ཀུན་མཁྱེན་ཕར་ཕྱིན་ལས་གཅིག་དུ་བྲལ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-12-05 20:43:51     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 625900460895120324.jpg

    གཉིས་པ་ནི། འགྲེལ་པའི་བཤད་ཐབས་དགོས་དོན་གྱིས་དབང་རྣོན་དང་བ་སྐྱེ་ཚུལ་བཤད་པར། ཆོས་ཀྱི་རྗེས་སུ་འབྲངས་པ་རྣམས་ཀྱང་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར། ཞེས་སོགས་བྱུང༌། འཕྲོས་སྦྱོར་མཐའ་དཔྱད་གསུམ་ལས། དང་པོ་ནི། མཆོད་བརྗོད་ལས་མཁྱེན་གསུམ་བདག་གཉིས་ཀྱིས་སྐྱེ་མེད་ཀྱི་རྣམ་པ་ཅན་དུ་བཤད་པ་ལ་དབང་རྣོན་གྱིས་དཔྱད་ནས་དང་བ་སྐྱེ་བས་རིགས་པ་གང་གིས་དཔྱོད་ཅེ་ན། རིགས་པ་ལྔ་སོགས་ཀྱིས་དཔྱད་ཚུལ་བཤད་པ་འདི་བྱུང༌། གཉིས་པ་ནི། ཤེས་བྱ་ཆོས་ཅན། 51ཚིགས་བཅད་དེ་ཐོས་ནས་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་དབང་པོ་རྣོ་རྟུལ་གཉིས་མཁྱེན་གསུམ་ལ་དང་བ་སྐྱེ་ཚུལ་ཡོད་དེ། དབང་རྟུལ་གྱིས་ཐོས་མ་ཐག་ཐེ་ཚོམ་མེད་པར་དང་བ་བསྐྱེད། ཆོས་ཀྱི་རྗེས་འབྲངས་རྣམས་གཅིག་དུ་བྲལ་སོགས་ཀྱི་གཏན་ཚིགས་ལ་བརྟེན་ནས་གཞི་ལམ་རྣམ་གསུམ་བདེན་མེད་དུ་རྟོགས་པའི་སྒོས་ཡུམ་གྱི་ངོ་བོ་དང་ནུས་པ་ལ་དང་བ་ཤུགས་དྲག་བསྐྱེད་པའི་ཕྱིར།

(51) པར་ཐེངས་གཉིས་པ། ཚིག་དེ།

    མཐའ་དཔྱད་པ་ལ་དགག་བཞག་སྤང་གསུམ། དང་པོ་ནི། ཁ་ཅིག །རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་དབང་རྟུལ་ཡིན་ན་གཞི་ལམ་རྣམ་གསུམ་བདེན་མེད་དུ་མ་རྟོགས་པའི་སྒོས་ཡུམ་མཁྱེན་གསུམ་ལ་དང་བ་བསྐྱེད་པས་ཁྱབ་པར་ཐལ། དེས་དེ་ལྟར་མ་རྟོགས་པའི་སྒོས་ཐོག་མར་དང་བ་བསྐྱེད་པའི་ཕྱིར་ན་མ་ཁྱབ། འདོད་ན། དེ་ཡིན་ན་སྟོང་ཉིད་མ་རྟོགས་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་སྟོང་ཉིད་རྟོགས་མ་རྟོགས་གཉིས་ཡོད་པའི་ཕྱིར། རྣམ་བཤད་ལས། རྟུལ་བོ་ལ་ནི་ངེས་པ་མེད་དོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ལ་དབང་རྣོན་གྱིས་ཁྱབ་པར་ཐལ། དེ་ཡིན་ན་རང་བཞིན་གྱི་དབང་རྣོན་ཡིན་པས་ཁྱབ་པའི་ཕྱིར་ན་མ་ཁྱབ་སྟེ། ཐེག་ཆེན་གྱི་རིགས་ཅན་རྣམས་རང་བཞིན་གྱི་དབང་རྣོན་དང༌། རང་རྒྱལ་རིགས་ཅན་རྣམས་རང་བཞིན་གྱི་དབང་འབྲིང་དང༌། ཉན་ཐོས་རིགས་ཅན་རྣམས་རང་བཞིན་གྱི་དབང་རྟུལ་ཡིན་པའི་ཕྱིར་ཏེ། ཀུན་བཏུས་ལས། ཉན་ཐོས་ཀྱི་ཆོས་ཉིད་ངེས་པའམ་མ་ངེས་པ་ལ་གནས་པ་རང་བཞིན་གྱི་དབང་པོ་རྟུལ་པོ་དང༌། ནས། བྱང་ཆུབ་སེམས་དཔའི་ཆོས་ཉིད་ངེས་པའམ་མ་ངེས་པ་དང༌། རང་བཞིན་གྱི་དབང་པོ་རྣོ་བ་དང༌། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ཡུལ་ལྔ་ལ་མཁས་ཀྱང་རྣོ་རྟུལ་ནི་བློའི་འཇུག་པ་མྱུར་བུལ་གྱིས་བྱེད་པའི་ཕྱིར། རྩ་བར། རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད། །ཅེས་གསུངས་པའི་ཕྱིར། ཡང་ཁ་ཅིག གནོད་པ་མ་མཐོང་ནས། ཞེས་པས་གདུལ་བྱ་དབང་རྣོན་གྱིས་ཡུམ་སྟོན་པའི་མཆོད་བརྗོད་ལ་གནོད་པ་མ་མཐོང་ནས་དང་བ་སྐྱེ་བ་དང་52ཤེས་རབ་ཀྱི་སོགས་ཀྱིས་སྒྲུབ་བྱེད་མཐོང་བས་དང་བ་སྐྱེ་ཚུལ་བསྟན་ཟེར། འོ་ན། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་དབང་རྣོན་དེས་གཞི་ལམ་རྣམ་གསུམ་བདེན་མེད་དུ་མ་རྟོགས་པར་ཐལ། དང་བ་སྐྱེད་ཚུལ་དང་པོ་འཐད་པའི་ཕྱིར། འདོད་མི་རིགས་པར་ཐལ། ཡུམ་མཁྱེན་གསུམ་ལ་དང་བ་སྐྱེད་པ་ལ་མཁྱེན་གསུམ་གྱི་ཡུལ་གཞི་ལམ་རྣམ་གསུམ་བདེན་མེད་དུ་ངེས་ནས་ངོ་བོ་དེ་ལྟ་བུ་ཡོད་པར་རྟོགས་ནས་དང་བ་བསྐྱེད། 53ཡུམ་ངོ་བོ་དེ་ལྟ་བུས་བསྟོད་པ་ལྟར་རིགས་ཅན་གསུམ་དང་འཕགས་པ་བཞིའི་དོན་སྒྲུབ་ཚུལ་གྱིས་ནུས་པ་ལ་དང་བ་སྐྱེ་བའི་ཕྱིར། དང་པོ་གྲུབ་སྟེ། འགྲེལ་བ་ལས། ཚུལ་གསུམ་པ་ཅན། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྣམ་བཤད་ལས། ཚུལ་ལུགས་གསུམ་པ་ཅན་ནི་གདོན་མི་ཟ་བར་སྲིད་དོ། །ཞེས་ངོ་བོ་ལ་དང་བ་སྐྱེ་བ་དང༌། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། འགྲེལ་བ་ལས། སངས་རྒྱས་ལ་སོགས་པ་བསྐྲུན་པར་མཛད་པ་ནི་གདོན་མི་ཟ་བར་སྲིད་པ་ཉིད་དོ། །ཞེས་ངེས་པར་བཟུང་སྟེ། ཞེས་གསུངས་པའི་ཕྱིར་དང༌། རྣམ་བཤད་ལས། ངེས་པར་བཟུང་སྟེ་ནུས་པ་ལ་དང་བ་54སྐྱེའོ། །ཞེས་གསུངས་པའི་ཕྱིར།

