའི་འཁོར་ལོ་བར་བའི་མཚན་ཉིད། འདི་ལ་དྲང་ངེས་གཉིས་ཡོད་པས་ངེས་དོན་སྟོན་ཀྱང་སྒྲ་ཇི་བཞིན་མ་ཡིན་པ་ཤེར་སྙིང་དང་ཚུལ་བརྒྱ་ལྔ་བཅུ་པ་ལྟ་བུ། ཡུམ་རྒྱས་འབྲིང་དགག་བྱ་ལ་དོན་དམ་གྱི་ཁྱད་པར་དོན་གྱིས་སྦྱར་བའི་མདོ་ངེས་དོན་དང༌། འདིའི་གཉིས་པ་ཡིན། ངོ་བོ་ཉིད་གསུམ་ལ་བདེན་པར་གྲུབ་མ་གྲུབ་ཀྱི་ཁྱད་པར་ཕྱེ་ནས་སྟོན་པའི་ཐེག་ཆེན་གྱི་འཁོར་ལོ་ཐ་མ་དེ། ཐ་མ་ལེགས་ཕྱེའི་ཆོས་འཁོར་གྱི་མཚན་ཉིད། མཚན་གཞི་དབུ་མ་བའི་འདོད་པ་ལྟར་གྱི་མཚན་ཉིད་གསུམ་དངོས་སུ་སྟོན་པའི་འོད་སྲུང་ལེའུ། དགོངས་འགྲེལ། དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་གསུམ་དང༌། ལང་གཤེགས། རྒྱན་སྟུག་པོ་བཀོད་པ་རྣམས་ཡིན་ཏེ། དེ་དག་གིས་དབུ་མ་པའི་ལུགས་ཀྱི་དེ་གསུམ་གཙོ་བོ་དང༌། སེམས་ཙམ་པའི་དེ་གསུམ་ཞར་བྱུང་དུ་བསྟན་པའི་མདོ་གཉིས་གཉིས་ཡོད་པའི་ཕྱིར། དྲང་ངེས་རྣམ་འབྱེད་ལས། དགོངས་འགྲེལ་དང༌། ལང་གཤེགས་དང༌། ནས། ཆ་ཕྱེ་ནས་མདོའི་དོན་དུ་འཇོག་གོ །ཞེས་གསུངས་པའི་ཕྱིར། དོན་དམ་བདེན་པ་གཙོ་བོར་དངོས་སུ་སྟོན་པའི་མདོ། ངེས་དོན་གྱི་མདོའི་མཚན་ཉིད་ཡིན་ཏེ། གནས་ལུགས་ཀྱི་དོན་བསྟན་པ་དེར་ངེས་པའི་ཕྱིར་ཏེ། དགག་བྱའི་དོན་དམ་བསྟན་པ་ལྟ་བུ་མ་ཡིན་པར་ཚད་མ་དང་བཅས་པའི་དོན་དམ་བསྟན་པའི་ཕྱིར། ལེགས་བཤད་སྙིང་པོ་ལས། བདེན་པའི་སྐྱེ་བ་མེད་པར་གསུངས་པ་ནི་ཚད་མ་དང་ཡང་ལྡན་ལ་ཇི་ལྟར་བསྟན་པའི་དོན་དེ་ཆོས་དེའི་དེ་ཁོ་ན་ཉིད། ནས། འདྲེན་ཚུལ་གཉིས་གང་གིས་སྒོ་ནས་ཀྱང་དྲང་བར་མི་ནུས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཀུན་རྫོབ་བདེན་པ་གཙོ་བོར་དངོས་སུ་སྟོན་པའི་མདོ། དྲང་དོན་གྱི་མཚན་ཉིད་ཡིན་ཏེ། སྒྲ་ཇི་བཞིན་པ་མ་ཡིན་པའི་མདོར་མ་ཟད་ལས་དགེ་བ་ལས་བདེ་བ་དང༌། ནག་པོ་ལས་སྡུག་བསྔལ་སྐྱེ་བ་སྟོན་པའི་མདོ་ཡང་སྒྲ་ཇི་བཞིན་པ་ཡིན་ཀྱང་ལས་གཉིས་ལས་བདེ་སྡུག་སྐྱེ་བ་དེ་གཉིས་ཀྱི་གནས་ལུགས་མཐར་ཐུག་མ་ཡིན་པས་དེ་ལས་གཞན་བདེན་གྲུབ་བཅད་ཙམ་གྱི་བདེན་མེད་དུ་དྲངས་ནས་བཤད་དགོས་པའི་ཕྱིར་ཏེ། སྟོང་ཐུན་ལས། མདོ་དེའི་དོན་གཞན་དུ་དྲངས་དགོས་པ་འདི་ལ་ཚུལ་གཉིས་ཏེ། ཞེས་གསུངས་པའི་ཕྱིར།

གསུམ་པ་ཐལ་འགྱུར་བའི་ལུགས་ལའང་འཁོར་ལོ་གསུམ་དང་བསྐོར་ཚུལ་འདྲ། དྲང་ངེས་ཀྱི་མཚན་ཉིད་འདྲ་ཡང་མཚན་གཞི་མི་འདྲ། འཁོར་ལོ་དང་པོ་ལ་དྲང་ངེས་གཉིས་ཡོད་དེ། འདུས་བྱས་མི་རྟག་པར་སྟོན་པའི་འཁོར་ལོ་དང་པོ་དྲང་དོན་དང༌། བདེན་བཞིའི་མདོ་ལས། སྡུག་བསྔལ་ཤེས་པར་བྱར་མེད། ཀུན་འབྱུང་སྤངས་པར་བྱར་མེད་སོགས་དང༌། ཐེག་དམན་གྱི་མདོ་ལས། གཟུགས་ནི་དབུ་བ་བརྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་བཞིན། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་པར་ཤེས་པ་སྒྱུ་མ་ལྟར། །ཉི་མའི་གཉེན་གྱིས་བཀའ་བསྩལ་ཏོ། །ཞེས་པས་ཐལ་འགྱུར་བས་ཕུང་པོ་ལྔ་རང་བཞིན་མེད་པ་དང༌། རང་རྒྱུད་པས་གཟུགས་སོགས་མི་རྟག་པ་སོགས་སུ་བཤད་པར་འདོད་པའི་ཕྱིར། དགོངས་འགྲེལ་ལས་བཤད་པའི་འཁོར་ལོ་དང་པོ་དང་ཐ་མ་ལ་དྲང་དོན་གྱིས་ཁྱབ་སྟེ། དེ་ལ་སྟོང་ཉིད་དངོས་སུ་སྟོན་པའི་མདོ་མེད་པའི་ཕྱིར། དེ་ནས་བཤད་པའི་བར་བ་ལ་ངེས་དོན་གྱིས་ཁྱབ་པར་འདོད་དེ། ཤེར་སྙིང་ངེས་དོན་གྱི་མདོ་ཡིན་པའི་ཕྱིར་ཏེ། ཕུང་པོ་ལྔ་རང་བཞིན་མེད་པར་དངོས་སུ་སྟོན་པའི་མདོ་ཡིན་པའི་ཕྱིར། དེས་ན་དགོངས་འགྲེལ་གྱི་དྲང་ངེས་ལྟར་མི་རུང་བར་བཞེད་པའི་ཕྱིར། འཁོར་ལོ་གསུམ་ཡང་བསྟན་ཏེ། བརྗོད་བྱའི་སྒོ་ནས་གསུམ་བསྟན་པའི་ཕྱིར་ཏེ། དུས་དང་པོ་ལྔ་སྡེ་ལ་ཆོས་འཁོར་སྐོར་བའི་ཚེ་འཁོར་ལོ་དང་པོ་བསྐོར། ཤེར་མདོ་གསུངས་ཚེ་འཁོར་ལོ་བར་བ་བསྐོར། དགོངས་འགྲེལ་བཤད་པའི་ཚེ་འཁོར་ལོ་གསུམ་པ་བསྐོར་བར་བཤད་པའི་ཕྱིར། དང་པོ་གྲུབ་སྟེ། དེའི་ཚེ་མདོ་ལས། ནམ་135མཁའ་ལ་ལྷ་རྣམས་ཀྱིས་ཨ་ལ་ལ་འཛམ་བུ་གླིང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་མཐོང་ངོ༌། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། བརྒྱད་སྟོང་ལས། ཨ་ལ་ལ་འཛམ་བུ་གླིང་དུ་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། དགོངས་འགྲེལ་ལས། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། ཞེས་གསུངས་པའི་ཕྱིར།

