ཀུན་མཁྱེན་ཕར་ཕྱིན་ལས་མྱང་འདས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-12-06 21:14:56     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 296984669509180833.jpg

    བཞི་པ་ཚིག་དོན་གྱི་སྒོས་བཤད་པ་ལ། ཉན་ཐོས་ཞི་བ་ཚོལ་རྣམས། སོགས་དང༌། དེའི་དོན་འཆད་པར། ཉན་ཐོས་དང་དེའི་ཕྱོགས་སུ་བསླན་པ། ནས། ཕུང་པོ་དང་བཅས་པ་དང་ཕུང་པོ་མེད་པའི་མཚན་ཉིད་ཀྱི་མྱ་ངན་ལས་འདས་པ་རྣམ་པ་གཉིས་ཐོབ་པར་མཛད་པ་གང་ཡིན་པ་དང༌། ཞེས་བྱུང༌། སྦྱོར་བ་དང་མཐའ་དཔྱད་པ་གཉིས། དང་པོ་ནི། གཞི་ཤེས་ཆོས་ཅན། བྱེད་ལས་ཁྱད་པར་ཅན་དང་ལྡན་ཏེ། རང་རྒྱུད་ལ་ལྡན་པའི་ཉན་རང་སློབ་པ་རྣམས་སྡུག་བསྔལ་གྱི་ཕུང་པོ་ལྷག་མ་ཡོད་མེད་ཀྱི་མྱང་འདས་དེར་འཁྲིད་པར་བྱེད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ་དགག་བཞག་སྤང་གསུམ་ལས། དང་པོ་ལ་ཐེག་དམན་གྱི་ལུགས་དཔྱད་པ། ཐེག་ཆེན་གྱི་ལུགས་དཔྱད་པ་གཉིས། དང་པོ་ལ་ཁ་ཅིག་ན་རེ། ཉན་ཐོས་སྡེ་བ་ལ་ལྷག་མེད་མྱང་འདས་ཀྱི་ཚེ་བེམ་རིག་རྒྱུན་ཆད་འདོད་པ་ཁོ་ནས་ཁྱབ་ཟེར་ན། འོ་ན། བྱེ་མདོ་གཉིས་ལ་དེ་འདོད་མི་འདོད་གཉིས་མེད་པར་ཐལ། དེའི་ཚེ་བེམ་རིག་རྒྱུན་ཆད་ཁོ་ནར་འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་ཚེ་རིག་པ་འདོད་མཁན་མང་པོ་ཡོད་པ་གང་ཞིག །རིག་པ་རྒྱུན་ཆད་འདོད་པ་ཡང་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། མཛོད་དང་རྣམ་འགྲེལ་གྱི་རྗེས་འབྲངས་མདོ་སྡེ་བ་གཉིས་དང༌། མཛོད་ལུགས་བྱེ་སྨྲ་ཁ་ཅིག་ཡང་འདོད་པའི་ཕྱིར། དང་པོ་གྲུབ་སྟེ། དགྲ་བཅོམ་པ་ཚེ་འདའ་ཁའི་སེམས་ཀྱང་མཚམས་སྦྱོར་བར་ཁས་ལེན་པའི་ཕྱིར། རྣམ་འགྲེལ་ལས། དགྲ་བཅོམ་སེམས་གང་ཡིན་དེ་ཡང༌། །གང་ལས་མཚམས་སྦྱོར་མེད་པར་འདོད། །ཅེས་དང༌། དེའི་ཚད་མ་རྒྱན་ལས། ཐ་མའི་སེམས་སེམས་གཞན་དང་མཚམས་སྦྱོར་མེད་པར་སྒྲུབ་པར་བྱ་བ་ལ། དེའི་ཡུལ་དང་ལྷན་ཅིག་འགལ་བ་ཅི་ཞིག་ཡོད། ཅེས་གསུངས་པའི་ཕྱིར། ལྷས་ཀྱང༌། ཐ་མའི་སེམས་དེ་འཆི་བའི་སེམས་གཞན་དང་མཚམས་སྦྱོར་བ་ལ་འགལ་བ་ཅི་ཡོད། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་འགལ་བ་རྣམ་པ་གཉིས་གང་ཡང་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེའི་ཚེ་རིག་པ་རྒྱུན་ཆད་པར་ཐལ། དགྲ་བཅོམ་པ་ཐ་མའི་སེམས་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། འཁོར་བས་བསྡུས་པའི་དགྲ་བཅོམ་པའི་སེམས་ཐ་མ་དེས་འཁོར་བའི་སེམས་གཞན་གྱི་ཉེར་ལེན་མི་བྱེད་པའི་ཕྱིར། ཁྱབ་སྟེ། དེ་ལ་རྒྱུ་མཚན་དེའི་སྒོས་སེམས་ཐ་མར་བཤད་པའི་ཕྱིར། རྣམ་ངེས་ལས། འོ་ན་ནི་མཐའི་སྐད་ཅིག་ཉེ་བར་བརྗོད་པ་མེད་པར་ཐལ་ལོ། །ཞེ་ན་མ་ཡིན་ཏེ། སེམས་ཅན་དུ་བགྲང་བའི་སྐད་ཅིག་གཞན་ཉེ་བར་ལེན་པ་མེད་པ་ནི་མཐའི་མཚན་ཉིད་ཡིན་ནོ ཞེས་དང༌། དེའི་རྣམ་ངེས་དར་ཊཱིཀ་ལས། འོ་ན་ནི་མཐའི་སྐད་ཅིག་དགྲ་བཅོམ་པ་ཕུང་པོ་ལྷག་མེད་དུ་འདའ་ཁ་མའི་ཡིད་ཀྱི་ཤེས་པ་སྐད་ཅིག་ཐ་མ་ནས། སེམས་ཅན་དུ་བགྲང་བའི་སེམས་ཀྱི་སྐད་ཅིག་གཞན་གྱི་ཉེ་བར་ལེན་པ་མེད་པ་ནི་མཐའི་མཚན་ཉིད་99ཡིན་ནོ། །ཞེས་གསུངས་པའི་ཕྱིར། རིག་པ་རྒྱུན་ཆད་པ་དང་རིག་པ་ཟད་ཁ་ཞེས་བཤད་པ་ཐམས་ཅད་དེ་ལྟར་ཤེས་དགོས་སོ། །གོང་གི་རྟགས་གཉིས་པ་གྲུབ་སྟེ། རྣམ་ཤེས་ཀྱི་ཁམས་ལ་ཟག་བཅས་བཞེད་པ་ཡང་འཁོར་བའི་རྣམ་ཤེས་ཀྱི་ཉེར་ལེན་གྱི་དབང་དུ་བྱས་པའི་ཕྱིར། མཛོད་ལས། ཟག་དང་བཅས་པའི་རྣམ་ཤེས་ནི། །རྣམ་ཤེས་ཁམས་ཡིན། ཞེས་དང༌། ཐ་མ་མིན་མཚུངས་དེ་མ་ཐག །ཅེས་གསུངས་པའི་ཕྱིར། འདིས་ནི་རིག་པ་རྒྱུན་ཆད་བཤད་པ་གཞན་ལའང་དེ་ལྟར་བཤད་པ་ཡིན་ནོ། །རྩ་བའི་རྟགས་གཉིས་པ་གྲུབ་སྟེ། རིག་པ་རྒྱུན་ཆད་འདོད་པའི་སྡེ་བ་ཡང་ཡོད་པའི་ཕྱིར། མདོ་ལས། མར་མེ་ཤི་བར་གྱུར་པ་བཞིན། །གང་ལ་ལུས་ཞིག་འདུ་ཤེས་འགག །ཚོར་བ་ཐམས་ཅད་བྲལ་འགྱུར་ཞིང༌། །འདུ་བྱེད་ཉེ་བར་ཞི་གྱུར་ཏེ། །རྣམ་པར་ཤེས་པ་ནུབ་གྱུར་པ། །ཞེས་གསུངས་པའི་དགོངས་པར་དེ་ལྟར་འདོད་པར་བཤད་པའི་ཕྱིར། འདི་ཡང་རིགས་པའི་རྗེས་འབྲང་མདོ་སྡེ་བ་དག་གིས་ཉེར་ལེན་གྱི་ཕུང་པོ་ལྔ་འགག་ཚུལ་ལ་འདོད་དེ། དེ་བཞིན་དུ་ལུང་གི་རྗེས་འབྲང་རྣལ་འབྱོར་སྤྱོད་པ་དག་ཀྱང་འདོད་པའི་ཕྱིར། དེར་ཐལ། ལུང་གི་རྗེས་འབྲང་སེམས་ཙམ་པས་ལྷག་བཅས་མྱང་འདས་ཀྱི་ཚེ་སྒྲིབ་པ་དང་སྒྲིབ་པ་མེད་པའི་རྣམ་བཞག་ཡོད་ལ། ལྷག་མེད་ཀྱི་ཚེ་སྒྲིབ་100པ་གཉིས་ཀ་མེད་པར་ཁས་ལེན་པའི་ཕྱིར། དང་པོ་གྲུབ་སྟེ། བསྡུ་བ་ལས། ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པ་ལ་ནི་སྒྲིབ་པ་101དང་སྒྲིབ་པ་མེད་པའི་རྣམ་པར་བཞག་པ་དག་ཡོད་ཀྱི། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེའི་ཚེ་དག་པའི་ཞིང་དུ་པདྨའི་སྦུབས་སུ་ཡིད་ལུས་བླངས་ནས། འདིར་བསྟན་ཡང་དག་མཐའ་མངོན་དུ་བྱས་པས་སྒྲིབ་པའི་སེམས་རྒྱུན་ཆད་པར་ཁས་ལེན་པའི་ཕྱིར། བསྡུ་བ་ལས། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པ་ལ་སྒྲིབ་པ་རྣམ་པར་བཞག་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། མཚན་མ་དང་གནས་ངན་ལེན་102ཐམས་ཅད་རྒྱུན་ཆད་ཅིང་འགགས་པའི་ཕྱིར་ཏེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མཚན་མ་ཐམས་ཅད་དང་ཞེས་པས་མཚན་མེད་སྐབས་སུ་བཤད་པའི་མཚན་འཛིན་ཐམས་ཅད་རྒྱུན་ཆད་ཅིང་འགགས་པ་དང་ལྷག་མས་སྒོ་གསུམ་གྱི་གནས་ངན་ལེན་ཐམས་ཅད་རྒྱུན་ཆད་ཅིང་འགག་པར་བཤད་པའི་ཕྱིར། དེར་ཐལ། དེར་མ་ཟད་མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པའི་ལུགས་ལ་དེས་གཞན་དོན་འབད་མེད་ལྷུན་གྲུབ་ཏུ་འོང་བའི་སྨོན་ལམ་མ་བཏབ་པ་དང་དེ་མཉམ་བཞག་དེ་ལས་ལྡང་མི་སྲིད་པའི་ཕྱིར། བསྡུ་བ་ལས། དེ་བཞིན་103གཤེགས་པ་བཞིན་དགྲ་བཅོམ་པ་ལ་སྒྲིབ་པ་མི་མངའ་ན། 104ཅིའི་ཕྱིར་དེ་བཞིན་གཤེགས་པའི་མཛད་པ་མི་མཛད་105ཅེ་ན། སྔོན་གྱི་སྨོན་ལམ་བསྒོམས་པར་མ་བྱས་པ་དང༌། དམན་པའི་རིགས་ཅན་ཉིད་ཡིན་པར་དང་སླར་106ལངས་པའི་བསམ་པ་མེད་པ་ཁོ་ནས་ཡོངས་སུ་མྱ་ངན་ལས་འདའ་བས་དེའི་ཕྱིར་མི་མཛད་དོ། །ཞེས་གསུངས་པའི་ཕྱིར།