(52) པར་ཐེངས་གཉིས་པ། ཤེས་རབ་སོགས།

(53) པར་ཐེངས་གཉིས་པ། ཡུམ་ལ་ངོ་བོ།

(54) པར་ཐེངས་གཉིས་པ། སྐྱེ་བ་དང།

    ཡང་ཁ་ཅིག །དབང་པོ་རྣོ་རྟུལ་གཉིས་ཀ་དང་བ་སྐྱེ་བའི་རྒྱུ་མཚན་མཆོད་བརྗོད་ཀྱི་ལུང་ཡིན་ཏེ། འགྲེལ་བ་ལས། དེ་ཐོས་ནས་ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ཐོས་ནས་དང་བ་སྐྱེ་བར་བསྟན་གྱི་དང་བ་སྐྱེ་བའི་རྒྱུ་མཚན་དུ་མ་བཤད་པའི་ཕྱིར། འདོད་མི་ནུས་ཏེ། མཆོད་བརྗོད་ཀྱི་ལུང་དབང་རྣོན་ལ་མཁྱེན་གསུམ་གྱི་ཡོན་ཏན་ཡོད་པར་སྒྲུབ་པའི་རྒྱུ་མཚན་དུ་མི་རུང་བའི་ཕྱིར། དེར་ཐལ། དབང་རྣོན་ལ་མཁྱེན་གསུམ་གྱི་ཡོན་ཏན་ཡོད་པར་སྒྲུབ་པ་ལ་དཔྱད་གསུམ་གྱིས་དག་པའི་ལུང་མི་འཇུག་པའི་ཕྱིར། དེར་ཐལ། དེའི་ཡོན་ཏན་དངོས་སྟོབས་རྗེས་དཔག་གི་ཡུལ་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། རྗེས་དཔག་རང་གི་སྤྱོད་ཡུལ་ལ། །ལུང་ལ་ལྟོས་པ་མེད་པར་བཤད། །ཅེས་གསུངས་པའི་ཕྱིར་དང། རྣམ་བཤད་ལས། མཆོད་བརྗོད་ཀྱི་ལུང་རྒྱུ་མཚན་དུ་བྱར་མི་རུང༌། ཞེས་སོ། །མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། དེ་ཅུང་ཟད་ལྐོག་གྱུར་ཡིན་པའི་ཕྱིར། དེར་ཐལ། གཞལ་བྱའི་གནས་གཉིས་པ་ཡིན་པའི་ཕྱིར། དེར་ཐལ། བདེན་བཞི་55དེ་ཡིན་པའི་ཕྱིར། དེར་ཐལ། མངོན་མཐོ་དང་ངེས་ལེགས་གཉིས་རྟགས་ཀྱིས་56སྒྲུབ་པའི་ཚེ་ཐོག་མར་ངེས་ལེགས་དངོས་སྟོབས་ཀྱིས་བསྒྲུབས་ནས། དེ་རྗེས་སུ་མངོན་མཐོའང་དེས་བསྒྲུབ་པའི་ཕྱིར། རྣམ་འགྲེལ་ལས། བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་བཅས་རབ་ཏུ་ངེས་པ་ཡིས། །གཙོ་བོའི་དོན་ལ་མི་བསླུའི་ཕྱིར། །གཞན་ལའང་རྗེས་སུ་དཔག་པ་ཡིན། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། མཁྱེན་གསུམ་གྱི་ཡོན་ཏན་ཤིན་ཏུ་ལྐོག་གྱུར་ཡིན་པར་ཐལ། དེ་སྒྲུབ་པ་ལ་མཆོད་བརྗོད་ཀྱི་ལུང་སྒྲུབ་བྱེད་ཡིན་པའི་ཕྱིར། ཁྱབ་སྟེ། གཞལ་བྱའི་གནས་མངོན་གྱུར་དང་ཅུང་ཟད་ལྐོག་གྱུར་དང་ཤིན་ཏུ་ལྐོག་གྱུར་གསུམ་གྱི་ནང་ནས་གསུམ་པའི་སྐབས་སུ་ལུང་འགོད་དགོས་པའི་ཕྱིར། དེར་ཐལ། གནས་དང་པོ་གཉིས་ཀྱིས་དཔྱད་པ་དག་པ་ན་ལུང་འགོད་པ་གང་ཞིག །དེའི་ཚེ་དཔྱད་པ་དང་པོ་གཉིས་ཀྱིས་མ་དག་པའི་ཕྱིར། དང་པོ་གྲུབ་སྟེ། རྣམ་འགྲེལ་ལས། གནས་གསུམ་པར་ནི་འཕོས་པ་ན། །ལུང་འདྲེན་པ་ནི་མཁས་པའི་ལུགས། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་སྐད་དུ། རྣམ་བཤད་ལས། དབང་རྣོན་ལུང་དོན་ལ་དཔྱད་པ་དག་ནས་སྒྲུབ་བྱེད་དུ་ཁས་ལེན་པ་ཡིན་ལ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། གནས་གཉིས་པའི་དཔྱད་པ་སྐབས་སུ་བབས་པའི་ཡུལ་ཡིན་པའི་ཕྱིར། ཁྱབ་སྟེ། མཁྱེན་གསུམ་གྱི་ཡོན་ཏན་ཡོད་པར་སྒྲུབ་པའི་ལྐོག་གྱུར་ཙམ་གྱིས་སྐབས་འདིར་གནས་གསུམ་པའི་ལུང་གིས་དཔྱད་པ་སྐབས་མ་ཡིན་པས་དེ་མི་འཐད་པའི་ཕྱིར། རྣམ་བཤད་ལས། སྐབས་འདིར་དེ་མི་འཐད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གང་ཤེས་ཐམས་ཅད་ལུང་གིས་བསྒྲུབ་མི་དགོས་པའི་ཕྱིར། རྣམ་འགྲེལ་ལས། དེས་ན་རབ་གྲགས་དོན་དག་ལ། །བསྟན་བཅོས་དོར་ནའང་ཉེས་པ་མེད། །ལྐོག་གྱུར་དག་ལ་བསྟན་བཅོས་ནི། །མི་འདོད་དཔྱོད་པ་ཉིད་མི་འཇུག །ཅེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། གཞི་ལམ་རྣམ་གསུམ་བདེན་མེད་དུ་ཚད་མས་ངེས་ནས། དེའི་དོན་གོམས་པས་དེ་མངོན་སུམ་དུ་རྟོགས་པའི་འཕགས་པའི་གོ་འཕང་ཡོད་པར་ཚད་མས་གྲུབ་པའི་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་དབང་རྣོན་ཡོད་པའི་ཕྱིར། རྣམ་བཤད་ལས། དབང་རྣོན་གྱིས་སྐབས་འདིར། ནས། ཉེས་པ་ཅི་ཡོད། ཅེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། འོ་ན། འགྲེལ་བ་ལས། མཁྱེན་གསུམ་ལ་དང་བའི་དད་པ་ལས་ཐོས་བསམ་སྒོམ་གསུམ་ལ་རིམ་གྱིས་འཇུག་པར་བཤད་པ་མི་འཐད་པར་ཐལ། འདོད་པ་དེའི་ཕྱིར། ཞེས་པའི་རྩོད་ཚུལ། རྣམ་བཤད་ལས། དེ་ལྟ་ན། ནས། འགལ་ལོ ཞེ་ན། ཞེས་གསུངས་པའི་ཕྱིར། དེ་ལ་འོ་ན། དབང་རྣོན་གྱིས་གཅིག་དུ་བྲལ་གྱིས་ཕྱོགས་ཆོས་དང་ཁྱབ་པ་སྒྲུབ་ནུས་ཤིང་བསྒྲུབ་བྱའི་དོན་བསྒོམ་པས་གསལ་སྣང་འབྱུང་བར་བསྒྲུབ་ནུས་ན་ལམ་57ཀུན་ཤེས་པས་ཁྱབ་པར་ཐལ། གཞི་ལམ་རྣམ་གསུམ་བདེན་མེད་དུ་ངེས་ནས་དེ་ལ་གོམས་ན་དེ་མངོན་སུམ་དུ་རྟོགས་པའི་བློ་འབྱུང་བར་ངེས་ན་མངོན་རྟོགས་རྒྱན་ལ་ཐོས་བསམ་སྒོམ་གསུམ་གྱིས་ཞུགས་པས་ཁྱབ་པའི་ཕྱིར། འདོད་མི་ནུས་ཏེ། དབང་རྣོན་གྱིས་ཐོག་མར་དང་བ་བསྐྱེད་པའི་སྔོན་དུའང་དེ་དགོས་པའི་ཕྱིར། རྣམ་བཤད་ལས། འོ་ན། གཅིག་དུ་བྲལ། ནས། འགྱུར་རོ། །ཞེས་སོ། །རོང་ཊཱིཀ་པས། གཞི་ཤེས་ཉན་རང་ཁོ་ནའི་རྒྱུད་ལ་ཡོད་པ་དང༌། གཞི་ཐམས་ཅད་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་ཞེས་པའི་སྐབས་ཀྱི་གཞི་ཤེས་དོན་གཅིག་ཏུ་འདོད་བཞིན་དུ་གཞི་སྐྱེ་མེད་ཀྱི་དོན་བདེན་པའི་སྐྱེ་མེད་ལ་འཆད་ཅིང་ཐེག་དམན་ལ་ཆོས་ཀྱི་བདག་མེད་རྟོགས་པ་མི་སྲིད་ཅེས་སེང་བཟང་ལ་ཞེ་སྡང་བ་ཆོས་ཅན། ཁྱོད་འགལ་བའི་ཁུར་ཤིན་ཏུ་ལྕི་བ་ལྷུན་པོ་ལྟ་བུས་ནོན་པར་ཐལ། ཁྱོད་དེ་འདྲ་ཁས་ལེན་མཁན་ཡིན་པའི་ཕྱིར། འཁོར་གསུམ། མ་ཁྱབ་ན། སྟོང་ཉིད་རྟོགས་པའི་གཞི་ཤེས་ཡོད་པར་ཐལ། ཐེག་དམན་འཕགས་པ་ལ་སྟོང་ཉིད་རྟོགས་པའི་གཞི་ཤེས་རྒྱུད་ལྡན་ཡོད་པའི་ཕྱིར། འཁོར་གསུམ། འདོད་ན། དེ་ཆོས་ཅན། སྟོང་ཉིད་མ་རྟོགས་པར་ཐལ། ཐེག་དམན་འཕགས་པ་ཡིན་པའི་ཕྱིར། དེས་ན་སློབ་དཔོན་གྱིས་དེ་ལ་སྟོང་ཉིད་རྟོགས་པ་ཡོད་པར་བཤད་པ་ལ་སྡང་མི་རིགས་པར་ཐལ་ལོ། །རྣམ་བཤད་ལས། འདི་58དག་གིས་ནི་ནས། ཐན་མཐོང་བ་ལྟར་བྱེད་པ་དག་སྣང་ངོ༌། །ཞེས་གསུངས་པའི་ཕྱིར།