(135) པར་ཐེངས་གཉིས་པ། མཁའ་ནས།

    རྩོད་སྤོང་ལ་ཁོ་ན་རེ། ཤེས་རབ་སྙིང་པོ་རང་རྒྱུད་པའི་ལུགས་ལ། རང་གི་མཚན་ཉིད་ཀྱིས་གྲུབ་པའི་སྟོང་པ་ཙམ་ཚིག་ཟིན་ལ་བསྟན་པར་ཐལ། དེ་དྲང་དོན་དུ་འགྲེལ་བའི་ཕྱིར། དེར་ཐལ། ཚིག་ཟིན་ལ་དེ་ལྟར་བསྟན་ཀྱང་བདེན་གྲུབ་ཀྱི་རང་བཞིན་མེད་པ་གཙོ་བོར་བཤད་དགོས་པའི་ཕྱིར་ཏེ། དབུ་མ་སྣང་བའི་གཞུང་གོང་འོག་བསྒྲིགས་ན་དེ་ལྟར་ཡིན་པའི་ཕྱིར། ལེགས་བཤད་སྙིང་པོ་ལས། གོང་འོག་བསྒྲིགས་ན་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ངོ་བོ་དང་སྐྱེ་འགག་སོགས་མེད་པར་འཛིན་པ་སྒྲ་ཇི་བཞིན་པར་འཛིན་པ་ཡིན་ཀྱང༌། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེས་ཚིག་ཟིན་ལ་གཟུགས་སོགས་མེད་པར་བསྟན་པའི་ཕྱིར། དེར་ཐལ། གཟུགས་སོགས་མེད་ཅེས་སྟོན་པའི་དེའི་མདོ་ཚིག་ཡོད་པའི་ཕྱིར། དེར་ཐལ། གཟུགས་མེད་སྒྲ་མེད་ཅེས་སྟོན་པའི་མདོ་ཚིག་ཡོད་པའི་ཕྱིར། དེར་ཐལ། གཟུགས་མེད་སྒྲ་མེད་ཅེས་པའི་མདོ་ཚིག་ཡོད་པའི་ཕྱིར་ན་མ་ཁྱབ། འོ་ན། ཁྱོད་རང་ལ་གཟུགས་མེད་ཅེས་པའི་མདོ་ཆོས་ཅན། གཟུགས་མེད་ཅེས་དངོས་སུ་བསྟན་པར་ཐལ། གཟུགས་མེད་ཅེས་དངོས་སུ་སྟོན་པའི་མདོ་ཚིག་ཡིན་པའི་ཕྱིར། རྟགས་ཁས། དེར་ཐལ། གཟུགས་མེད་ཅེས་པའི་མདོ་ཚིག་ཡིན་པའི་ཕྱིར། ཁྱབ་པ་ཁས། རྩ་བར་འདོད་ན། གཟུགས་མེད་པར་སྟོན་དགོས་ཀྱི་གདུལ་བྱ་ཡོད་པར་ཐལ། འདོད་པའི་ཕྱིར། མ་ཁྱབ་ན། དགོས་པ་མེད་བཞིན་དུ་དེ་ལྟར་བསྟན་པར་ཐལ་ལོ། །འདོད་མི་ནུས་ཏེ། མངོན་གསུམ་ལ་སྐུར་འདེབས་སྟོན་དགོས་མེད་པའི་ཕྱིར། ཡང་ཁོ་ན་རེ། ཤེས་རབ་སྙིང་པོ་ཆོས་ཅན། ངེས་དོན་གྱི་མདོ་ཡིན་པར་ཐལ། དོན་དམ་བདེན་པ་གཙོ་བོར་དངོས་སུ་སྟོན་པའི་མདོ་ཡིན་པའི་ཕྱིར། དེར་ཐལ། དེ་དངོས་སུ་སྟོན་པའི་སྒྲ་ཇི་བཞིན་པ་མ་ཡིན་པའི་མདོ་ཡོད་པའི་ཕྱིར། དེར་ཐལ། དེས་ན་ངེས་དོན་གྱི་མདོའི་མཚན་ཉིད་ཀྱི་ཟུར་དུ་ཚད་མས་མི་གནོད་པ་སྣོན་དགོས་པའི་ཕྱིར། དབུ་མ་སྣང་བ་ལས། ངེས་པའི་དོན་ཀྱང་གང་ལ་བྱ་ཞེ་ན། ཚད་མ་དང་བཅས་པ་དང་དོན་དམ་པའི་དབང་དུ་མཛད་ནས་བཤད་པ་གང་ཡིན་པ་སྟེ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། སེམས་ཙམ་པ་བཞིན་དུ་བསྟན་པ་ལྟར་གྱི་དོན་ཚད་མས་གྲུབ་ཙམ་གྱིས་མི་འཇོག་པར་དོན་དམ་དངོས་སུ་བསྟན་པ་གཅིག་དགོས། སེམས་ཙམ་པའིི་ཡོངས་གྲུབ་བདེན་གྲུབ་ལྟ་བུའི་དོན་དམ་མེད་པས་དེ་དགག་བྱེད་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ལེགས་བཤད་སྙིང་པོ་ལས། བསྟན་པ་ལྟར་གྱིས་དོན་ཡོད་མེད་ལ་136དྲང་ངེས་ཚད་མ་དང་བཅས་པས་ཆོག་ཀྱང༌། དེས་མི་ཆོག་པས་དོན་དམ་པའི་དབང་དུ་མཛད་པ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དོགས་སེལ་དེ་ལྟར་གསུངས་ཡང་ཚད་མས་གྲུབ་པ་མ་སྦྱར་བར་ཡང་ངེས་དོན་བཤད་པའི་ཕྱིར། དང་པོ་གྲུབ་སྟེ། དབུ་མ་སྣང་བ་ལས། འདི་ལ་ཀུན་བཏགས་པའི་ངོ་བོ་ཉིད་ཁོ་ན་རང་བཞིན་137ཡིན་པར་ རིག་པ་ཡང་མ་ཡིན་ཏེ། དེ་ནི་གློ་བུར་བ་ཉིད་ཀྱིས་རང་བཞིན། ནས། ཕྱི་རོལ་དུ་གྱུར་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དོན་དམ་པར་གྲུབ་པ་ཀུན་བཏགས་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། དབུ་མ་སྣང་བ་ལས། དེ་ལྟ་བས་ན་དོན་དམ་པ་བརྗོད་པ་ཁོ་ན་ངེས་པའི་དོན་ཡིན་ལ་ལྡོག་པ་ནི་དྲང་བའི་དོན་ཡིན་ནོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། ཡུམ་རྒྱས་པ་ལས། གཟུགས་འདུ་ཤེས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང༌ངོ། །ནས། གཟུགས་སྐྱེ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཞེས་དགག་བྱ་ལ་དོན་དམ་གྱི་ཁྱད་པར་དོན་གྱིས་སྦྱར་བའི་མདོ་རྣམས་ཆོས་ཅན། ངེས་དོན་གྱི་མདོའི་མཚན་ཉིད་དེར་ཐལ། ངེས་དོན་གྱི་མདོ་ཡིན་པའི་ཕྱིར། དེར་ཐལ། དགོངས་འགྲེལ་གྱིས་དགོངས་པ་དྲིས་ནས་ངེས་དོན་དུ་བྱེད་པའི་མདོ་ཡིན་པའི་ཕྱིར། དབུ་མ་སྣང་བ་ལས། དེའི་ཕྱིར་དགོངས་པ་བསྟན་པ་ཡང་ངེས་པའི་དོན་ཉིད་དུ་འགལ་བར་མི་བྱེད་དོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། བདེན་མེད་གཙོ་བོར་དངོས་སུ་སྟོན་པའི་མདོ་ཡིན་པར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། བདེན་གྲུབ་གཙོ་བོར་དངོས་སུ་བཀག་པར་ཐལ། འདོད་པའི་ཕྱིར། འདོད་ན། བདེན་གྲུབ་ཚིག་ཟིན་ལ་བཀག་པར་ཐལ། བདེན་གྲུབ་དངོས་བསྟན་ལ་བཀག་པའི་ཕྱིར་ན་མ་ཁྱབ་སྟེ། སྒྲས་ཟིན་སྒྲ་ཇི་བཞིན་པ་མིན་ཀྱང་དངོས་བསྟན་སྒྲ་ཇི་བཞིན་པ་ཡིན་པའི་གཞི་མཐུན་གྱི་མདོ་ཡིན་པའི་ཕྱིར། དེར་ཐལ། དབུ་མ་སྣང་བ་ལས། དེ་ནི་དོན་དམ་པ་ལ་དགོངས་པས་བསྟན་པའི་ཕྱིར། མཐོང་བ་ལ་སོགས་པ་དང་འགལ་བ་ཡང་མིན་ལ་སྒྲ་ཇི་བཞིན་དུ་ཡང་ཡོངས་སུ་རྟོགས་པ་ཡང་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་འདྲའི་དགོངས་པ་བསྟན་པའི་མདོ་དང་ངེས་དོན་མི་འགལ་བའི་ཕྱིར། དེའི་གྲུབ་དོན་འཆད་པ་ན། དབུ་མ་སྣང་བ་ལས། དེའི་ཕྱིར་དགོངས་པ་བསྟན་པ་ཡང་ངེས་པའི་དོན་ཉིད་དུ་འགལ་བར་མི་བྱེད་དོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ནི་རྗེ་རང་གི་བཞེད་ཚུལ་མ་ནོར་བ་ཡིན་པའི་ཕྱིར་ཏེ། ལུང་དེའི་དོན་ལེགས་བཤད་སྙིང་པོ་ལས། དགག་བྱ་ལ་ཁྱད་པར་སྐབས་དེར་མ་སྦྱར་བའི་སྐྱེ་བ་མེད་པ་ལ་སོགས་པ་སྒྲ་ཇི་བཞིན་པ་མ་ཡིན་པས་ངེས་དོན་མིན་ནོ་སྙམ་དུ་མི་བཟུང་སྟེ། ཞེས་པ་ནས། དོན་གྱིས་སྦྱར་ཟིན་པས་དངོས་སུ་མ་སྨོས་པ་དེ་དག་ཀྱང་སྒྲ་ཇི་བཞིན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། དགག་བྱ་ལ་དོན་དམ་གྱི་138ཁྱད་པར་སྦྱར་བར་ཐལ། དགག་བྱའི་ཁྱད་པར་བདེན་གྲུབ་མེད་པ་ཚིག་ཟིན་ལ་སྦྱར་བའི་ཕྱིར། འདོད་ན། ཅི་ལ་དགོངས་དྲི་མི་དགོས་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། ཚིག་ཟིན་ལྟར་སྐྱེ་བ་མེད་པ་འཇིག་རྟེན་གྱིས་མཐོང་བ་དང་འགལ་བ་སྤང་བའི་ཕྱིར་དུ་དགོངས་པ་དྲིས་ལ་ཚིག་ཟིན་སྒྲ་ཇི་བཞིན་མི་རུང་བའི་ཕྱིར་ཏེ། དབུ་མ་སྣང་བ་ལས། མཐོང་བ་ལ་སོགས་པ་དང་འགལ་བ་སྤངས་པའི་ཕྱིར་དང། སྒྲ་ཇི་བཞིན་དུ་རྟོགས་པ་བསལ་བའི་ཕྱིར་འཕགས་པ་དགོངས་པ་ངེས་པར་འགྲེལ་བ། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དེ་དག་དགག་བྱ་ལ་དོན་དམ་གྱི་ཁྱད་པར་དངོས་སུ་མ་སྦྱར་ལ་དོན་གྱིས་སྦྱར་བ་དང་དངོས་བསྟན་སྒྲ་ཇི་བཞིན་པ་གསུམ་གའི་གཞི་མཐུན་ཡིན་པའི་ཕྱིར་ཏེ། ལེགས་བཤད་སྙིང་པོ་ལས། དཔེར་ན་འབུམ་ལས་དེ་ཡང་འཇིག་རྟེན་ཐ་སྙད་དུ་ཡིན་གྱི་དོན་དམ་པར་ནི་མིན་ནོ། །ཞེས་ཆོས་རྣམས་ཀྱི་སྐྱེ་བ་སོགས་ལ་སྐབས་གཅིག་ཏུ་སྦྱར་ན་སྐབས་གཞན་དུ་ཡང་དོན་གྱིས་སྦྱར་ཟིན་པས་དངོས་སུ་མ་སྨོས་པ་དེ་དག་ཀྱང་སྒྲ་ཇི་བཞིན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།