(99) པར་ཐེངས་གཉིས་པ། ཡིན་པའི་ཕྱིར་རོ། །ཞེས།

(100) པར་ཐེངས་གཉིས་པ། པའི་རྣམ་བཞག་མེད།

(101) པར་ཐེངས་གཉིས་པ། དང་བཅས་པ་དང། སྒྲིབ་པ་མེད་པའི་རྣམ་པར་བཞག་པ་ཡོད།

(102) པར་ཐེངས་གཉིས་པ། ཐམས་ཅད་ཀྱི་ཐམས་ཅད་དུ་རྒྱུན།

(103) པར་ཐེངས་གཉིས་པ། གཤེགས་པ་ལ་སྒྲིབ་པ་མི་མངའ་བ་དེ་ཁོ་ན་བཞིན་དུ་དགྲ་བཅོམ་པ་ལ་ཡང་སྒྲིབ་པ་མེད་པ་ཡིན་ན།

(104) པར་ཐེངས་གཉིས་པ། ཅིའི་ཕྱིར་དགྲ་བཅོམ་པ་ཡང་དེ་བཞིན་གཤེགས་པའི།

(105) པར་ཐེངས་གཉིས་པ། ཅེ་ན། སྨྲས་པ། སྔོན།

(106) པར་ཐེངས་གཉིས་པ། ལྡངས།

    ཡང་ཁ་ཅིག་ན་རེ། སེམས་ཅན་ཐམས་ཅད་སངས་རྒྱས་པའི་དུས་སྲིད་པར་ཐལ། ལྷག་མེད་མྱང་འདས་ལ་གནས་པའི་དགྲ་བཅོམ་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པའི་སེམས་ཙམ་པའི་ལུགས་ལ་ཡོད་པའི་ཕྱིར། ཁྱབ་སྟེ། དེའི་ལུགས་ལ་སེམས་ཅན་ཐམས་ཅད་སངས་རྒྱས་པའི་དུས་མི་འདོད་ཀྱང་ལྷག་མེད་ཀྱི་དགྲ་བཅོམ་པ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། མཐར་ཐུག་ཉན་ཐོས་ཀྱི་ཐེག་པ་གྲུབ་པའི་ཕྱིར། དགོངས་འགྲེལ་ལས། ཉན་ཐོས་ཀྱི་རིགས་ཀྱི་གང་ཟག་ཞི་བ་བགྲོད་པ་གཅིག་པུ་བ་ནི་སངས་རྒྱས་ཐམས་ཅད་བརྩོན་པ་དང་ལྡན་པར་གྱུར་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་བཞག་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་མི་ནུས་སོ། །ཞེས་གསུངས་པའི་ཕྱིར། དེ་སོགས་ཡོད་ཀྱང་མང་དོགས་སོ། །ཐེག་ཆེན་གྱི་ལུགས་ལ། ཁ་ཅིག་ན་རེ། བྱང་འཕགས་ཀྱི་རྒྱུད་ཀྱི་མྱང་འདས་དེ་མི་གནས་པའི་མྱང་འདས་ཡིན་ཟེར། ཡང་ཁ་ཅིག་དེ་མིན་ཟེར་བ་དང་དེའི་མྱ་ངན་ཉོན་མོངས་བཞག་པ་ནང་འགལ་ལོ། །དེ་གཉིས་ལ། འོ་ན་མི་གནས་པའི་མྱང་འདས་དེ་རྟེན་སྲིད་ཞིའི་མཐའ་ལ་མི་གནས་པའི་སྒོ་ཙམ་ནས་འཇོག་པར་ཐལ། བྱང་སེམས་ཀྱི་རྒྱུད་ཀྱི་དེ་དེར་འཇོག་པའི་ཕྱིར། འདོད་ན། མི་གནས་པའི་མྱང་འདས་དེ་རང་གི་བྲལ་བྱའི་མྱ་ངན་དང་བྲལ་ཚུལ་གྱི་ངོ་བོའི་སྒོས་མི་འཇོག་པར་ཐལ། དེ་རྟེན་སྲིད་ཞིའི་མཐར་མ་ལྷུང་ཙམ་གྱི་སྒོས་འཇོག་པའི་ཕྱིར། འདོད་ན། དེ་ཐོབ་པ་ལ་སྲིད་པའི་རྒུད་པ་དང་ཞི་བའི་རྒུད་པ་གཉིས་ལས་གྲོལ་མི་དགོས་པར་ཐལ། དེའི་མྱ་ངན་ལ་སྲིད་ཞིའི་རྒུད་པ་གཉིས་མི་འཇོག་པའི་ཕྱིར། འདོད་ན། རྩ་བར། ཤེས་པས་སྲིད་ལ་མི་གནས་ཤིང༌། །སྙིང་རྗེས་ཞི་ལ་མི་གནས་དང༌། །ཞེས་གསུངས་པ་མི་འཐད་པར་ཐལ། བྱང་སེམས་ཀྱི་མི་རྟག་སོགས་རྟོགས་པའི་ཤེས་རབ་དང་སྙིང་རྗེ་ཆེན་པོ་གཉིས་ནི་མཐའ་དེ་གཉིས་འགོག་བྱེད་མ་ཡིན་པའི་ཕྱིར། དེར་ཐལ། མི་གནས་པའི་མྱང་འདས་ཐོབ་པ་ལ་མཐའ་དེ་གཉིས་འགོག་མི་དགོས་པའི་ཕྱིར། ཁྱབ་སྟེ། རྣམ་བཤད་ལས། སྔར་བྱང་སེམས་ཀྱི་མཐོང་ལམ་དང་སྒོམ་ལམ་མཐའ་གཉིས་རྣམ་པར་དག་པའི་ལམ་དུ་བསྟན་པ་ན་མཐའ་གཉིས་འགོག་བྱེད་ཀྱི་ལག་རྗེས་མི་འདྲ་བ་གང་གིས་བྱེད་པ་ཡིན་སྙམ་པ་ལ། ཤེས་པས་སྲིད་ལ་མི་གནས་ཤིང༌། །སྙིང་རྗེས་ཞི་ལ་མི་གནས་དང༌། །ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། ཉོན་སྒྲིབ་སྤངས་ཤིང་ཕུང་པོ་ལྷག་མ་ཡོད་པས་ན་ལྷག་བཅས་དང༌། ཕུང་པོ་དོར་ནས་ཟད་པས་ལྷག་མེད་ཟེར་ན། འོ་ན་ལྷག་མེད་དགྲ་བཅོམ་པའི་རྒྱུད་ལ་ཕུང་པོ་མེད་པར་ཐལ། ལྷག་མེད་ཀྱི་དོན་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་རྒྱུད་ལ་ཕུང་པོ་ཡོད་པའི་ཕྱིར། དེར་ཐལ། དེའི་རྒྱུད་ལ་རྣམ་ཤེས་སོགས་ཀྱི་ཕུང་པོ་བཞི་ཡོད་པའི་107ཕྱིར། དེར་ཐལ། ཁྱོད་གང་ཟག་ཡིན་པའི་ཕྱིར། ཁྱབ་སྟེ། མདོ་ལས། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱ་འོ ཞེས་གསུངས་པའི་ཕྱིར། སྡེ་བདུན་རྒྱན་ལས་ཀྱང༌། སྐྱེས་བུ་ཡིན་ན་ཕུང་པོ་བཞིའམ་ལྔའི་ཚོགས་པ་ཡིན་པར་འདོད་པའི་རང་ཉིད་ཀྱི་གྲུབ་མཐའ་དང་འགལ། ཞེས་གསུངས་པའི་ཕྱིར་དང༌། ལང་གཤེགས་ལས་ཀྱང༌། ཏིང་ངེ་འཛིན་གྱི་ལུས་ཐོབ་ནས། །བསྐལ་པའི་བར་ལ་དེ་མི་སད། །ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། ལྷག་མེད་པ་ལ་ཡིད་ཀྱི་རང་བཞིན་གྱི་ལུས་རྒྱུད་ལྡན་གྱི་ཉན་རང་དགྲ་བཅོམ་པ་དུ་མ་ཡོད་པའི་ཕྱིར། དཔལ་འཕྲེང་གི་མདོ་ལས། བཅོམ་ལྡན་འདས་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་གྱིས་ཟག་པ་མ་མཆིས་པའི་ལས་ཀྱི་རྒྱུ་ལས་བྱུང་བའི་དགྲ་བཅོམ་པ་རྣམས་དང་རང་སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་དབང་ཐོབ་པ་རྣམས་ཀྱི་ཡིད་ཀྱི་ལུས་གསུམ་འབྱུང་སྟེ། ཞེས་གསུངས་པའི་ཕྱིར།