(55) པར་ཐེངས་གཉིས་པ། དེ་དེ།

(56) པར་ཐེངས་གཉིས་པ། བསྒྲུབ།

(57) པར་ཐེངས་གཉིས་པ། ཀུན་མཁྱེན།

(58) པར་ཐེངས་གཉིས། དག་གིས། ཞེས་པ་ནས་ཐན།

    ཡང་ཁ་ཅིག་ན་རེ། རང་གི་མཚན་ཉིད་ཀྱིས་གྲུབ་པ་དོན་དམ་དཔྱོད་པའི་རྟགས་ཀྱི་དགག་བྱ་ཡིན་ཟེར་ན། འོ་ན། རང་གི་མཚན་ཉིད་ཀྱིས་གྲུབ་པ་ཆོས་ཅན། མེད་པར་ཐལ། རྟགས་ཀྱི་དགག་བྱ་ཡིན་པའི་ཕྱིར། ཁྱབ་སྟེ། ཡོད་ན་དགག་མི་ནུས་པའི་ཕྱིར། འདོད་མི་ནུས་ཏེ། མདོ་སྡེ་སྤྱོད་པ་དང་རྣལ་འབྱོར་སྤྱོད་པའི་རང་རྒྱུད་པ་གཉིས་ཀའི་ལུགས་ལ། གཞི་གྲུབ་ན་རང་གི་མཚན་ཉིད་ཀྱིས་གྲུབ་པས་ཁྱབ་པར་འདོད་པའི་ཕྱིར། དེ་གཉིས་ཀྱི་ལུགས་ལ་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཕྱིར། རྗེ་རིན་པོ་ཆེའི་བྱང་ཆུབ་བླ་མའི་དྲིས་ལན་ལས། རང་རྒྱུད་པ་རྣམས་ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་ལེན་པས། ཞེས་གསུངས་པའི་ཕྱིར་དང༌། ཤེས་རབ་སྒྲོན་མེ་ལས་ཀྱང༌། ཀུན་བཏགས་ནི་མེད་པ་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིའི་མེད་པ་མིན་པ་ནི་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མེད་པ་མིན་པའི་དོན་ཡིན་པའི་ཕྱིར། ལེགས་བཤད་སྙིང་པོ་ལས། ཡོད་མེད་ནི་མཚན་ཉིད་ངོ་བོ་ཉིད་ཡོད་མེད་ཡིན་པས། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། རང་རྒྱུད་པའི་ལུགས་ལའང་ཆོས་ཐམས་ཅད་རྟོག་པས་བཏགས་ཙམ་ཡིན་ཟེར་ན། འོ་ན། ཆོས་ཐམས་ཅད་ཆོས་ཅན། རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་ཐལ། མིང་དང་བརྡས་བཞག་ཙམ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། དེ་དག་དོན་དམ་པར་མིང་བརྡས་བཞག་ཙམ་ཡིན་ཀྱང༌། ཐ་སྙད་དུ་མིང་བརྡས་བཞག་ཙམ་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། གཟུགས་སོགས་རང་གི་ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་ཚུལ་ནི་བདེན་གྲུབ་ཏུ་ཀུན་བཏགས་པའམ་སྒྲོ་འདོགས་པ་དང་བདེན་གྲུབ་ཏུ་མིང་གིས་བཞག་པ་དང་བརྡའམ་རྟོག་པས་བཞག་པ་ཙམ་དུ་འདོད་པའི་ཕྱིར། ལེགས་བཤད་སྙིང་པོ་ལས། ཀུན་བཏགས་ནི། ཞེན་ཡུལ་དེ་དོན་དམ་པར་ཀུན་བཏགས་པ་དེ་ཡིན་ལ། དེ་ཉིད་མིང་དང་བརྡས་བཞག་པར་གསུངས་པ་ནི་སྒྲ་རྟོག་གིས་བཏགས་པ་ཙམ་དུ་ཟད་པའི་དོན་ནོ། །ཞེས་གསུངས་པའི་ཕྱིར། 59འདི་ཉིད་ལས། འགྲེལ་ཆེན་ལས། འདི་དག་ཐམས་ཅད་མིང་ཙམ་སྟེ། ཞེས་སོགས་ཀྱི་དོན་བཤད་ཟིན་ཏོ། །གཉིས་པ་གྲུབ་སྟེ། རྗེ་རིན་པོ་ཆེའི་བྱང་ཆུབ་བླ་མའི་དྲིས་ལན་ལས། དོན་དམ་པར་རང་བཞིན་ཁེགས་ཀྱང་ཀུན་རྫོབ་ཏུ་རྟོག་པས་བཞག་པ་ཙམ་མིན་པའི་རང་མཚན་འདོད་ལ། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཆོས་ཐམས་ཅད་རང་མཚན་གྱིས་གྲུབ་ཀྱང་དོན་དམ་པར་རང་བཞིན་མེད་པར་བཤད་པའི་ཕྱིར། ལེགས་བཤད་སྙིང་པོ་ལས། གལ་ཏེ་ཆོས་རྣམས་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་བཞིན་ཙམ་ཞིག་འདོད་ན། ཞེས་གསུངས་པའི་ཕྱིར།

(59) པར་ཐེངས་གཉིས་པ། འདིའི་འགྲེལ་ཆེན་ལས།

    ཡང་ཁ་ཅིག་ན་རེ། སྒྱུ་མའི་རྟ་གླང་60སྣང་བའི་སྤྲུལ་གཞིའི་རྡེ་ཤིང་ངོས་ནས་མི་སྣང་བར་ཐལ། རྣམ་བཤད་ལས། རྡེའུ་ཤིང་བུ་སོགས་ཀྱི་ངོས་ནས་ཡོད་ན་རིགས་འདྲ་སྔ་མས། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། བློ་འཁྲུལ་པ་ལ་སྣང་བའི་དབང་གིས་མ་ཡིན་པར་རྡེ་ཤིང་གི་ངོས་ནས་ཡོད་ན་ཞེས་པའི་དོན་ཡིན་པའི་ཕྱིར། རྣམ་བཤད་ལས། སྣང་བ་དེ་ཉིད་བློ་འཁྲུལ་པའི་དབང་གིས་བཞག་པ་མིན་པར་རྡེ་ཤིང་སོགས་ཀྱི་ངོས་ནས་ཡོད་ན། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། བློ་འཁྲུལ་པ་ལ་ཡང་སྤྲུལ་གཞིའི་ངོས་ནས་སྣང་ཡང་མིག་བསླད་པའི་དབང་གིས་སྣང་གི །གདོད་ནས་61སྒྱུ་ལས་རྟ་གླང་དུ་སྣང་བ་བསྐྱེད་པ་མིན་ཞེས་པའི་དོན་ཡིན་པའི་ཕྱིར། ལེགས་བཤད་སྙིང་པོ་ལས། དེ་སྤྲུལ་གཞིའི་ངོས་ནས་རྟ་གླང་དུ་སྣང་བ་ཡོད་མོད་ཀྱང༌། མིག་བསླད་པའི་ཤེས་པའི་དབང་གིས་དེ་ལྟར་སྣང་བ་ཡིན་གྱི། རང་གི་གཉུག་མའི་རྒྱུ་རྐྱེན་ལས་དེར་སྣང་དུ་བསྐྱེད་པ་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། མིག་བསླད་པས་སྒྱུ་མའི་རྟ་གླང་སྤྲུལ་གཞི་མེད་པའི་ཕྱོགས་ལའང་སྒྱུ་མའི་རྟ་གླང་གི་སྣང་བ་འཆར་བར་ཐལ། དེ་སྤྲུལ་གཞིའི་ངོས་ནས་རྟ་གླང་དུ་མི་སྣང་བའི་ཕྱིར། ཁྱབ་སྟེ། སྤྲུལ་གཞིའི་62རྫས་སྔགས་གཉིས་དང་མིག་བསླད་པ་གསུམ་ཀ་ཚོགས་དགོས་པར་མདོ་ལས་བཤད་པའི་ཕྱིར། འདོད་ན། ཐག་ཁྲ་ལ་སྦྲུལ་དུ་སྣང་བའི་ཚེ་ཡང་ཐག་ཁྲ་མེད་པའི་ས་ལའང་སྦྲུལ་དུ་སྣང་བ་འཆར་བར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ལེགས་བཤད་སྙིང་པོ་ལས། མིག་བསླད་པ་ལ་རྟ་གླང་དུ་སྣང་བ་ན་དེའི་ཤེས་པ་ལ་དེར་སྣང་བ་ཙམ་ཡིན་གྱི་ཤིང་ལ་སོགས་པ་དེར་མི་སྣང་ཞེས་སྨྲ་མི་ནུས་པ་བཞིན་དུ། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། བདེན་གཉིས་ལས། བློ་ལ་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་གཅིག་ཤོས་སོ། །ཞེས་པའི་ཀུན་རྫོབ་ཡན་ཆད་ཀྱིས་ཀུན་རྫོབ་ཏུ་གྲུབ་པའི་ཚད་དང༌། ལྷག་མས་དོན་དམ་དུ་གྲུབ་པའི་ཚད་བསྟན་ཟེར་ན། ཀུན་རྫོབ་ཏུ་གྲུབ་ན་སྔ་མའི་ཀུན་རྫོབ་དེར་ཡོད་དགོས་པར་ཐལ། དེས་དེའི་གྲུབ་ཚད་བསྟན་པའི་ཕྱིར། རྟགས་ཁས། འདོད་ན། དོན་དམ་བདེན་པ་ཆོས་ཅན། ཐ་སྙད་ཚད་མའི་རྙེད་དོན་ཡིན་པར་ཐལ། སྔ་མའི་ཀུན་རྫོབ་དེར་གྲུབ་པའི་ཕྱིར། ཁྱབ་སྟེ། དེའི་ཀུན་རྫོབ་ལ་ཀུན་རྫོབ་བདེན་པས་ཁྱབ་པའི་ཕྱིར་ཏེ། བདེན་གཉིས་ཀྱི་མཚན་ཉིད་བཤད་པའི་སྐབས་ཡིན་པའི་ཕྱིར། བདེན་གཉིས་རང་འགྲེལ་ལས། བ་ལང་རྫི་ལ་སོགས་པ་ཡན་ཆད་ཀྱིས་མཐོང་བ་དེ་ལྟར་ཀུན་རྫོབ་ཏུ་རྣམ་པར་གནས་ཀྱི་ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། གཞན་ནི་གཅིག་ཤོས་སོ། །ཞེས་པའི་དངོས་བསྟན་གྱི་དོན་དམ་དེར་གྲུབ་པའི་ཕྱིར། ཁྱབ་སྟེ། འདི་དོན་དམ་བདེན་པའི་མཚན་ཉིད་སྟོན་པའི་གཞུང་ཡིན་པའི་ཕྱིར། བདེན་གཉིས་རང་འགྲེལ་ལས། གཞན་ནི་གཅིག་ཤོས་སོ། །དོན་དམ་པའི་བདེན་པ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པའི་ཕྱིར།