(136) པར་ཐེངས་གཉིས་པ། དྲང་ངེས་སུ་ཚད་མ།

(137) པར་ཐེངས་གཉིས་པ། ཡིན་པའི་ཕྱིར། རིགས་པ།

(138) པར་ཐེངས་གཉིས་པ། ཁྱད་པར་དངོས་སུ་སྦྱར།

    ཡང་ཁོ་ན་རེ། གང་ཟག་གི་བདག་ཡོད་པར་སྟོན་པའི་མདོ་ཆོས་ཅན། ཀུན་རྫོབ་བདེན་པ་གཙོ་བོར་དངོས་སུ་སྟོན་པའི་མདོ་ཡིན་པར་ཐལ། ཁྱོད་དྲང་དོན་གྱི་མདོ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་གྱི་མདོ་ཡིན་པའི་ཕྱིར། དེར་ཐལ། དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་གསུམ་ཚང་བའི་དྲང་དོན་གྱི་མདོ་ཡིན་པའི་ཕྱིར། བློ་གྲོས་མི་ཟད་པའི་མདོ་ལས། མདོ་སྡེ་གང་དག་བདག་དང་སེམས་ཅན་དང༌། ནས། བདག་པོ་མེད་པ་ལ་བདག་པོ་ལྟ་བུར་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། བདག་གཅིག་ལ་སེམས་ཅན་དང་གསོ་བ་ནས་ཚོར་བ་པོའི་བར་གྱི་མིང་ངམ་སྐད་སྣ་ཚོགས་དང་དེ་ཡང་བྱེད་པ་བོ་ལ་བྱ་བྱེད་སོ་སོར་རྫས་སུ་ཡོད་པར་བཤད་པའི་ཕྱིར། ལེགས་བཤད་སྙིང་པོ་ལས། བདག་དང་སེམས་ཅན་སོགས་ཡོད་པ་ལྟར་བསྟན་པ་ནི་ཀུན་རྫོབ་སྟོན་པ་སྟེ། དེ་ཡང་དེ་ཙམ་ཞིག་སྟོན་པ་མིན་གྱི་བྱེད་པ་བོ་དེ་ལ་ལྟོས་ནས། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། ཁྱོད་ཀྱི་དངོས་བསྟན་གྱི་དོན་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། གང་ཟག་གི་བདག་ཡོད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། གདུལ་བྱའི་བསམ་ངོ་ལ་ལྟོས་པའི་བདག་དེ་དེའི་དངོས་བསྟན་གྱི་དོན་ཡིན་པའི་ཕྱིར། དེར་ཐལ། དེ་བཞིན་གཤེགས་པས་གང་ཟག་གི་བདག་ཡོད་པ་ལྟ་བུའི་དྲང་དོན་གསུངས་པ་གདུལ་བྱའི་བསམ་པའི་དབང་གིས་ཡིན་ལ། དངོས་པོའི་གནས་ཚོད་གསུངས་པ་མ་ཡིན་པའི་ཕྱིར་ཏེ། མདོ་ཀུན་བཏུས་ལས། དེ་བཞིན་གཤེགས་པའི་གདུལ་བྱའི་བསམ་པའི་དབང་གིས་139ཐེག་པའི་སྒོ་སྣ་ཚོགས་ཉེ་བར་སྟོན་པའི་ཆོས་ཉིད་ཟབ་མོ་འདི་སྟོན་ཏེ། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། གང་ཟག་གི་བདག་མེད་ཀྱང༌། མུ་སྟེགས་པ་དངོས་སམ་ཚེ་སྔ་མར་དེའི་ལྟ་བ་ལ་ཞེན་ཆེ་བ་ལ་གང་ཟག་གི་བདག་དང་བདག་མེད་གཉིས་ལས་གང་ཟག་གི་བདག་བསྟན་ནས་རྒྱུད་སྦྱོང་བའི་ཕྱིར་ཏེ། བཞི་བརྒྱ་པ་ལས། དམ་པ་མིན་ལ་བདག་འཛིན་མཆོག །བདག་མེད་སྟོན་པ་མ་ཡིན་ཏེ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མུ་སྟེགས་པས་བདག་ཡོད་པར་བཤད་པ་ནི་སྒྲས་ཟིན་ལས་མེད་པས་བརྗོད་བྱ་མེད་ལ་སྟོན་པས་བདག་ཡོད་པར་གསུངས་པ་ནི་སྒྲས་ཟིན་ལྟར་མེད་ཀྱང་བརྗོད་བྱ་དང་དགོངས་དོན་ཡོད་པས་ཁྱབ་པའི་ཕྱིར། ལེགས་བཤད་སྙིང་པོ་ལས། བདག་ཡོད་པར་སྨྲ་བ་རྣམས་ཀྱིས། ནས། སྟོན་པས་གསུངས་པ་ནི་རེ་ཞིག་སྒྲས་ཟིན་གྱི་དོན་དེ་ཡོད་པར་བསྟན་ནས། ཕྱི་ནས་གང་ལ་བསམ་ནས་གསུངས་པའི་དོན་དེ་ལ་དྲངས་པའི་ཕྱིར་ཡིན་པས་དེ་གཉིས་མི་མཚུངས་སོ། །ཞེས་གསུངས་པའི་ཕྱིར།