(107) པར་ཐེངས་གཉིས་པ། ཕྱིར། ཁྱོད་གང་ཟག།

    ཡང་ཁ་ཅིག་ན་རེ། ཀུན་འབྱུང་མ་ལུས་པར་སྤངས་ཀྱང་སྡུག་བསྔལ་བདེན་པ་མ་སྤངས་པའི་མྱང་འདས་ལྷག་བཅས་དང༌། སྡུག་ཀུན་མ་ལུས་སྤངས་པའི་མྱང་འདས་ལྷག་མེད་མྱང་འདས་ཀྱི་མཚན་ཉིད་ཟེར་བ་དེ་གཉིས་མི་འཐད་པར་ཐལ། ཉན་ཐོས་དགྲ་བཅོམ་པ་གཉིས་ཀས་ཀུན་འབྱུང་མ་ལུས་པར་མ་སྤངས་པའི་ཕྱིར། དེར་ཐལ། དེ་དག་གི་རྒྱུད་ལ་འཕེན་བྱེད་ཀྱི་ལས་ཡོད་པའི་ཕྱིར། འགྲེལ་བཤད་དོན་གསལ་ལས། དགྲ་བཅོམ་པ་དག་ལ་སོ་སོ་སྐྱེ་བོའི་གནས་སྐབས་ན་བྱས་པ་ཡང་སྲིད་པའི་ལས་དགེ་བའམ་མི་དགེ་བ་མ་ངེས་པ་དག་ནི་མེད་པ་མིན་མོད་ཀྱི་ཕྲ་རྒྱས་མེད་པའི་ཕྱིར། དེ་དག་གིས་སྲིད་པ་མངོན་པར་འགྲུབ་པར་མི་ནུས་སོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་བཞིན་དུ་རྣམ་འགྲེལ་ལས་ཀྱང༌། འདོད་ཆགས་བྲལ་བའི་གནས་པ་ནི། །བརྩེ་བའམ་ཡང་ན་ལས་ཀྱིས་ཡིན། །ཞེས་དང༌། སྲིད་པའི་སྲེད་ལས་རྣམ་བརྒལ་བས། །ལས་གཞན་འཕེན་ནུས་མ་ཡིན་ཏེ། །ལྷན་ཅིག་བྱེད་པ་ཟད་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཐེག་པ་གོང་འོག་དུ་མར་དེ་ལ་འཕེན་བྱེད་ཀྱི་ལས་ཡོད་པར་དུ་མས་བཤད་པའི་ཕྱིར། སྤྱོད་འཇུག་ལས་ཀྱང༌། ཉོན་མོངས་མེད་ཀྱང་དེ་དག་ལ། །ལས་ཀྱི་ནུས་པ་མཐོང་བ་ཡིན། །ཞེས་དང༌། གསེར་ཕྲེང་ལས། གཞུང་གོང་འོག་རྣམས་སུ་ཟག་བཅས་ཀྱི་ལས་ཡོད་པར་དུ་མ་ཞིག་བཤད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཉོན་མོངས་སྤངས་ཀྱང་འཁོར་བར་འཆིང་བྱེད་ཀྱི་ལྷག་མ་ཡོད་པའི་ཆ་ནས་ལྷག་བཅས་མྱང་འདས་དང་དེ་མེད་108པའི་མྱང་འདས་ལྷག་མེད་མྱང་འདས་ཟེར་ན། འོ་ན། འཁོར་བར་འཆིང་བའི་ཕུང་པོ་ཡིན་ན། འཆིང་བྱེད་ཀྱི་ཕུང་པོ་ཡིན་པས་ཁྱབ་པར་ཐལ། ལྷག་བཅས་པ་ལ་འཁོར་བར་འཆིང་བྱེད་ཕུང་པོ་ལྔ་ཡོད་པའི་ཕྱིར། མ་གྲུབ་ན་འགལ། འདོད་ན། འཁོར་བར་འབྲེལ་བ་ཡིན་ན་འཁོར་བར་འབྲེལ་བྱེད་དམ་སྐྱེད་བྱེད་ཀྱིས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ལྷག་བཅས་པའི་གཟུགས་ཕུང་གིས་མ་ངེས། ཡང་ཁ་ཅིག་ན་རེ། ལྷག་བཅས་དགྲ་བཅོམ་པའི་རྒྱུད་ལ་འཁོར་བར་འཆིང་བྱེད་མེད་པར་ཐལ། དེའི་ཉོན་མོངས་སྤངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། འཁོར་བར་འཆིང་བྱེད་ལ་འཕེན་བྱེད་ཀྱི་ལས་དང་ཉོན་མོངས་གཉིས་ཡོད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ལྷག་བཅས་ལྷག་མེད་ཀྱི་ཉན་ཐོས་དགྲ་བཅོམ་གཉིས་ཀའི་རྒྱུད་ཀྱི་འཕེན་བྱེད་ཀྱི་ལས་ཡོད་པའི་ཕྱིར་ཏེ། ཉན་ཐོས་སྡེ་བ་དང་སེམས་ཙམ་པའི་ལུགས་ལ་ལྷག་མེད་པའི་རྒྱུད་ལ་མེད་ཀྱང་ཐལ་རང་ལུགས་ལ་དེ་ཡོད་པའི་ཕྱིར་ཏེ། སྡུག་ཀུན་ཕྲ་རགས་གཉིས་གཉིས་བཞག་པའི་ཕྱིར་དང། ཉན་རང་དགྲ་བཅོམ་པས་འཁོར་བ་ཕྲ་རགས་ཀྱི་རྒྱ་མཚོ་མ་བརྒལ་བའི་ཕྱིར། རྒྱུད་བླ་མ་ལས། ཡིད་ཀྱི་རང་བཞིན་ཕུང་པོ་དང༌། །དེ་རྒྱུ་ལོག་ཕྱིར་བདེ་བ་ཉིད། །ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་གོང་གི་ཐོགས་འགྲེལ་ལས། ཟག་པ་མེད་པའི་དབྱིངས་ལ་གནས་པའི་དགྲ་བཅོམ་པ་དང༌། ནས། ཆོས་ཀྱི་སྐུའི་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་109རྣམ་པ་འདི་བཞི་ཐོབ་པའི་གེགས་སུ་གྱུར་པ་འདི་བཞི་སྟེ། འདི་ལྟ་སྟེ། རྐྱེན་གྱི་མཚན་ཉིད་དང༌། རྒྱུའི་མཚན་ཉིད་དང༌། འབྱུང་བའི་མཚན་ཉིད་དང༌། འཇིག་པའི་མཚན་ཉིད་དོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིའི་ཕ་རོལ་འཁོར་བའི་ཕར་འགྲམ་དུ་བཤད་པའི་ཕྱིར་ཏེ། འདི་མ་གོ་ན་མི་གནས་པའི་མྱང་འདས་སྨྲས་ཀྱང་དོན་གོ་བར་མ་མཐོང་ངོ༌། །ཡང་ཁ་ཅིག་ན་རེ། དགྲ་བཅོམ་ཐོབ་ནས་སྐུ་ཚེའི་འདུ་བྱེད་མ་བཏང་བའི་མྱང་འདས་དེ་ལྷག་བཅས་མྱང་འདས་དང༌། དེ་བཏང་བའི་མྱང་འདས་དེ་ལྷག་མེད་མྱང་འདས་ཀྱི་མཚན་ཉིད་ཟེར་ན། ཐེག་ཆེན་རིགས་ངེས་སངས་རྒྱས་མ་ཐག་གི་རྒྱུད་ཀྱི་མྱང་འདས་ཆོས་ཅན། ལྷག་བཅས་མྱང་འདས་ཡིན་པར་ཐལ། དེའི་མཚན་ཉིད་དེ་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་རིགས་པར་ཐལ། 110ལྷག་མེད་མྱང་འདས་རྒྱུད་ལྡན་ཡིན་པའི་ཕྱིར་ཏེ། སྡུག་ཀུན་ཕྲ་རགས་མ་ལུས་པར་སྤངས་པའི་མྱང་འདས་རྒྱུད་ལྡན་ཡིན་པའི་ཕྱིར་ཏེ། སངས་འཕགས་ཡིན་པའི་ཕྱིར།