(60) པར་ཐེངས་གཉིས་པ། སྣང་བའི་དབང་ཤེས་ལ་སྤྲུལ་གཞིའི།

(61) པར་ཐེངས་གཉིས་པ། སྒྱུ་མའི་རྟ།

(62) པར་ཐེངས་གཉིས་པ། སྔགས་རྫས།

    ཡང་ཁོ་ན་རེ། བདེན་གཉིས་ལས། ཇི་ལྟར་སྣང་བཞིན་ངོ་བོའི་ཕྱིར། །འདི་ལ་དཔྱད་པ་མི་འཇུག་གོ །ཞེས་པ་སྔ་ཕྱིས་ཀུན་རྫོབ་ཏུ་གྲུབ་ཚད་དང༌། དོན་དམ་དུ་གྲུབ་ཚད་བསྟན་ཟེར་བའང་ཤིན་ཏུ་མི་འཐད་པར་ཐལ། ཀུན་རྫོབ་བདེན་པ་ལ་དོན་དམ་གྱི་དཔྱད་པ་མི་འཇུག་ཅེས་བཤད་པ་ཡིན་པའི་ཕྱིར། བདེན་གཉིས་རང་འགྲེལ་ལས། ཁོ་བོ་ཅག་ནི་འདི་དཔྱོད་པར་མི་བྱེད་ཀྱི། དཔྱོད་པར་བྱེད་པ་ལ་ནི་འགོག་པར་བྱེད་དོ། །ཞེས་གསུངས་པའི་ཕྱིར། འགོག་བྱེད་རིགས་པ་ལ་ཁ་ཅིག་ན་རེ། བདེན་པའི་གཅིག་དང་དུ་མ་གང་རུང་དང་བྲལ་བ་དེ་གཞི་ལམ་རྣམ་གསུམ་བདེན་མེད་དུ་སྒྲུབ་པའི་རྟགས་ཡང་དག་ཟེར་ན། དེ་གསུམ་ཆོས་ཅན། དེ་གང་རུང་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཡང་ཁ་ཅིག །བདེན་པའི་གཅིག་དང་བདེན་པའི་དུ་མ་གང་རུང་དང་བྲལ་བ་དེ་སྒྲུབ་ཀྱི་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་ཟེར་ན། བདེན་མེད་ཡིན་ན་དེ་གང་རུང་དང་བྲལ་བས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཀ་བའི་ཆོས་ཉིད་བདེན་པའི་གཅིག་ཡིན། འདུས་བྱས་སྟོང་ཉིད་དང༌། འདུས་མ་བྱས་སྟོང་ཉིད་གཉིས་བདེན་པའི་དུ་མ་ཡིན་པའི་63ཕྱིར། དེར་ཐལ། བདེན་པའི་ཆོས་གཅིག་དང་བདེན་པའི་ཆོས་དུ་མ་ཡོད་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཡོད་ན་གཅིག་དང་དུ་མ་གང་རུང་དུ་ངེས་པ་དེས་བདེན་པར་ཡོད་ན་བདེན་པའི་གཅིག་དང་དུ་མ་གང་རུང་གིས་མ་ཁྱབ་པར་འཛིན་པའི་སྒྲོ་འདོགས་གཅོད་ཟེར་ན། འོ་ན། བྱས་ན་མི་རྟག་པས་ཁྱབ་པ་ངེས་པའི་ཚད་མ་དེས། སྒྲ་བྱས་ན་མི་རྟག་པས་མ་ཁྱབ་པར་འཛིན་པའི་སྒྲོ་འདོགས་གཅོད་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཆོས་ཅན། ཁྱོད་ཀྱིས་སྒྲ་བྱས་ན་སྒྲ་མི་རྟག་པས་མ་ཁྱབ་པར་འཛིན་པའི་སྒྲོ་འདོགས་བཅད་པར་ཐལ། ཁྱོད་ཀྱིས་བྱས་ན་མི་རྟག་པས་ཁྱབ་པ་ཚད་མས་ངེས་པའི་ཕྱིར། དེར་ཐལ། དེ་འདྲའི་ཕྱི་རྒོལ་ཡང་དག་ཡིན་པའི་ཕྱིར། འདོད་ན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གིས་གསར་དུ་གཅོད་རྒྱུའི་སྒྲོ་འདོགས་མེད་པར་ཐལ། འདོད་པ་དེའི་ཕྱིར། འདོད་མི་ནུས་ཏེ། རྗེས་དཔག་ཡིན་པའི་ཕྱིར། རྣམ་བཤད་ལས། རྟགས་དེ་ལ་བརྟེན་པའི་རྗེས་དཔག་གིས་སྒྲོ་འདོགས་གསར་དུ་མི་གཅོད་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར།

(63) པར་ཐེངས་གཉིས་པ། ཕྱིར། བདེན་པའི།

    དེ་ལ་ཁོ་ན་རེ། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གིས་སྒྲོ་འདོགས་གསར་དུ་མི་གཅོད་པའི་ཧ་ཅང་ཐལ་བ་མི་འཐད་པར་ཐལ། དེས་སྒྲོ་འདོགས་གསར་དུ་མི་གཅོད་64པ་འདོད་པ་ཁོ་ན་ཡིན་པའི་ཕྱིར། དེར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ངེས་པའི་ཚད་མས་སྒྲ་མི་རྟག་པ་ལ་སྒྲོ་འདོགས་གཅོད་པའི་ཕྱིར། དེར་ཐལ། ཐར་ལམ་གསལ་བྱེད་ལས། རྗེས་ཁྱབ་ངེས་པའི་ཚད་མས་བསྒྲུབ་བྱ་ལ་སྒྲོ་འདོགས་ཆོད་པར་འགྱུར་རོ་ཞེ་ན། འདོད་པ་ཁོ་ནའོ། །ཞེས་གསུངས་པའི་ཕྱིར་ན་65མ་ཁྱབ་སྟེ། མཐའ་གཅིག་ཏུ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་པར་བཤད་པ་ཙམ་གང་ཞིག །དེ་ཆོད་ཀྱང་ཐེ་ཚོམ་གྱི་སྒྲོ་འདོགས་ཡོད་པ་མང་བའི་ཕྱིར། དང་པོ་གྲུབ་སྟེ། ཐར་ལམ་གསལ་བྱེད་ལས། རྩོལ་བྱུང་གི་གསལ་བའི་དབྱེ་བ་མཐའ་དག་ལ་རྟག་པ་ཡོད་པའི་སྒྲོ་འདོགས་ཆོད་དགོས་ལ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིའི་སྒྲོ་འདོགས་དེ་འདྲ་ཕྱོགས་གཅིག་ཏུ་འཛིན་པ་ལ་བྱེད་པའི་ཕྱིར། གཉིས་པ་གྲུབ་སྟེ། ཕྱིར་རྒོལ་ཡང་དག་གི་རྒྱུད་ལ་དེ་སྒྲུབ་ཀྱི་བསྒྲུབ་བྱ་ལ་ཐེ་ཚོམ་ཙམ་ཡོད་དགོས་པའི་ཕྱིར་ཏེ། སྒྲུབ་ངག་གི་དགོས་པ་ཡོད་པའི་ཕྱིར། འདི་དག་གལ་ཆེ་ཡང༌། རྣམ་འགྲེལ་མཐའ་དཔྱོད་དུ་དཀའ་གནད་བཤད་ཡོད་པས་དེར་བལྟས་ན་ཤེས་སོ། །