(139) པར་ཐེངས་གཉིས་པ། རིག་པའི།

    ཡང་ཁོ་ན་རེ། སེམས་ཙམ་པས་གཞན་དབང་ཡོངས་གྲུབ་བདེན་གྲུབ་ཏུ་བཤད་པ་མདོའི་དོན་ཡིན་པར་ཐལ། དེ་དགོངས་འགྲེལ་གྱི་བཤད་ཚུལ་ཕལ་པ་ཡིན་པའི་ཕྱིར། འདོད་ན། གསུངས་པ་པོ་ལ་ནང་འགལ་ཡོད་པར་ཐལ་བ་དང༌། མདོའི་དོན་གཉིས་ཀར་ཐལ། དབུ་མ་པས་དེ་གཉིས་བདེན་པར་མེད་པར་བཤད་པ་ཡང་མདོའི་དོན་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། སེམས་ཙམ་པ་ལ་ལྟོས་ཏེ་གཞན་དབང་ཡོངས་གྲུབ་བདེན་གྲུབ་ཏུ་ཡོད་ཅིང་མདོའི་དོན་ཡིན་ལ། དབུ་མ་པ་ལ་ལྟོས་ནས་དེ་གཉིས་བདེན་པར་མེད་ཅིང་བསྟན་པའི་སྣོད་དུ་རུང་བ་དེ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ལེགས་བཤད་སྙིང་པོ་ལས། གལ་ཏེ་རྣམ་རིག་པས་བཀྲལ་བ་དེ་གདུལ་བྱའི་བློ་ལ་ལྟོས་ཏེ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཡོད་ལ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེས་ན། ཕ་དང་མ་ནི་བསད་བྱ་ཞིང༌། །ཞེས་པའི་མདོ་དང༌། གཞན་དབང་ཡོངས་གྲུབ་བདེན་གྲུབ་དུ་དངོས་སུ་སྟོན་པའི་མདོ་གཉིས་དྲང་དོན་དུ་འགྲེལ་ཚུལ་མི་འདྲ་བའི་ཕྱིར། དེར་ཐལ། མདོ་སྔ་མས་སྒྲས་ཟིན་ལྟར་ཕ་མ་བསད་བྱ་དེ་བརྗོད་བྱ་ཙམ་ཡང་མིན་ལ། བསམ་དོན་གྱི་སྲིད་སྲེད་གཉིས་སྤངས་པ་བརྗོད་དོན་ཡིན་པ་གང་ཞིག །གཞན་དབང་ཡོངས་གྲུབ་བདེན་གྲུབ་དེ་བརྗོད་བྱ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེའི་རང་གི་གདུལ་བྱ་ལ་སྲིད་སྲེད་སྤངས་པ་ལ་ཕ་མ་བསད་ཅེས་དངོས་བསྟན་གྱི་བརྗོད་བྱར་བྱས་ཀྱི། ཕ་མ་བསད་བྱར་དེ་ལ་མི་སྟོན་པའི་ཕྱིར་ཏེ། དེའི་ཕ་མ་ལ་གང་ཟག་མ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། དེས་ན་འདི་དང་མདོ་ཕྱི་མ་གཉིས་དྲང་དོན་དུ་བཤད་ཚུལ་མི་གཅིག་པའི་ཕྱིར་ཏེ། ལེགས་བཤད་སྙིང་པོ་ལས། སྒྲས་ཟིན་བརྗོད་བྱའི་140དོན་མིན་ཡང་སྨྲ་བ་པོའི་བརྗོད་འདོད་ཀྱི་དོན་སྲིད་སྲེད་བརྗོད་བྱ་ཡིན་པ་ལྟར་འདི་ལ་བྱར་མེད་དེ། ཞེས་གསུངས་པའི་ཕྱིར་དང༌། འདི་ཞེས་པ་མདོ་ཕྱི་མ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། དེས་ཕ་མ་ཞེས་པའི་མདོ་ལྟར་མ་ཡིན་པར་གསུངས་པ་པོས་གཞན་དབང་ཡོངས་གྲུབ་བདེན་གྲུབ་རང་གི་ཆེད་དུ་བྱ་བའི་གདུལ་བྱ་ལ་141བསྟན་ནས་རེ་ཞིག་འཛིན་དུ་གཞུག་པའི་ཕྱིར་ཏེ། ལེགས་བཤད་སྙིང་པོ་ལས། འདི་ལ་བྱར་མེད་དེ། གསུངས་པ་པོས་འདིའི་གདུལ་བྱ་ལ་དངོས་བསྟན་གྱི་དོན་དེ་ཉིད་འཛིན་དུ་འཇུག་པར་བཞེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེས་ན་གདུལ་བྱ་ལ་ལྟོས་པའི་དེ་གཉིས་བདེན་གྲུབ་ནི་དངོས་བསྟན་གྱི་བརྗོད་བྱ་དང་ཚད་གྲུབ་ཡིན་ཀྱང་གནོད་བྱེད་སྟོན་པའི་སྒྲས་ཟིན་གྱི་བརྗོད་བྱ་ལ་གཞན་དབང་ཡོངས་གྲུབ་བདེན་གྲུབ་དེ་བྱེད་དགོས་ཤིང་དེ་ལ་གནོད་པ་བསྟན་ནས་ངེས་དོན་མ་ཡིན་པར་སྒྲུབ་པ་ཡིན་པའི་ཕྱིར། ལེགས་བཤད་སྙིང་པོ་ལས། དེས་ན་འདི་ལ་བརྗོད་བྱ་ཞིག་བསྟན་དགོས། ནས། འདོད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདི་དག་དབུ་ཕར་ལ་སུས་གསལ་བར་བཤད་པ་མི་སྣང་བས་ལེགས་པར་བཤད་ཡོད། ཡང་ཁོ་ན་རེ། དགོངས་འགྲེལ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །ཅེས་པའི་མདོ་དང༌། བདེ་གཤེགས་སྙིང་པོའི་མདོ་ལས། རང་བཞིན་གྱིས་འོད་གསལ་བ་རྣམ་པར་དག་པས་ཐོག་མ་ནས་རྣམ་པར་དག་པ་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་མཆིས་པར་བརྗོད་དོ ནས། རྟག་པ་བརྟན་པ་དང་ཐེར་ཟུག་པ་ནི་བརྗོད། ཅེས་གསུངས་པ་གཉིས་ཀྱི་དགོངས་གཞི་མི་གཅིག་པར་ཐལ། གསུངས་ཡུལ་གྱི་གདུལ་བྱ་ཡང་མི་གཅིག །ངོ་བོ་རྟག་མི་རྟག་ཀྱང་མི་གཅིག །དགོངས་པ་ཡང་མི་གཅིག་པའི་ཕྱིར་ན་མ་ཁྱབ། རྟགས་དང་པོ་གྲུབ་སྟེ། སྙིང་པོ་རྟག་བརྟན་གསུངས་ཡུལ་གཞན་སྡེའམ་སྔོན་གཞན་སྡེའི་ལྟ་བར་གོམས་ཆེ་བས་རེ་ཞིག་གང་ཟག་གི་བདག་མེད་ཐུན་མོང་བ་ཡང་བསྟན་དུ་མི་རུང་བའི་གང་ཟག་ཡིན་ལ། ཀུན་གཞི་སྟོན་ཡུལ་ལ་ཆོས་དང་གང་ཟག་གི་བདག་མེད་རགས་པ་གཉིས་སྟོན་རུང་བའི་ཕྱིར། རྟགས་ཟུར་དང་པོ་གྲུབ་སྟེ། ལེགས་བཤད་སྙིང་པོ་ལས། རེ་ཞིག་ལ་གང་ཟག་གི་བདག་མེད་ཐུན་མོང་བ་ཡང་རྫོགས་པར་བཤད་དུ་མི་རུང་བའི་གཞན་སྡེའི་རིགས་ཅན་དྲངས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། 142ཟུར་གཉིས་པ་གྲུབ་སྟེ། ལེགས་བཤད་སྙིང་པོ་ལས། ཀུན་གཞི་གང་གི་ཆེད་དུ་གསུངས་པ་ནི་གང་ཟག་གི་བདག་མེད་ཐུན་མོང་བ་དང་གཟུང་འཛིན་གཉིས་སྟོང་གི་ཆོས་ཀྱི་བདག་མེད་སྟོན་པའི་སྣོད་དུ་རུང་ལ། ཞེས་གསུངས་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། དེས་ན་སྒྲས་ཟིན་གཉིས་གཅིག་ཏུ་མི་རུང་བའི་ཕྱིར། དེར་ཐལ། ཀུན་གཞི་ཡོད་ན་རྣམ་ཤེས་ཡིན་དགོས་ལ། དེ་བཞིན་གཤེགས་པའི་སྙིང་པོ་ཚིག་ཟིན་དང་དོན་གང་ལའང་རྟག་པ་ཡིན་པའི་ཕྱིར། ལེགས་བཤད་སྙིང་པོ་ལས། དེ་ཡང་དེ་གཉིས་གཅིག་རྟག་ལ་གཅིག་མི་རྟག་པར་བཤད་པས་སྒྲས་ཟིན་གྱི་དོན་གཉིས་གཅིག་ཏུ་བསྟན་པ་མིན་ཡང༌། ཞེས་གསུངས་པའི་ཕྱིར། རྩ་རྟགས་གསུམ་པ་གྲུབ་སྟེ། སྙིང་པོ་ནི་མུ་སྟེགས་དང་དེའི་རིགས་ཅན་བདག་མེད་ལ་སྐྲག་པ་སྤངས་པ་དང་རྣམ་ཐར་སྒོ་གསུམ་ལ་ཁ་དྲངས་པའི་ཆེད་ཡིན། ཀུན་གཞི་ནི་ཕྱི་རོལ་ཡུལ་ལ་ཆགས་པ་ཆེ་བ་བཟློག་པ་དང༌། ཡུལ་བདག་མེད་རྟོགས་ནས་ཡུལ་ཅན་བདེན་མེད་རྟོགས་སླ་བའི་ཆེད་ཡིན་པའི་ཕྱིར། ཟུར་དང་པོ་གྲུབ་སྟེ། ལང་གཤེགས་ལས། བྱིས་པས་བདག་མེད་ལ་སྐྲག་པ་སྤངས་པ་དང༌། མུ་སྟེགས་བྱེད་བདག་ཏུ་སྨྲ་བ་ལ་ཞེན་པ་རྣམས་དྲངས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཟུར་གཉིས་པ་གྲུབ་སྟེ། འཇུག་པ་ལས། གཟུགས་ལ་ཤིན་ཏུ་ཆགས་གང་དེ་དག་ལ། །གཟུགས་ཟློག་པ་སྟེ། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། བདེ་གཤེགས་སྙིང་པོ་རྟག་བརྟན་དྲང་དོན་དུ་བཤད་པས་ཀུན་གཞི་ཡང་དྲང་དོན་དུ་མི་འགྲོ་བར་ཐལ། དེ་གཉིས་གང་ལ་དགོངས་པའི་དགོངས་གཞི་གཅིག་པ་མི་རུང་བའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་སྒྲས་ཟིན་སོགས་སྔར་ལྟར་འགལ་ཡང་དགོངས་གཞི་སྟོང་ཉིད་ལ་དགོངས་པའི་ཕྱིར། དེར་ཐལ། སེམས་ཅན་གྱི་སེམས་བདེན་པར་མེད་པ་བདེ་གཤེགས་སྙིང་པོ་ལ་དགོངས་ནས་ཀུན་གཞི་དང། དེ་བཞིན་བཤེགས་པའི་སྙིང་པོ་རྟག་བརྟན་མཚན་དཔེའི་སྐུ་དང་སྟོབས་བཅུ་ཅན་ཡོད་པར་བཤད་པའི་ཕྱིར་ཏེ། རྒྱན་སྟུག་པོ་བཀོད་པ་ལས། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་པོ་དགེ་བའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་རྣམས་སྟོན་པར་མཛད། །ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། དེས་སྔ་མ་དྲང་དོན་དུ་བཤད་པས་ཕྱི་མའང་འགྲུབ་པའི་ཕྱིར། ལེགས་བཤད་སྙིང་པོ་ལས། སྒྲས་ཟིན་གྱི་དོན་གཉིས་གཅིག་ཏུ་བསྟན་པ་མིན་ཡང༌། ཞེས་པ་ནས། དགོངས་པའི་དོན་ལ་ལྟོས་ཏེ་མིང་གི་རྣམ་གྲངས་ཡིན་པར་དོན་གཅིག་གོ །དེ་ལྟར་ན་སྔ་མ་དྲང་དོན་དུ་བསྟན་པ་ཉིད་ཀྱིས་ཕྱི་མ་ཡང་དྲང་དོན་དུ་འགྲུབ་བོ། །ཞེས་གསུངས་པའི་ཕྱིར་དང། འཇུག་འགྲེལ་ལས་ཀྱང༌། དངོས་པོ་ཐམས་ཅད་ཀྱི་རང་བཞིན་གྱིས་རྗེས་སུ་ཞུགས་པའི་ཕྱིར་སྟོང་ཉིད་ཁོ་ན་ཀུན་གཞི་རྣམ་པར་ཤེས་པའི་སྒྲས་བསྟན་པར་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར།