(108) པར་ཐེངས་གཉིས་པ། པའི་ཆ་ནས་ལྷག་མེད།

(109) པར་ཐེངས་གཉིས་པ། རྣམས་འདི་བཞི།

(110) པར་ཐེངས་གཉིས་པ། དེ་འདྲ་བའི་གང་ཟག་དེ་ལྷག་མེད།

    རང་ལུགས་ལ་བྱེ་སྨྲ་དང༌། མདོ་སྡེ་བ་དང༌། སེམས་ཙམ་པ་དང༌། རང་རྒྱུད་པ་དང༌། ཐལ་འགྱུར་བའི་ལུགས་ལྔ་ལས། དང་པོ་ནི། ཉོན་སྒྲིབ་སྤངས་པའི་སོ་སོར་བརྟགས་འགོག་དེ་མྱང་འདས་ཀྱི་མཚན་ཉིད་ཡིན་ཏེ། དེ་འདུས་བྱས་འདུས་མ་བྱས་གཉིས་ལས་འདུས་མ་བྱས་དང་མ་ཡིན་དགག་ཡིན་པའི་ཕྱིར་ཏེ། དེ་དངོས་པོ་ཡིན་ཀྱང་རྒྱུ་རྐྱེན་གྱིས་འདུས་མ་བྱས་པའི་རྟག་པ་ཡིན་པའི་ཕྱིར། མཛོད་ལས། འདུས་མ་བྱས་ཆོས་རྟག་པའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདུས་མ་བྱས་རྫས་གྲུབ་བམ་དོན་བྱེད་ནུས་པ་གསུམ་དུ་འདོད་པའི་ཕྱིར། མཛོད་ལས། འདུས་མ་བྱས་རྣམ་གསུམ་ཡང་སྟེ ནམ་མཁའ་དང་ནི་འགོག་པ་གཉིས། །ཞེས་གསུངས་པའི་ཕྱིར། དེས་ན་སྤྱི་མཚན་རྟག་པ་ཡིན་ཀྱང༌། རྫས་གྲུབ་མ་ཡིན་པས་གསུམ་བྱས་ལ། ཁ་ཅིག་དེ་བཞིན་ཉིད་དང་བཞིར་ཡང་བཤད་དོ། །གཉིས་པ་ནི། མདོ་སྡེ་བའི་ལུགས་ལ་ཉོན་མོངས་སྤངས་པའི་སོ་སོར་བརྟགས་འགོག་དེ་མྱང་འདས་ཀྱི་མཚན་ཉིད་ཡིན་ཏེ། འདུས་མ་བྱས་དང་མེད་དགག་ཡིན་པའི་ཕྱིར། ཀུན་བཏུས་ལས། ཕུང་པོ་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ནི་འགོག་པའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སོ་སོར་བརྟགས་འགོག་ཏུ་འདོད་པ་ཉན་ཐོས་སྡེ་བ་རྣམས་དང་གྲུབ་མཐའ་བཞིའི་ལུགས་ཡིན་པའི་ཕྱིར་ཏེ། གསེར་ཕྲེང་ལས། གཉིས་ཀས་ཀྱང་མྱང་འདས་གཉིས་ཀ་སོ་སོར་བརྟགས་འགོག་ཏུ་འདོད་ཅིང༌། ཁྱད་111པར་དུ་བྱེ་སྨྲས་མ་ཡིན་དགག་གི་ངོ་བོ་དང༌། མདོ་སྡེ་པས་མེད་དགག་ཏུ་འདོད་པར། ཞེས་གསུངས་པའི་ཕྱིར། གསུམ་པ་ནི། སེམས་ཙམ་པའི་ལུགས་ལ་ཉོན་སྒྲིབ་སྤངས་པའི་ཆོས་དབྱིངས་སོ་སོར་བརྟགས་འགོག་དེ་མྱང་འདས་ཀྱི་མཚན་ཉིད། དབྱེ་ན་ལྷག་བཅས་མྱང་འདས། ལྷག་མེད་མྱང་འདས། མི་གནས་པའི་མྱང་འདས་གསུམ། ཉོན་མོངས་སྤངས་ཀྱང་ཉོན་མོངས་པས་བསྐྱེད་པའི་སྡུག་བསྔལ་གྱི་ཕུང་པོ་ཙམ་ལྷག་མར་ལུས་པའི་སྐབས་ཀྱི་མྱང་འདས་དེ་ལྷག་བཅས་མྱང་འདས་ཀྱི་མཚན་ཉིད། དེ་ལ་ཉན་རང་གཉིས་ཀའི་ལྷག་བཅས་མྱང་འདས་གཉིས་ཡོད། ཉོན་མོངས་སྤངས་པར་མ་ཟད། དེས་བསྐྱེད་པའི་སྡུག་བསྔལ་གྱི་ཕུང་པོ་ཡང་སྤངས་པའི་མྱང་འདས་དེ་ལྷག་མེད་མྱང་འདས་ཀྱི་མཚན་ཉིད། དེ་ལ་ཐེག་པ་གསུམ་ཀའི་མྱང་འདས་གསུམ་ཡོད། སྲིད་དང་ཞི་བ་གཉིས་ཀྱི་མཐའ་སྟེ། རྒུད་པའམ་དམན་པ་གཉིས་ལས་གྲོལ་བའི་མྱང་འདས་དེ་མི་གནས་པའི་མྱང་འདས་ཀྱི་མཚན་ཉིད་ཡིན་ཏེ། འདིའི་དམན་པ་དེ་མྱ་ངན་ལ་བྱེད་དགོས་པའི་ཕྱིར། རྣམ་བཤད་རིགས་པ་ལས། མཐའ་ནི་ཟད་དང་མཇུག་ཆ་དང༌། །ཉེ་དང་ཕྱོགས་དང་སྨད་པ་ལ། །ཞེས་གསུངས་པའི་ཕྱིར