(64) པར་ཐེངས་གཉིས་པ། པར།

(65) པར་ཐེངས་གཉིསཔ། མ་ཁྱབ།

    རང་ལུགས་ལ། སློབ་དཔོན་གྱིས་རྟགས་ཀྱི་དགག་བྱ་ངོས་འཛིན་དགོས་པ་དང༌། དེའི་གྲུབ་ཚད་དང༌། དེ་འགོག་པའི་རིགས་པ་གསུམ། དང་པོ་ནི། སྟོང་ཉིད་རྟོགས་པའི་ལྟ་བ་རྒྱུད་ལ་སྐྱེད་པ་ལ་དགག་བྱ་ངོས་ཟིན་དགོས་ཏེ། དེ་ངོས་མ་ཟིན་པར་དེ་བཀག་པའི་མེད་དགག་སྟོང་ཉིད་ངོས་མི་ཟིན་པའི་ཕྱིར། སྤྱོད་འཇུག་ལས། བཏགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་གསུངས་པའི་ཕྱིར་དང༌། ལེགས་བཤད་སྙིང་པོ་ལས། དགག་བྱ་ངོས་བཟུང་བ་ནི་ཤིན་ཏུ་གལ་ཆེ། ཞེས་གསུངས་པའི་ཕྱིར། དེ་ཡང་འདིའི་བདེན་པར་འཛིན་ལུགས་དང༌། བཟུང་བའི་དོན་སྤྱི་བློ་ལ་ཤར་ནས་ངོས་ཟིན་པ་ཞིག་དགོས་ཏེ། དོན་སྤྱི་མ་ཤར་བར་ཚིག་གི་སྒྲུབ་ཚད་དང་འཛིན་ཚུལ་གྱི་སྒྲ་སྤྱི་ཡོད་ཀྱང་ངོས་ཟིན་པའི་གོ་མི་ཆོད་པའི་ཕྱིར། ལེགས་བཤད་སྙིང་པོ་ལས། འདིར་བདེན་པར་གྲུབ་པ་སོགས་སུ་འཛིན་པའི་འཛིན་ལུགས་སམ་དེས་ཇི་འདྲ་ཞིག་ཏུ་བཟུང་བའི་དགག་བྱའི་སྤྱི་ལེགས་པོར་མ་ཤར་བར། དེ་རྣམས་སུ་སྒྲུབ་པ་མི་སྲིད་ཅེས་པའི་བརྡ་66འཇག་པ་ཙམ་ལ་བརྟེན་ནས་དེ་ལྟར་སྒྲུབ་ན་གནོད་པ་འདི་ཡོད་དང༌། མ་གྲུབ་པའི་སྒྲུབ་བྱེད་འདིའོ་ཞེས་མང་དུ་སྨྲས་ཀྱང་དོན་ལེགས་པར་མི་གོ་བས། ཞེས་གསུངས་པའི་ཕྱིར། གཉིས་པ་ནི། སྐབས་འདིར་བརྟགས་པ་མཐའ་བཟུང་གི་བདེན་པར་གྲུབ་ཚད་བཞག་ཏུ་ཡོད་དེ། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་ཙམ་མ་ཡིན་པར་གཟུགས་སོགས་གདོད་ནས་རང་གི་སྡོད་ལུགས་སུ་གྲུབ་པ་དེ་དེར་འཇོག་པའི་ཕྱིར། དཔེར་ན་སྒྱུ་མའི་རྟ་གླང་སྣང་བ་ན་བློ་འཁྲུལ་པའི་དབང་གིས་མ་ཡིན་པར་གདོད་ནས་སྤྲུལ་གཞིའི་ངོས་ནས་གྲུབ་པར་སྣང་བ་བཞིན་ནོ། །དེ་ཡང་གཟུགས་སོགས་རང་རྒྱུ་ལས་སྐྱེ་བར་སྣང་བ་ན་ཤེས་པ་ལ་དེར་སྣང་བ་ཁོ་ནར་ཟད་ཀྱི་དེ་དག་རང་རྒྱུ་ལས་སྐྱེས་པ་མིན་ཞེས་བྱ་མི་རུང་བས། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་དང༌། རང་ངོས་ནས་གྲུབ་པ་མི་འགལ་ཏེ། འདིར་བློ་ལ་སྣང་བ་ཡང་གདགས་གཞིའི་ངོས་ནས་སྣང་བར་འདོད་པའི་67ཕྱིར། དེར་ཐལ། དེ་མིན་ན་ཐམས་ཅད་ལ་གཟུགས་སྣང་འཆར་དགོས་པའི་ཕྱིར། དེས་ན་བུམ་པ་བུམ་འཛིན་དབང་མངོན་ལ་སྣང་བའི་དབང་གིས་མ་བཞག་པར་བུམ་པ་རང་གི་གནས་ལུགས་དབང་གིས་ཡོད་པ་དེ། བུམ་པ་བདེན་པར་གྲུབ་ཚད་དང༌། དེ་ལྟར་ཡོད་པར་འཛིན་པ་བདེན་འཛིན་ཡིན་ཏེ། བུམ་པ་དེ་ལྟར་གྲུབ་ན་བུམ་པ་རྟོགས་པའི་མངོན་སུམ་རྫུན་སྣང་ཅན་མ་ཡིན་པར་འགྱུར་དགོས་པ་ལ་དེ་རྫུན་སྣང་ཅན་ཡིན་པའི་68ཕྱིར། དེར་ཐལ། བུམ་པ་དེ་སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་རྫུན་པ་ཡིན་པའི་ཕྱིར། རྩ་ཤེ་ལས། འདུས་བྱས་ཐམས་ཅད་བསླུ་བའི་ཆོས ཞེས་དང༌། ལང་གཤེགས་ལས། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། ཀུན་རྫོབ་ཏུ་ཡོད་པའི་ཟློག་ཟླའི་ཡོད་པ་བདེན་གྲུབ་ཀྱི་ཚད་ཡིན་པའི་ཕྱིར། དབུ་མ་སྣང་བ་ལས། དེས་ཀྱང་སྲོག་ཆགས་ཐམས་ཅད་ལ་ཡང་དག་པར་དངོས་པོའི་བདག་ཉིད་ལྟ་བུར་ཉེ་བར་སྟོན་པ་མཐོང་བར་འགྱུར་ཏེ། དེའི་ཕྱིར། དེ་དག་གི་བསམ་པའི་དབང་གིས་དངོས་པོ་རྫུན་པའི་ངོ་བོ་ཐམས་ཅད་ནི་ཀུན་རྫོབ་ཏུ་ཡོད་པ་ཁོ་ནའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སྲོག་ཆགས་ཐམས་ཅད་ཅེས་པས་གཟུགས་སོགས་འཇོག་པའི་གང་ཟག་བསྟན། ཡང་དག་པར། ནས། དེའི་ཕྱིར་བར་གྱིས་སྣང་ཚུལ་བསྟན། བསམ་པའི་དབང་གིས་ཞེས་པས་དེ་དག་རྒྱུད་ཀྱི་རྣམ་ཤེས་ཚོགས་དྲུག་གི་བློ་གནོད་མེད་བསྟན་ཅིང༌། ལྷག་མས་ཀུན་རྫོབ་བམ་རྫུན་པར་ཡོད་ཚུལ་བཤད་པའི་ཕྱིར།

(66) པར་ཐེངས་གཉིས་པ། འཇོ

(67) པར་ཐེངས་གཉིས་པ། ཕྱིར། དེ་མ་ཡིན་ན།

(68) པར་ཐེངས་གཉིས་པ། ཕྱིར་ཏེ། བུམ་པ།

    གསུམ་པ་ནི། བདེན་མེད་སྒྲུབ་བྱེད་ཀྱི་གཏན་ཚིགས་བདུན་སོགས་ཡོད་དེ། ངོ་བོ་ལ་དཔྱོད་པ་རྣམ་ལྔ་དང༌། རྣམ་བདུན་དང༌། གཅིག་དུ་བྲལ་གྱི་གཏན་ཚིགས་གསུམ་དང༌། རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མའི་གཏན་ཚིགས་དང། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས་དང༌། རྒྱུ་འབྲས་གཉིས་ཀ་ལ་དཔྱོད་པ་མཐའ་བཞི་སྐྱེ་འགོག་དང༌། མུ་བཞི་སྐྱེ་འགོག་གི་གཏན་ཚིགས་གཉིས་དང༌། ཆོས་ཐམས་ཅད་ལ་དཔྱོད་པ་འགལ་ཟླ་དམིགས་པའི་གཏན་ཚིགས་དང༌། མཐའ་གཉིས་སེལ་བའི་རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་གཏན་ཚིགས་གཉིས་དང་དགུ་སོགས་ཡོད་པ་དེའི་ཕྱིར། དང་པོ་ནི། དེ་བཞིན་གཤེགས་པ་ཆོས་ཅན། བདེན་པར་གྲུབ་པ་མེད་དེ། རང་གི་གདགས་གཞིའི་ཕུང་པོ་དང་གཅིག་མ་ཡིན། རང་གི་གདགས་གཞིའི་ཕུང་པོ་ལས་གཞན་པ་ངོ་བོ་ཐ་དད་པ་མ་ཡིན། ཁྱོད་ལ་ཕུང་པོ་བདེན་པའི་རྟེན་དུ་མེད། ཁྱོད་ཀྱང་ཕུང་པོ་དེར་བདེན་པའི་བརྟེན་པར་མེད། རང་གི་ཕུང་པོ་དང་ངོ་བོ་ཉིད་ཀྱིས་མི་ལྡན་པའི་ཕྱིར། རྩ་ཤེ་ལས། ཕུང་མིན་ཕུང་པོ་ལས་གཞན་མིན། །དེ་ལ་ཕུང་མེད་དེར་དེ་མེད། །དེ་བཞིན་གཤེགས་པ་ཕུང་ལྡན་མིན། །དེ་བཞིན་གཤེགས་པ་གང་ཞིག་ཡིན། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྩ་ཤེའི་ཊཱིཀ་ཆེན་ལས། དེ་ལྟར་ཕྱོགས་69ལྔ་རང་བཞིན་གྱིས་མེད་པས་དེ་བཞིན་གཤེགས་པ་རང་གི་མཚན་ཉིད་ཀྱིས་གང་ཞིག་ཡོད་པ་ཡིན། ཞེས་དང༌། རྩ་ཤེ་ལས། རྣམ་པ་ལྔས་ནི་བཙལ་བྱས་ན། །ཞེས་གསུངས་པའི་ཕྱིར། རྟགས་སོ་སོའི་སྒྲུབ་ཚུལ་རྩ་ཤེ་དང་ཊཱིཀ་ཆེན་ལྟོས།

(69) སྔ་ཡིན་ནམ་སྙམ།

    གཉིས་པ་ནི། ང་ཆོས་ཅན། བདེན་པར་མེད་དེ། རང་གི་གདགས་གཞིའི་ཕུང་པོ་དང་བདེན་པའི་གཅིག་མ་ཡིན། དེ་དང་བདེན་པའི་ངོ་བོ་ཐ་དད་པའི་གཞན་མ་ཡིན། ཁྱོད་ལ་བདེན་པའི་ཕུང་པོ་རྟེན་དུ་མེད། ཁྱོད་ཀྱང་བདེན་པའི་ཕུང་པོ་དེར་བརྟེན་པ་མེད། ཁྱོད་ཕུང་པོ་དང་བདེན་པར་ལྡན་པ་མ་ཡིན། ཕུང་པོ་འདུས་ཙམ་བདེན་པར་ཁྱོད་མ་ཡིན། བདེན་པར་ཕུང་པོའི་དབྱིབས་ཀྱང་ཁྱོད་མ་ཡིན་པའི་ཕྱིར། དཔེར་ན་ཤིང་རྟ་རྣམ་པ་བདུན་གྱིས་བཙལ་ན་མི་རྙེད་པ་བཞིན། འཇུག་པ་ལས། དེ་ཕྱིར་ངར་འཛིན་རྟེན་ནི་དངོས་པོ་མིན། །ནས། ཤིང་རྟ་རང་ཡན་ལག་ལས་གཞན་འདོད་མིན། །གཞན་མིན་མ་ཡིན་དེ་ལྡན་ཡང་མིན་ཞིང༌། །ཡན་ལག་ལ་མིན་ཡན་ལག་དག་དེར་མིན། །འདུས་པ་ཙམ་མིན་དབྱིབས་མིན་ཇི་བཞིན་ནོ། །ཞེས་གསུངས་པའི་ཕྱིར། འདི་གཉིས་ཀྱང་གཅིག་དུ་བྲལ་དུ་འདུ་སྟེ། གཅིག་དང་ཐ་དད་ཀྱི་དཔྱད་ཚུལ་གཉིས་ལས་མ་འདས་པའི་ཕྱིར། ཊཱིཀ་ཆེན་གཉིས་དང་ལམ་རིམ་ལྟར་རོ། །