(140) པར་ཐེངས་གཉིས་པ། དོན་ཡིན་ཡང།

(141) པར་ཐེངས་གཉིས་པ། བསྟན་པ་རེ།

(142) པར་ཐེངས་གཉིས་པ། རྟགས་ཟུར།

    ཡང་ཁ་ཅིག་འོ་ན། རྒྱུད་བླ་མའི་བཤད་བྱ་སྙིང་པོའི་མདོ་དེ་ཡང་དྲང་དོན་ཡིན་པར་ཐལ། ལང་གཤེགས་དང་འཇུག་འགྲེལ་གྱིས་བདེ་གཤེགས་སྙིང་པོ་མཚན་དཔེ་དང་སྟོབས་བཅུ་སོགས་རྟག་བརྟན་སྟོན་པའི་མདོ་དྲང་དོན་དུ་བཤད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། མདོ་དེ་ལས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱ་རུང་གི་ཆོས་ཉིད་ཡོད་པ་དྲི་མ་དང་བཅས་ཀྱང་གློ་བུར་བ་ཡིན་པས་འབྲལ་རུང་ཡིན་པ་དེ། དཔེ་དགུས་བསྟན་པའི་ཕྱིར། སྙིང་པོའི་མདོ་ལས། རིགས་ཀྱི་བུ་ཇི་ལྟར་དེ་བཞིན་གཤེགས་པའི་སྤྲུལ་པའི་པད་མ་ཁ་དོག་ངན་པའི་ནང་ན་དེ་བཞིན་གཤེགས་པའི་སྐུ་སྐྱིལ་མོ་ཀྲུང་བཅས་ཤིང་འཁོད་དེ། ཞེས་པ་ནས། ཉོན་མོངས་ཅན་དུ་གྱུར་པའི་སེམས་ཅན་དེ་དག་གི་ནང་ན་དེ་བཞིན་གཤེགས་པའི་ཆོས་ཉིད་མི་གཡོ་ཞིང་སྲིད་པའི་འགྲོ་བ་ཐམས་ཅད་ཀྱིས་མ་གོས་པ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཐོགས་འགྲེལ་ལས། །དོན་གྱི་གནས་གསུམ་པོ་འདི་དག་ཀྱང་དེ་བཞིན་གཤེགས་པའི་སྙིང་པོའི་མདོའི་རྗེས་སུ་འབྲངས་ཏེ། ཞེས་གསུངས་པ་གང་ཞིག དོན་གྱི་གནས་གསུམ་ལ་གནས་བཞི་དང་ཆོས་ཐམས་ཅད་ཀྱང་བསྡུས་ནས་བདེན་མེད་དུ་བཤད་པའི་ཕྱིར། དེར་ཐལ། ཐོགས་འགྲེལ་ལས། དོན་གྱི་གནས་བཞི་པོ་འདི་དག་ལས་ཀྱང་ཤེས་བྱ་ཐམས་ཅད་བསྡུས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། དེས་དྲང་དོན་དུ་བཤད་པའི་དེ་དང༌། རྒྱུད་བླ་མའི་བཤད་བྱའི་མདོ་མི་གཅིག་སྟེ། དེ་སྐད་དུ་སྟོང་ཐུན་ལས། ལང་གཤེགས་དང་རང་འགྲེལ་ལས། དྲང་དོན་དུ་གསུངས་པ་འདི་ནི་ཞེས་པ་ནས། སྙིང་པོའི་མདོ་བཅུའི་ནང་གི་བདེ་བར་གཤེགས་པའི་སྙིང་པོའི་མདོ་ཞེས་བྱ་བ་ཐེག་པ་ཆེན་པོ་རྒྱུད་བླ་མས་དེའི་དོན་རྒྱ་ཆེར་གཏན་ལ་ཕབ་པ་དེ་ཉིད་མ་ཡིན་ཏེ། ཞེས་དང༌། རྒྱུད་བླ་དར་ཊཱིཀ་ལས་ཀྱང༌། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ཡང་ཤེར་ཕྱིན་གྱི་མདོ་དང་འདྲ་བར། ནས། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་དུ་བྱེད་ན། འོག་ནས་ཁམས་བསྟན་པའི་དགོས་པ་སྟོན་པའི་རྩོད་ལན་འབྲེལ་ཅུང་ཟད་ཀྱང་མེད་པར་འགྱུར་བའི་ཕྱིར། ཞེས་གསུངས་པའི་ཕྱིར། སྤྲོ་བྱ་མང་པོ་དགོས་ཀྱང་ཡིག་ཚོགས་ཆེ་དོགས་སོ། །ཡང་དགོངས་འགྲེལ་ཀྱི་འཁོར་ལོ་གསུམ་པའི་ཆེད་དུ་བྱ་བའི་གདུལ་བྱ་རིགས་ཅན་གསུམ་ག་ཡོད་པར་ཐལ། དེའི་ཆེད་དུ་བྱ་བའི་གདུལ་བྱ་ལ་ཐེག་པ་གསུམ་གའི་གང་ཟག་ཡོད་པའི་ཕྱིར། དྲང་ངེས་རྣམ་འབྱེད་ལས། གདུལ་བྱ་ནི། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་སྟེ། སྔ་མ་གཉིས་ནི་ཐེག་པ་ཆེ་ཆུང་སོ་སོ་བ་ཡིན་ལ། འདིར་ནི་གཉིས་ཀའི་དབང་དུ་བྱས་པའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། སྔ་མ་གཉིས་ནི་རྗོད་བྱེད་ཀྱི་ཐེག་པ་དང་པོ་དང་བར་པ་ལ་སོ་སོར་ཐོས་སོགས་ཀྱིས་ཞུགས་པ་ཡིན་ལ། འདིར་ནི་རྗོད་བྱེད་ཀྱི་ཐེག་པ་རིམ་པ་གསུམ་ཀར་ཞུགས་ཞེས་པའི་དོན་ཡིན་པའི་ཕྱིར་ཏེ། མདོ་འདིས་གསུམ་གའི་དོན་བཤད་པས་གདུལ་བྱས་ཀྱང་ཐོས་བསམ་དུས་གསུམ་ཀ་ལ་ཞུགས་པའི་ཕྱིར། ཡང་ཁོ་ན་རེ། དགོངས་འགྲེལ་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་པ་ཆེ་ཆུང་གཉིས་ཀ་ཡོད་པར་ཐལ། དེ་ཐེག་པ་ཆེ་ཆུང་ཐུན་མོང་གི་མདོ་ཡིན་པའི་ཕྱིར། དེར་ཐལ། དེ་ཐེག་དམན་གྱི་མདོའི་དགོངས་འགྲེལ་གང་ཞིག །ཐེག་ཆེན་གྱི་མདོའི་དགོངས་འགྲེལ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེས་ཐེག་དམན་གྱི་མདོའི་དགོངས་པ་འགྲེལ་བའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཞར་བྱུང་དུ་འགྲེལ་བའི་ཕྱིར་ཏེ། བདེན་བཞིའི་ཆོས་འཁོར་གྱིས་བཤད་ཚུལ་དངོས་བསྟན་ཕལ་པ་ཡིན་པའི་ཕྱིར་ཏེ། དྲི་ཞུས་ཀྱིས་ཀྱང་བར་པ་དངོས་སུ་དྲིས་ལ་དང་པོ་དངོས་སུ་མ་དྲིས་པའི་ཕྱིར། ལན་ཡང་དེ་བཞིན་དུ་མཛད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཐེག་པ་ཆེ་ཆུང་གི་སྡེ་སྣོད་ཡིན་པ་མེད་པའི་ཕྱིར། ཡང་ཁོ་ན་རེ། ཐེག་པ་ཆེ་ཆུང་གཉིས་ཀའི་མདོ་ཡིན་པ་ཡོད་པར་ཐལ། ཐེག་པ་ཆེ་ཆུང་གཉིས་ཀའི་འདུལ་བའི་སྡེ་སྣོད་ཀྱི་གཞི་མཐུན་ཡོད་པའི་ཕྱིར། དེར་ཐལ། ལུང་སྡེ་བཞི་དེ་ཡིན་པའི་ཕྱིར། དེར་ཐལ། དེ་ཐེག་དམན་གྱི་འདུལ་བའི་སྡེ་སྣོད་གང་ཞིག །ཐེག་ཆེན་གྱི་འདུལ་བའི་སྡེ་སྣོད་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཆོས་ཅན་དེ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། དེའི་འདུལ་བའི་སྡེ་སྣོད་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། ཕལ་ཆེན་དང་ནམ་མཁའི་སྙིང་པོའི་མདོ་དེ་ཡིན་པའི་ཕྱིར། མདོ་སྡེ་རྒྱན་ལས། རང་གི་འདུལ་ལ་སྣང་ཕྱིར་དང༌། །ཞེས་གསུངས་པའི་ཕྱིར།