། སྒྲིབ་གཉིས་སྤངས་པའི་མྱང་འདས་དེ་ཐེག་ཆེན་གྱི་མྱང་འདས་ཀྱི་མཚན་ཉིད་ཡིན་ཏེ། འདིའི་མྱང་འདས་ཀྱི་ངོ་བོ་ཆོས་དབྱིངས་སུ་འདོད་ཅིང༌། ཉན་རང་གི་སྤང་བྱ་འདྲ་བའི་ཕྱིར། གསེར་ཕྲེང་ལས། ངོ་བོ་ནི་བསྡུ་བར་ཆོས་དབྱིངས་ཤིན་ཏུ་དག་པའི་མཚན་ཉིད་དུ་བཤད་ཅིང༌། ཞེས་གསུངས་པའི་ཕྱིར། བཞི་པ་ནི། དབུ་མ་རང་རྒྱུད་པའི་ལུགས་ལ་ཡང་ཉོན་སྒྲིབ་སྤངས་པའི་སོ་སོར་བརྟགས་འགོག་དེ་མྱང་འདས་ཀྱི་མཚན་ཉིད་ཡིན་ཏེ། སོ་སོར་བརྟགས་ཞེས་པས་གཉེན་པོ་བར་ཆད་མེད་ལམ་གྱི་སྟོབས་ཀྱིས་བྲལ་བར་བསྟན། སོ་སོར་བརྟགས་མིན་གྱི་དེ་གཅོད་པའི་ཕྱིར། དབྱེ་ན། ལྷག་བཅས་ཀྱི་དེ། ལྷག་མེད་ཀྱི་དེ། མི་གནས་པའི་མྱང་འདས་གསུམ། ཉོན་སྒྲིབ་སྤངས་ཀྱང་སྔ་མའི་ལས་ཉོན་གྱིས་འཕངས་པའི་སྡུག་བསྔལ་གྱི་ཕུང་པོའི་ལྷག་མ་ཙམ་དང་བཅས་པའི་སྐབས་ཀྱི་མྱང་འདས་དེ་ལྷག་བཅས་མྱང་འདས་ཀྱི་མཚན་ཉིད། འདི་ལ་112ཉན་རང་གི་དེ་གཉིས་ཡོད། ཤེས་སྒྲིབ་ཕྲ་རགས་གང་ཡང་མ་སྤངས་པར་ཉོན་སྒྲིབ་ཙམ་སྤངས་པའི་རབ་ཏུ་ཕྱེ་བའི་ཐེག་དམན་གྱི་མྱང་འདས་དེ། ཉན་ཐོས་ཀྱི་མྱང་འདས་ཀྱི་མཚན་ཉིད། དེ་ལ་ཉན་ཐོས་ཀྱི་ལྷག་བཅས་ལྷག་མེད་གཉིས་ཀྱི་དེ་གཉིས་ཡོད། ཉོན་སྒྲིབ་དང་ཕྱི་རོལ་དོན་འཛིན་གྱི་རྟོག་པ་གཉིས་སྤངས་113པའི་དམན་པའི་མྱང་འདས་དེ་རང་རྒྱལ་གྱི་མྱང་འདས་ཀྱི་མཚན་ཉིད། རྣལ་འབྱོར་སྤྱོད་པའི་དབུ་མ་པ་མ་གཏོགས་རང་སྡེ་གཞན་ལ་ཉན་ཐོས་དང་འདྲ་སྟེ། གཞན་དུ་བཤད་ཟིན་ཏོ། །མི་གནས་པའི་མྱང་འདས་ཀྱི་མཚན་ཉིད་སེམས་ཙམ་པ་དང་མཐུན། སྒྲིབ་གཉིས་སྤངས་པའི་མཐར་ཐུག་གི་སོ་སོར་བརྟགས་འགོག་དེ་ཐེག་ཆེན་མྱང་འདས་ཀྱི་མཚན་ཉིད། འདི་ནི་རྣམ་མཁྱེན་ཐོབ་པའི་བར་ཆད་སྤངས་ཚུལ་ཡིན། རྒྱུད་བླ་ལྟར་ན། སྒྲིབ་གསུམ་མམ་སྒྲིབ་བཞི་སྤངས་པའི་མཐར་ཐུག་གི་དེ་དགོས་ཏེ། དེ་ནི་ཆོས་སྐུའི་ཡོན་ཏན་བཞིའི་དབང་དུ་བྱས་པའི་ཕྱིར་ཏེ། དེ་དག་ཀྱང་དོན་གཅིག་ལ་ལྡོག་པའི་བཤད་ཚུལ་ཡིན་ནོ། །ལྔ་པ་ནི། ཐལ་འགྱུར་བའི་ལུགས་ལ་འཇུག་ཤེས་ལ་ཡུལ་དྲུག་གང་རུང་རང་ངོས་ནས་གྲུབ་པར་སྣང་བའི་བློ་མངོན་གྱུར་པ་དང་བཅས་པའི་མྱང་འདས་དེ་ལྷག་བཅས་མྱང་འདས་ཀྱི་མཚན་ཉིད། དབྱེ་ན། ཉན་རང་དགྲ་བཅོམ་རྗེས་ཐོབ་པའི་རྒྱུད་ཀྱི་ལྷག་བཅས་མྱང་འདས་གཉིས་ཡོད། འཇུག་ཤེས་དྲུག་གང་ལའང་རང་ངོས་ནས་གྲུབ་པར་སྣང་བ་མེད་པའི་མཉམ་བཞག་ཟག་མེད་དང་བཅས་པའི་མྱང་འདས་དེ་ལྷག་མེད་མྱང་འདས་ཀྱི་མཚན་ཉིད་ཡིན་ཏེ། ཐེག་དམན་གཉིས་ཀས་ཐོག་མར་ལྷག་མེད་མྱང་འདས་མངོན་དུ་བྱས་ནས་རྗེས་ཐོབ་ཏུ་ལངས་པ་དང་དུས་མཚུངས་པར་ལྷག་བཅས་མྱང་འདས་མངོན་དུ་བྱས་པའི་ཕྱིར་ཏེ། རིགས་པ་དྲུག་ཅུ་བའི་འགྲེལ་བར་བཤད་པའི་ཕྱིར་དང༌། མདོ་ལས་ཀྱང༌། གང་སྡུག་བསྔལ་འདི་ངེས་པར་སྤངས་པ་མ་ལུས་པར་སྤངས་པ། ཞེས་སོགས་གསུངས་པའི་ཕྱིར།