གསུམ་པ་ནི། གཞི་ལམ་རྣམ་གསུམ་ཆོས་ཅན། བདེན་པར་མེད་དེ། བདེན་གྲུབ་ཀྱི་གཅིག་དང་བདེན་གྲུབ་ཀྱི་དུ་མ་གང་རུང་དང་བྲལ་བའི་ཕྱིར། དཔེར་ན་མེ་ལོང་ནང་གི་གཟུགས་བརྙན་བཞིན། འདི་དབུ་མ་རྒྱན་གྲགས་ཆེ་ལ། ལམ་སྒྲོན་ལས་ཀྱང༌། ཡང་ན་ཆོས་རྣམས་ཐམས་ཅད་དག །གཅིག་དང་དུ་མར་རྣམ་དཔྱད་ན། །ངོ་བོ་ཉིད་ནི་མི་དམིགས་པས། །རང་བཞིན་མེད་པ་ཉིད་དུ་ངེས། །ཞེས་གསུངས་པའི་ཕྱིར། དེས་ན་ཇོ་བོའི་བཀའ་བབས་ལྟར་ལམ་རིམ་གཉིས་དང་ལྟ་ཁྲིད་ལ་འདི་མང་ཡང་སླར་འཆད་དོ། །

བཞི་པ་རྡོ་རྗེ་གཟེགས་མ་ནི། དངོས་པོ་རྣམས་ཆོས་ཅན། དོན་དམ་པར་སྐྱེ་བ་མེད་དེ། རང་ལས་ཀྱང་མི་སྐྱེ། དོན་དམ་པར་གཞན་ལས་ཀྱང་མི་སྐྱེ། དོན་དམ་པར་གཉིས་ཀ་ལས་ཀྱང་མི་སྐྱེ། རྒྱུ་མེད་ལས་ཀྱང་མི་སྐྱེ་བའི་ཕྱིར་ཏེ། འཇུག་པ་གྲགས་ཆེ་ལ། ལམ་སྒྲོན་ལས། དངོས་པོ་རང་ལས་མི་སྐྱེ་ཞིང༌ གཞན་དང་གཉིས་ཀ་ལས་ཀྱང་མིན། །རྒྱུ་མེད་ལས་མིན་དེ་ཡི་ཕྱིར། །ངོ་བོ་ཉིད་ཀྱི་རང་བཞིན་མེད། །ཅེས་གསུངས་པའི་ཕྱིར།

ལྔ་པ་ཡོད་མེད་སྐྱེ་འགོག་ནི། མྱུ་གུ་ཆོས་ཅན། དོན་དམ་པར་མི་སྐྱེ་སྟེ། ཡོད་ཟིན་ནའང་མི་སྐྱེ། མེད་པའང་མི་སྐྱེ་བའི་ཕྱིར། 70དབུ་མ་སྙིང་པོ་ལས། ཡོད་པ་རྣམ་པར་མི་སྐྱེ་སྟེ། །མེད་པ་ནམ་མཁའི་པདྨོ་བཞིན། །ཞེས་གསུངས་པའི་ཕྱིར།

(70) པར་ཐེངས་གཉིས་པ། དབུ་མ་སྣང་བ་ལས།

    དྲུག་པ་མཐའ་བཞི་སྐྱེ་འགོག་ནི། དངོས་པོ་རྣམས་ཆོས་ཅན། དོན་དམ་པར་སྐྱེ་བ་མེད་དེ། དོན་དམ་པར་ཡོད་ཟིན་པ་མི་སྐྱེ། མེད་པའང་མི་སྐྱེ། དེ་གཉིས་ཡིན་པའང་མི་སྐྱེ། དེ་གཉིས་གང་ཡང་མིན་པའང་བདེན་པར་མི་སྐྱེ་བའི་ཕྱིར། འཇུག་པ་ལས། ཡོད་ན་སྐྱེད་བྱེད་ཅི་དགོས་མེད་ལའང་དེས་ནི་ཅི་ཞིག་བྱ། །གཉིས་ཉིད་ལ་དེས་ཅི་བྱ་གཉིས་དང་བྲལ་ལའང་དེས་ཅི་བྱ། །ཞེས་གསུངས་པའི་ཕྱིར།

བདུན་པ་མུ་བཞི་སྐྱེ་འགོག་ནི། མྱུ་གུ་ཆོས་ཅན། དོན་དམ་པར་མི་སྐྱེ་སྟེ། རྒྱུ་དུ་མས་འབྲས་བུ་གཅིག་ཁོ་ན་མི་སྐྱེད། རྒྱུ་དུ་མས་དོན་དམ་པར་འབྲས་བུ་དུ་མ་ཡང་མི་སྐྱེད། རྒྱུ་གཅིག་ཁོ་ནས་འབྲས་བུ་དུ་མ་ཡང་མི་སྐྱེད། དོན་དམ་པར་རྒྱུ་གཅིག་གིས་འབྲས་བུ་གཅིག་ཁོ་ན་ཡང་མི་སྐྱེད་པའི་ཕྱིར་ཏེ། བདེན་གཉིས་ལས། དུ་མས་71དངོས་པོ་གཅིག་མི་བྱེད། །དུ་མས་དུ་མ་བྱེད་མ་ཡིན། །གཅིག་གིས་དུ་མས་དངོས་མི་བྱེད། །གཅིག་གིས་གཅིག་བྱེད་པ་ཡང་མིན། །ཞེས་གསུངས་པའི་ཕྱིར། འདི་དག་འབྲེལ་ཟླ་མ་དམིགས་པའི་རྟགས་ཡིན་ཏེ། ལེགས་བཤད་སྙིང་པོ་ལས། ལུགས་འདིའི་དགག་བྱ་འགོག་པའི་རྟགས་ནི་འགའ་ཟུང་མ་གཏོགས་པ་འབྲེལ་ཟླ་མ་དམིགས་པའི་རྟགས། ནས། དབུ་མ་སྣང་བ་ལས། རྡོ་རྗེ་གཟེགས་མ་དང་ཡོད་མེད་སྐྱེ་འགོག་དང༌། མུ་བཞི་སྐྱེ་འགོག་དང༌། གཅིག་དུ་བྲལ་ཡང་གསུངས་ལ། ཞེས་གསུངས་པའི་ཕྱིར།

(71) པར་ཐེངས་གཉིས་པ། དངོས་གཅིག་མི་བྱེད་དེ། །

    བརྒྱད་པ་འགལ་ཟླ་དམིགས་པ་ནི། ས་སོགས་འབྱུང་བ་ཆོས་ཅན། དོན་དམ་པར་འབྱུང་བའི་ངོ་བོ་ཉིད་མེད་དེ། བྱས་པའི་ཕྱིར། དཔེར་ན་ཤེས་པ་བཞིན། དབུ་མ་སྙིང་པོ་ལས། འདིར་ནི་ས་ལ་སོགས་པ་དག །དོན་དམ་པར་ན་འབྱུང་བ་ཡི། །ངོ་བོ་ཉིད་མིན་བྱས་ཕྱིར་དང༌། །རྒྱུ་ལྡན་སོགས་ཕྱིར་ཤེས་པ་བཞིན། །ཞེས་གསུངས་པའི་ཕྱིར། ལེགས་བཤད་སྙིང་པོ་ལས། སློབ་དཔོན་འདིས་དོན་དམ་པར་ཡོད་པ་འགོག་པའི་རིགས་པའི་གཙོ་བོ་གང་ལ་བྱེད་ཅེ་ན། དགག་པའི་རྟགས་ཀྱིས་འགོག་པ་ལ་འགའ་ཟུང་མ་གཏོགས་པ་འགལ་ཟླ་དམིགས་པ་ཉིད་ཀྱིས་འགོག །ཅེས་གསུངས་པའི་ཕྱིར་དང། དེ་འཕགས་པ་ཡབ་སྲས་ཀྱིས་མགོ་མཚུངས་མཛད་པའི་རིགས་པ་གཙོ་བོར་བཤད་པའི་ཕྱིར། དེ་དག་ཤིན་ཏུ་གལ་ཆེ་སྟེ། ལེགས་བཤད་སྙིང་པོ་ལས། ཆེན་པོ་རྣམས་ཀྱི་རིགས་པའི་གནད་གང་གཙོ་བོར་སྟོན་པ་རྣམས་ལེགས་པར་གོ་ན་རིགས་པ་ལ་བློ་རྒྱས་པའི་ཕུལ་ཆེར་འགྲོ་བས། ཞེས་གསུངས་པའི་ཕྱིར། རྒྱས་པར་དེ་དག་སོ་སོར་ཤེས་སོ། །དགུ་པ་རྟེན་འབྲེལ་གྱི་རྟགས་ནི། གཞི་ལམ་རྣམ་གསུམ་ཆོས་ཅན། བདེན་པར་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར། དཔེར་ན་མེ་ལོང་ནང་གི་གཟུགས་བརྙན་བཞིན། ཞེས་པ་ཡིན་ཏེ། མ་དྲོས་པས་ཞུས་པ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་གསུངས་པའི་ཕྱིར། འདི་མཐའ་གཉིས་གཅིག་ཆར་སེལ་བའི་རིགས་པའི་རྒྱལ་པོ་ཡིན་ཏེ། འཇུག་པ་ལས། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། །ཅེས་གསུངས་པའི་ཕྱིར། དེ་དག་ལས་གཅིག་དང་དུ་བྲལ་ནི་རིགས་པའི་གནད་ཚང་ལ་གསལ་བ་མདོ་བསྟན་བཅོས་དུ་མ་ལས་བཤད་ཅིང༌། བཀའ་བབས་ཡང་ཤིན་ཏུ་ཆེ་ཞིང༌། ཐལ་རང་དབུ་སེམས་ཀྱི་ལྟ་བ་སྐྱོང་བར་མཁོ་བས་རྗེ་ཡབ་སྲས་ཀྱི་ལུགས་ལ་བསྲེ་བསླད་མེད་པར་ཅུང་ཟད་བཤད་ན། རྟགས་འགོད་པ་དང༌། ཚུལ་སྒྲུབ་པ་གཉིས། དང་པོ་ནི། བདེན་གྲུབ་ཀྱི་གཅིག་དང་བདེན་གྲུབ་ཀྱི་དུ་མ་གང་རུང་དུ་མ་གྲུབ་ན་བདེན་པར་མེད་པས་ཁྱབ། དཔེར་ན་གཟུགས་བརྙན་བཞིན། གཞི་ལམ་རྣམ་གསུམ་ཡང་བདེན་གྲུབ་ཀྱི་གཅིག་དང་དེའི་དུ་མར་མ་གྲུབ་བོ། །ཞེས་པ་ནི་རང་བཞིན་མ་དམིགས་པ་དང་ཁྱབ་བྱེད་མ་དམིགས་པའི་རྟགས་གཉིས་ཀ་ཡིན་ཏེ། རྗེའི་ཚད་མའི་ལམ་སྒྲིགས་ལས། ཁྱབ་བྱེད་མ་དམིགས་པའི་རྟགས་སམ། རང་བཞིན་མ་དམིགས་པའི་རྟགས་སོ། །ཞེས་གསུངས་པའི་ཕྱིར།