 

སྨྲས་པ།

བྱེ་བ་ཕྲག་བརྒྱའི་གླིང་ན་ཐུབ་དབང་གིས། །

བྱེ་བ་ཕྲག་བརྒྱའི་འཁོར་ལ་འཛུམ་པའི་འོད། །

བྱེ་བ་ཕྲག་བརྒྱ་བཀྱེ་ནས་ཤེར་ཕྱིན་དོན། །

བྱེ་བ་ཕྲག་བརྒྱ་སོགས་ཀྱི་བདུད་རྩི་སྤྲོས། །

    ཕལ་ཆེར་ཟས་དང་ཕལ་ཆེར་གྱི་ན་དང༌། །ཕལ་ཆེར་འདུ་འཛི་ཕལ་ཆེར་ཆགས་སྡང་རྣོ། །ཕལ་ཆེར་དབང་རྟུལ་ཕལ་ཆེར་དོན་ཆུང་སེམས། །ཕལ་ཆེར་རྣོ་ཡང་ཕལ་ཆེར་ལྟོས་གྲོགས་དབང༌། །འདི་འདྲ་བསམ་ན་རང་གི་ཡུལ་བོར་ཏེ། །འདི་འདྲ་རྙེད་དཀའ་དལ་འབྱོར་ནོར་བུ་སྙམ། །འདི་འདྲ་བསམ་ཀྱང་སྙིང་མེད་མང་ཐོས་པ། །འདི་འདྲ་མི་ཤེས་པ་བཞིན་རྣམ་གཡེང་སྐྱོ། །ཐོགས་མེད་ཀུན་ཏུ་གཟིགས་པའི་པད་མའི་སྤྱན་ལྡན་རྒྱལ་རྣམས་ཀྱེ། །ཀྱེ་མ་འགྲོ་ལ་རྗེས་ཆགས་ཐུགས་རྗེའི་ཆུ་གཏེར་རླབས་མང་པོས། །ཉི་མ་བྱེ་བའི་འོད་ལྡན་མཚན་དཔེའི་སྐུ་དང་དྲུག་ཅུའི་དབྱངས། །མངོན་སུམ་མྱོང་བཞིན་དགའ་བཞིན་མཛོད་ཅིག་འདྲེན་མཆོག་ཟླ་མེད་ཀྱེ། །ཞེས་པའང་རྣམ་གཡེང་སྣ་ཚོགས་ཀྱིས་སྐྱོ་བའི་དུས་བསམ་དོན་སྙན་ཚིག་གིས་གསལ་པོར་ཚིགས་སུ་བཅད་པའོ། །

                                                                                                                              རྩོམ་སྒྲིག་པ། མང་ར་བ།

 

 

            གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།