(111) པར་ཐེངས་གཉིས་པ། པར་ནི་བྱེ་སྨྲས།

(112) པར་ཐེངས་གཉིས་པ། ཉན་རང་གི་ལྷག་བཅས་མྱང་འདས་གཉིས།

(113) པར་ཐེངས་གཉིས་པ། པའི་ཐེག་དམན་གྱི་མྱང་འདས།

    གསུམ་པ་རྩོད་སྤོང་ལ་ཁོ་ན་རེ། ལྷག་བཅས་མྱང་འདས་ལ་སྡུག་བསྔལ་གྱི་ཕུང་པོ་ལྷག་མ་དང་བཅས་པས་ཁྱབ་པར་ཐལ། ལྷག་བཅས་ཀྱི་དེའི་མཚན་ཉིད་འཐད་པའི་ཕྱིར། འདོད་ན། ལོངས་སྤྲུལ་གྱི་སྐུ་གཉིས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཀླུ་བྱང་གི་སྐུ་གསུམ་ལ་འཇུག་པ་ལས། ཕུང་པོར་བཅས་པའི་མྱ་ངན་འདས། །ཐུབ་སྐུ་གཉིས་ལ་བཞག་པ་ཡིན། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་གཉིས་ཀྱི་གཟུགས་སྐུ་དེ་ཁ་དོག་དབྱིབས་བཅས་ཀྱི་ཕུང་པོ་དང་སྒྲིབ་གཉིས་སྒྲིབ་གསུམ་སྒྲིབ་བཞིའི་མྱ་ངན་དང་བྲལ་བའི་གཞི་མཐུན་ཡིན་པས་དེ་ལྟར་བརྗོད་པའི་ཕྱིར། གསེར་འོད་ལས་ཀྱང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། དེ་གཉིས་ཆོས་ཅན། འདུས་མ་བྱས་ཡིན་པར་ཐལ། མྱང་འདས་ཡིན་པའི་ཕྱིར། ཁྱབ་སྟེ། རྩ་ཤེ་ལས། མྱ་ངན་འདས་པ་འདུས་མ་བྱས། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། འཕགས་པ་ཡིན་པའི་ཕྱིར། ཡང་ཁོ་ན་རེ། ངོ་བོ་ཉིད་སྐུ་ཆོས་ཅན། སོ་སོར་བརྟགས་འགོག་ཡིན་པར་ཐལ། ལྷག་མེད་མྱང་འདས་ཡིན་པའི་ཕྱིར། ཀླུ་བྱང་གིས། ཕུང་པོ་ཀུན་དང་བྲལ་བའི་ཕྱིར། །ཆོས་ཀྱི་སྐུ་ལ་ཕུང་པོ་མེད། །ཅེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། སྒྲིབ་གཉིས་ཀྱི་མྱ་ངན་ལས་འདས་ཤིང་རང་གི་ངོ་བོ་ཕུང་པོ་ལྔའི་ལྷག་མ་མེད་པས་དེ་ལྟར་བརྗོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་འགོག་བདེན་གྱིས་མ་ཁྱབ་པའི་ཕྱིར། གཞན་ཡང་ངོ་བོ་ཉིད་སྐུ་ཕུང་པོ་ཀུན་དང་བྲལ་བར་ཐལ། སྐུ་གསུམ་ལ་འཇུག་པ་ལས། ཕུང་པོ་ཀུན་དང་བྲལ་བའི་ཕྱིར། །ཞེས་གསུངས་པའི་ཕྱིར། ཁྱབ་པ་འགྲིག འདོད་མི་ནུས་ཏེ། ཟག་མེད་ཀྱི་ཕུང་པོ་ལྔ་དང་ལྡན་པའི་ཕྱིར། དེར་ཐལ། སྟོབས་བཅུ་མི་འཇིགས་པ་བཞི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་སོ་གཉིས་ཏེ། མཚན་སོ་གཉིས་དང་བཅས་པའི་སྟོབས་སོགས་ཀྱི་ཡོན་ཏན་དྲུག་ཅུ་རྩ་བཞི་དང་ལྡན་པའི་ཕྱིར། རྒྱུད་བླ་མ་ལས། དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །ཞེས་གསུངས་པའི་ཕྱིར།