    བཞི་བརྒྱ་པ་ལས། དངོས་པོ་གང་གང་རྣམ་བརྟགས་ན། །དེ་དང་དེ་ལ་གཅིག་པ་མེད། །གང་ལ་གཅིག་པ་ཡོན་མིན་པ། །དེ་ལ་དུ་མའང་མེད་པ་ཡིན། །ཞེས་དང༌། རྣམ་འགྲེལ་ལས། གང་གིས་དངོས་རྣམས་ངེས་བརྟགས་ན། །ཡང་དག་དུ་ན་དངོས་མེད་72དེ། །འདི་ལྟར་དེ་དག་གཅིག་པུ་དང༌། །དུ་མའི་རང་བཞིན་ཡོད་མ་ཡིན། །ཞེས་གསུངས་པའི་73ཕྱིར་རོ། །དེ་དེ་སྒྲུབ་ཀྱི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡིན་གྱི་དོན་སྒྲུབ་ཀྱི་དེ་མིན་ཏེ། བདེན་གྲུབ་ཀྱི་གཅིག་དང་དེའི་དུ་མ་གང་རུང་དུ་མེད་པ་དེ་བདེན་མེད་ཀྱི་དོན་ལྡོག་ཡིན་པའི་ཕྱིར། དེར་ཐལ། བདེན་གྲུབ་ཀྱི་གཅིག་དང་ཐ་དད་གང་རུང་མ་ཡིན་པའི་བདེན་གྲུབ་ཏུ་སྒྲོ་འདོགས་སྐྱེ་བ་མེད་པའི་ཕྱིར། རྗེའི་ཚད་མའི་ལམ་སྒྲིགས་ལས། རང་བཞིན་གཅིག་ཐ་དད་ཀྱིས་སྟོང་པ་དེ་རང་བཞིན་མེད་པའི་དོན་ལྡོག་ཡིན་པས་ཐ་སྙད་འབའ་ཞིག་སྒྲུབ་ཡིན་གྱི། དོན་སྒྲུབ་མིན་ཏེ། ཞེས་གསུངས་པའི་ཕྱིར་དང༌། དབུ་མ་རྒྱན་རང་འགྲེལ་ལས། གཏན་ཚིགས་འདི་ལ་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་པ་ཡང་མེད་དེ། བསྒྲུབ་པའི་ཡུལ་གྱི་ཡུལ་ཅན་ཤེས་པ་དང་སྒྲ་དང་ཐ་སྙད་རྣམས་སྒྲུབ་པའི་ཕྱིར་ཏེ། དཔེར་ན་འདི་ནི་གླང་སྟེ་ལྐོག་ཤལ་ལ་སོགས་པ་འདུས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འགའ་ཞིག་གིས་མཁས་གྲུབ་ཆོས་རྗེས་དེ་ལྟར་བཤད་པ་འགོག་པ་ནི། སངས་རྒྱས་ལས་ང་མཁས་ཞེས་པའི་འཁྲུལ་སྐད་ཆེན་པོའོ། །གཉིས་པ་ཚུལ་སྒྲུབ་པ་ལ་སླ་རིམ་བྱས་ན། ཁྱབ་པ་སྒྲུབ་པ་དང༌། ཕྱོགས་ཆོས་སྒྲུབ་པ་གཉིས། དང་པོ་ལ་ཁོ་ན་རེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་ཀྱང་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལས་ལྡོག་མི་དགོས་སྙམ་ན། དེ་དགོས་པར་ཐལ། བདེན་གྲུབ་ཀྱི་གཅིག་དང་དེའི་དུ་མ་གང་རུང་དུ་མ་གྲུབ་ན་བདེན་པར་མེད་པས་ཁྱབ་པའི་ཕྱིར། དེར་ཐལ། བདེན་པར་གྲུབ་ན་དེའི་གཅིག་དང་དེའི་དུ་མ་གང་རུང་དུ་གྲུབ་དགོས་པའི་ཕྱིར། དེར་ཐལ། གཅིག་དང་དུ་མ་གང་རུང་དུ་མེད་པའི་གྲུབ་ཚུལ་མེད་པའི་ཕྱིར། དེར་ཐལ། གཅིག་དང་དུ་མ་ཕན་ཚུན་སྤང་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་གཉིས་ཕན་ཚུན་74སྤངས་འགལ་གྱི་དངོས་འགལ་ཡིན་པས། གཅིག་ཡོངས་སུ་བཅད་ན་གཅིག་ཤོས་རྣམ་པར་བཅད་ནས་གཞལ་བ་དང་བརྗོད་དགོས་པའི་ཕྱིར། དབུ་མ་རྒྱན་རང་འགྲེལ་ལས། གཅིག་པུའི་བདག་ཉིད་དང་དུ་མའི་བདག་ཉིད་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པས་ཕུང་པོ་གཞན་སེལ་ཏོ། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། དབུ་མ་རྒྱན་ལས། གཅིག་དང་དུ་མ་མ་གཏོགས་པས། །རྣམ་པ་གཞན་དང་ལྡན་པ་ཡི། །དངོས་པོ་མི་རུང་འདི་གཉིས་ནི། །ཕན་ཚུན་སྤངས་ཏེ་གནས་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།

(72) པར་ཐེངས་གཉིས་པ། དོ། །

(73) པར་ཐེངས་གཉིས་པ། ཕྱིར།

(74) པར་ཐེངས་གཉིས་པ། སྤང་བ་ཡིན་པས། དངོས་པོ་གཅིག་ལ་བདེན་པར་གྲུབ་མ་གྲུབ་དངོས་འགལ་ཡིན་ལ།

    དེས་ན་གཅིག་དང་ཐ་དད་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་དུ་ངེས་པའི་ཚད་མ་དང། བདེན་གྲུབ་ཀྱི་གཅིག་དང་དེའི་དུ་མ་གང་རུང་དང་བྲལ་བར་ངེས་པའི་ཚད་མ་གཉིས་ཀྱི་བྱེད་པས་དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གཉིས་འགྲུབ་པའི་ཕྱིར། རྗེའི་ལམ་སྒྲིགས་ལས། རང་བཞིན་གཅིག་ཐ་དད་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་དངོས་འགལ་དུ་ངེས་པའི་ཚད་མས་དགག་བྱའི་ཆོས་ལ་རྟགས་ལོག་གིས་ཁྱབ་པ་ངེས་ཤིང༌། ཕྱོགས་ཆོས་ངེས་པའི་ཚད་མ་དང་གཉིས་སྡོམ་པའི་བྱེད་པས་རྟགས་མི་མཐུན་ཕྱོགས་ལས་ལྡོག་པ་དང༌། མཐུན་ཕྱོགས་ཁོ་ན་ལ་ཡོད་པའི་རྗེས་ཁྱབ་ངེས་པར་བྱེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་དོན་དེ་ལྟར་ཡིན་པའི་ཕྱིར་ཏེ། སྡེ་བདུན་རྒྱན་ལས། དང་པོ་ནི། རང་བཞིན་གཅིག་ཐ་དད་དངོས་འགལ་དུ་ངེས་པའི་ཚད་མ་དང༌། ཕྱོགས་ཆོས་ངེས་པའི་ཚད་མ་གཉིས་སྡོམ་པའི་བྱེད་ལས་ལས་རྟགས་མི་མཐུན་ཕྱོགས་ལ་མེད་ངེས་དང༌། མཐུན་ཕྱོགས་ལ་ཡོད་པ་ཁོ་ནར་ངེས་པས་ལྡོག་ཁྱབ་དང་རྗེས་ཁྱབ་འགྲུབ་བོ ཞེས་གསུངས་པའི་ཕྱིར།