    ཡང་ཁོ་ན་རེ། གཟུགས་མེད་རྟེན་ཅན་གྱི་དགྲ་བཅོམ་114པའི་རྒྱུད་ཀྱི་མྱང་འདས་ཆོས་ཅན། ལྷག་བཅས་མྱང་འདས་ཀྱི་མཚན་ཉིད་དེར་ཐལ། ལྷག་བཅས་མྱང་འདས་ཡིན་པའི་ཕྱིར། དེ་ཡོད་པའི་ཕྱིར་ཏེ། གཟུགས་མེད་ཀྱི་རྟེན་ལ་མྱང་འདས་གསར་ཐོབ་ཡོད་པའི་ཕྱིར་ཏེ། མཛོད་ལས། ཐ་མ་ནི། །གསུམ་དུའོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། དེའི་རྒྱུད་ཀྱི་སྡུག་བསྔལ་གྱི་ཕུང་པོ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་རྒྱུད་ལ་ཚོར་བ་སྡུག་བསྔལ་ཡོད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། སྡུག་བསྔལ་བྱས་ཚད་ཚོར་བ་ལ་མི་བྱེད་པའི་ཕྱིར་ཏེ། སྡུག་བསྔལ་ཟད་པའི་ཕྱིར། འདོད་མི་ནུས་ཏེ། བསམ་གཏན་གསུམ་པ་ཡན་ཆད་ན་སྡུག་བསྔལ་དུ་མ་ཟད་ཚོར་བ་བདེ་བ་ཡང་སས་བསྡུས་མེད་པའི་ཕྱིར་ཏེ། མཛོད་ལས། དེ་ཡན་ཆད། བདེ་མིན་སྡུག་མིན་མྱོང་གྱུར་པ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། དེ་ཆོས་ཅན། སྡུག་བསྔལ་དང་བཅས་པར་ཐལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་བཅས་པའི་ཕྱིར་ན་མ་ཁྱབ། འོ་ན། གཟུགས་མེད་ཁམས་ན་མིང་ཡོད་པར་ཐལ། དེ་ན་མིང་བཞིའི་ཕུང་པོ་ཡོད་པའི་ཕྱིར། དེར་ཐལ། དེ་ན་ཕུང་པོ་ཕྱི་མ་བཞི་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ན་མིང་ཚིག་ཡི་གེ་གསུམ་མེད་པའི་ཕྱིར། འཁོར་གསུམ། དེ་ལ་ཁོ་ན་རེ། མྱང་འདས་ལ་ལྷག་བཅས་མྱང་འདས་མི་འཐད་པར་ཐལ། ཐེག་དམན་གང་ཟག་རྒྱུད་ཀྱི་མྱང་འདས་མི་ཡོང་བའི་ཕྱིར། རྒྱུད་བླ་མ་ལས། དེས་ན་སངས་རྒྱས་མ་ཐོབ་པར མྱ་ངན་འདས་པ་མི་ཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་ལྟ་བར་མི་ནུས་བཞིན། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། སངས་རྒྱས་མ་ཐོབ་པར་སྒྲིབ་པ་ཐམས་ཅད་ཀྱི་མྱ་ངན་ལས་འདས་པ་མི་ཐོབ་པར་བཤད་པའི་ཕྱིར། དེའི་ཐོགས་འགྲེལ་ལས། དེ་བཞིན་གཤེགས་པ་མ་ཐོབ་པར་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་མཚན་ཉིད་མྱ་ངན་ལས་འདས་པའི་དབྱིངས་རྟོགས་པ་མངོན་དུ་བྱེད་པ་མི་འཐད་དེ། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཞེ་ཐག་པས་ཐེག་དམན་གྱིས་ཆགས་སོགས་སྤངས་པའི་མྱང་འདས་མི་ཐོབ་པར་རང་གིས་བཟུང་བ་དང་གཞན་ལ་སྨྲས་ན་བྱང་སྡོམ་གཏོང་བའི་ཕྱིར། བསླབ་བཏུས་ལས། སློབ་པའི་ཐེག་པས་ཆགས་ལ་སོགས། །སྤོང་བར་འགྱུར་བ་མིན་ཞེས་འཛིན། །ཕ་རོལ་དག་ཀྱང་འཛིན་འཇུག་དང༌། །ཞེས་གསུངས་པའི་ཕྱིར། ཐལ་འགྱུར་བའི་ལུགས་དེ་ལ་ཁོ་ན་རེ། རྡོ་རྗེ་ལྟ་བུས་དྲངས་པའི་རྣམ་གྲོལ་ལམ་པའི་དགྲ་བཅོམ་རྒྱུད་ཀྱི་མྱང་འདས་ཆོས་ཅན། ལྷག་བཅས་མྱང་འདས་ཡིན་པར་ཐལ། ཡུལ་དྲུག་གང་རུང་རང་ངོས་ནས་གྲུབ་པར་སྣང་བའི་བློ་མངོན་གྱུར་པ་དང་བཅས་པའི་མྱང་འདས་ཡིན་པའི་ཕྱིར། དེར་ཐལ། དེ་དྲུག་གང་རུང་ལ་ཡུལ་དྲུག་གང་རུང་རང་ངོས་ནས་གྲུབ་པར་སྣང་བའི་བདེན་སྣང་དང་བཅས་པའི་མྱང་འདས་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། བདེན་སྣང་གི་བློ་ལྐོག་གྱུར་པ་དང་བཅས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ལྷག་མེད་མྱང་འདས་ཡིན་པའི་ཕྱིར། དེར་ཐལ། མཉམ་བཞག་པའི་རྒྱུད་ཀྱི་ཐར་པ་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། སྲོག་དབང་དང་མི་ལྡན་པའི་དགྲ་བཅོམ་ཡོད་པར་ཐལ། ཤི་བའི་གང་ཟག་ཡོད་པའི་ཕྱིར། དེར་ཐལ། འདས་པའི་གང་ཟག་ཡོད་པའི་ཕྱིར་ན་མ་ཁྱབ། འོ་ན། ཤི་བའི་སངས་འཕགས་ཡོད་པར་ཐལ། འདས་པའི་སངས་འཕགས་ཡོད་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དུས་གསུམ་གྱི་སངས་རྒྱས་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། སངས་རྒྱས་འཕགས་པས་བདུད་བཞི་བཅོམ་པའི་ཕྱིར

(114) པར་ཐེངས་གཉིས་པ། པའི་ལྷག་བཅས་མྱང་འདས།

 

སྨྲས་པ།

སྒྲིབ་གཉིས་སྒྲིབ་གསུམ་སྒྲིབ་བཞིའི་མྱ་ངན་གྱི། །

དུག་ཚེར་མ་ལུས་ཡེ་ཤེས་མེ་ཡིས་བསྲེགས། །

སྲིད་ཞིའི་རྒུད་པའི་མུན་བྲལ་ཕུན་ཚོགས་བཞིའི། །

དྲི་ངད་ཕྱོགས་བཅུར་འཕྲོ་བའི་དཔག་བསམ་ཤིང༌། །

རྨད་བྱུང་བསམ་པའི་རོ་བདའ་ངེས་ལེགས་ཀྱི། །

རིན་ཆེན་རྒྱན་དང་བདུད་རྩིའི་གོས་བཞོན་པ། །

མ་ལུས་འབྱུང་གནས་ཐེག་གསུམ་ཐར་འདོད་ཀྱི། །

རྣམ་སད་བྱེ་བ་ཕྲག་བརྒྱས་རོལ་པ་རྨད། །

ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། 

                                                                                                                             རྩོམ་སྒྲིག་པ། མང་ར་བ།

 

 

            གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།