    གཉིས་པ་ཕྱོགས་ཆོས་སྒྲུབ་པ་ནི། གཞི་ལམ་རྣམ་གསུམ་ཆོས་ཅན། བདེན་གྲུབ་ཀྱི་གཅིག་དང་དེའི་དུ་མ་གང་དུ་ཡང་མ་གྲུབ་པར་ཐལ། དེའི་གཅིག་ཏུ་ཡང་མ་གྲུབ་དེའི་དུ་མར་ཡང་མ་གྲུབ་པའི་ཕྱིར། དང་པོ་མ་གྲུབ་ན། དེ་ཆོས་ཅན། དེའི་གཅིག་ཏུ་མ་གྲུབ་པར་ཐལ། ཆ་བཅས་ཡིན་པའི་ཕྱིར། རྟགས་དེ་རྩོད་གཞི་བུམ་པ་ལྟ་བུ་ཡིན་ན་མངོན་སུམ་གྱིས་གྲུབ་ཅིང༌། གཞི་ལམ་རྣམ་གསུམ་ལྟ་བུ་རྩོད་གཞི་མངོན་སུམ་གྱིས་མ་གྲུབ་པ་ལ་དེ་གསུམ་རེ་རེ་ནས་ཆོས་ཅན། ཆ་དང་བཅས་པར་ཐལ། ཡུལ་ཡུལ་ཅན་དང་སྤྱི་དང་རང་རང་གི་ཡོན་ཏན་གྱི་ཆ་སྟེ་གསུམ་གསུམ་དང་ངེས་ལྡན་ཡིན་པའི་ཕྱིར། དེར་ཐལ། ཆོས་གང་ལའང་རང་ཡུལ་ཡིན་པའི་ཆ་དང་རང་གི་དོན་སྤྱི་དང་རང་གི་ཡོན་ཏན་75གྱི་ཁྱད་ཆོས་གསུམ་མེད་པ་མི་སྲིད་ཅིང་དེ་དག་ཀྱང་ཐ་དད་ཡིན་པའི་ཕྱིར། དབུ་མ་རྒྱན་ལས། དེ་ཡི་རང་བཞིན་དེ་བརྩམས་དང༌། །དེ་ཡི་ཡོན་ཏན་དེ་ལས་བདག །དེ་ཡི་སྤྱི་དང་ཁྱད་པར་ཡང༌། །དེ་དག་དེ་དང་འདུ་བ་ཅན། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིས་རང་གཞན་གྱི་སྡེ་བས་འདོད་པའི་ཁམས་བཅོ་བརྒྱད་དང་ནམ་མཁའ་སོགས་ཆོས་ཐམས་ཅད་ཆ་མེད་པ་བསལ་བའི་ཕྱིར། དེའི་རང་འགྲེལ་ལས། རང་གི་སྡེ་བ་དག་ནི། ཞེས་པ་ནས། འདུས་མ་བྱས་མཐའ་དག་ཀྱང་སྔར་བསལ་ཟིན་ཏེ། ཁམས་བཅོ་བརྒྱད་པོ་དེ་དག་ནི། རང་བཞིན་མེད་པ་ཉིད་དུ་གསལ་ལོ། །ཞེས་གསུངས་པའི་ཕྱིར། དེ་རྣམ་བཤད་ལས་རྩོད་གཞི་མངོན་གསུམ་གྱི་མ་གྲུབ་པའི་སྟེང་དུ་ཆ་མེད་ཤེས་བྱ་ལ་སྲིད་པ་འགོག་པའི་ཚད་མ་དང་ཞེས་གསུངས་པའི་དོན་ཡིན་ནོ། །དེ་ལ་ཁོ་ན་རེ། ཆ་བཅས་ཡིན་ཀྱང་ཆ་མེད་མ་ཡིན་མི་དགོས་སྙམ་ན། དེ་དགོས་པར་ཐལ། ཆ་བཅས་ཆ་མེད་དངོས་འགལ་ཡིན་པའི་ཕྱིར། དེར་ཐལ། གཞི་གཅིག་ལ་ཆ་བཅས་ཀྱི་རྣམ་པ་ཤར་ན་ཆ་མེད་ཁེགས་པས་ཁྱབ། ཆ་མེད་ཀྱི་རྣམ་པ་ཤར་ནའང་ཆ་བཅས་རྣམ་པར་བཅད་པས་ཁྱབ་པའི་ཕྱིར། དེར་ཐལ། དེ་གཅིག་ལ་དེ་གཉིས་ཀྱི་རྣམ་པ་ཤར་བའི་བློ་གཅིག་མེད་པའི་ཕྱིར། དབུ་མ་རྒྱན་ལས། དེ་ནི་རྣམ་པ་ཐ་དད་ལྟར། །གཅིག་པུའི་རང་བཞིན་མི་རིགས་སོ། །ཞེས་གསུངས་པའི་ཕྱིར། དེས་ན་ཆ་བཅས་སུ་ཚད་མ་གཉིས་ཀྱིས་གྲུབ་སྟེ། སྔར་བཤད་པ་དང༌། རིགས་པ་འདི་གཉིས་ཀྱིས་གྲུབ་པའི་ཕྱིར། རྣམ་བཤད་ལས། ཆ་མེད་ཤེས་བྱ་ལ་སྲིད་པ་འགོག་པའི་ཚད་མ་དང༌། ཆ་ཡོད་མེད་དངོས་འགལ་དུ་ངེས་པའི་ཚད་མ་གཉིས་ལ་བརྟེན་ནས་གྲུབ་བོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། ཆ་བཅས་ལ་བདེན་གྲུབ་ཀྱི་གཅིག་མ་ཡིན་པས་མ་ཁྱབ་སྙམ་ན། དེའི་ཁྱབ་པ་སྒྲུབ་པ་ལ། རྟགས་ཀྱི་ངོ་བོ་ངེས་པའི་ཚད་མ་དང་བདེན་གྲུབ་ཀྱི་གཅིག་དང་དེ་མེད་པ་དངོས་འགལ་དུ་ངེས་པའི་ཚད་མ་དང༌། རྟགས་ཆ་བཅས་དང་བདེན་གྲུབ་ཀྱི་གཅིག་གི་གཞི་མཐུན་འགོག་པའི་ཚད་མ་གསུམ་དགོས་ཀྱང༌། དེ་གསུམ་སྔོན་དུ་འགྲོ་དགོས་པ་མ་ཡིན་ཏེ། དུས་མཉམ་དུ་བྱུང་བ་ཡོད་པའི་ཕྱིར། རྣམ་བཤད་ལས། དེའི་ཁྱབ་པ་སྒྲུབ་པ་ལ་ཚད་མ་གསུམ་དགོས་ཀྱང༌། རྟགས་དང་དགག་བྱའི་ཆོས་ཀྱི་གཞི་མཐུན་འགོག་པ་རྟོགས་དཀའ་བས། ཞེས་གསུངས་པའི་ཕྱིར། དང་པོ་བསྒྲུབས་ཟིན་ཅིང༌། བདེན་གྲུབ་ཀྱི་གཅིག་དང་དེ་མེད་པ་གཉིས་དངོས་འགལ་ཡིན་པར་ཐལ། བདེན་པར་ཡོད་མེད་གཉིས་དངོས་འགལ་ཡིན་པའི་ཕྱིར། རྟགས་གྲུབ་ཟིན་ཏོ། །

(75) པར་ཐེངས་གཉིས་པ། ཏེ།

    དེ་གསུམ་རེ་རེ་ནས་ཆོས་ཅན། ཆ་དང་ཆ་ཅན་གཉིས་སྣང་ཚུལ་ངོ་བོ་ཐ་དད་དུ་སྣང་ཡང་སྡོད་ལུགས་ངོ་བོ་གཅིག་པར་ཐལ། ཆ་དང་བཅས་པའི་ཆ་ཅན་ཡིན་པའི་ཕྱིར། ཁྱབ་སྟེ། ཆ་དང་ཆ་ཅན་སྣང་ཚུལ་གནས་ཚུལ་76གཉིས་ཀར་གཅིག་ན་ཆ་དང་ཆ་ཅན་མེད་དགོས། དེ་གཉིས་ཀར་ཐ་དད་ནའང་77ཆ་དང་ཆ་ཅན་མེད་དགོས་པའི་ཕྱིར། རྣམ་བཤད་ལས། གཞན་དུ་ན་ཆ་བཅས་མི་སྲིད་པར་འགྱུར་བའི་ཕྱིར། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཆ་བཅས་མི་སྲིད་ཚུལ་ཡོད་པའི་ཕྱིར། འདོད་ན། དེ་གསུམ་ཆོས་ཅན། བདེན་པར་མེད་པར་ཐལ། སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་ཕྱིར། ཁྱབ་པར་ཐལ། སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་ཡོད་པ་རྫུན་པའི་གྲུབ་ཚུལ་ཡིན་པའི་ཕྱིར། དཔེར་ན་རྨི་ལམ་བཞིན། འགྲེལ་ཆེན་ལས། རྫུན་པའི་རྣམ་པ་ཀུན་ཏུ་སྟོན་པར་བྱེད་པ་གང་ཡིན་པ་དེ་ལྟ་བུ་འདི་ནི། ཞེས་གསུངས་པའི་ཕྱིར། མ་ཁྱབ་ན། ཆ་ཅན་དེ་གསུམ་དང་དེའི་ཆ་དུ་མ་ཆོས་ཅན། ཐ་དད་མེད་པར་ཐལ། ཐ་དད་ཡོད་ན་འཕགས་པའི་མཉམ་བཞག་གིས་གཟིགས་དགོས་པ་ལ་མ་གཟིགས་པའི་ཕྱིར། དང་པོ་གྲུབ་སྟེ། བདེན་པར་ཡོད་ན་དོན་དམ་ལ་མཉམ་པར་བཞག་པས་གཟིགས་དགོས་པའི་ཕྱིར། གཉིས་པ་གྲུབ་སྟེ། འཕགས་པའི་མཉམ་བཞག་ནི་གཉིས་སྣང་ཐམས་ཅད་ནུབ་པའི་ཕྱིར། རྣམ་བཤད་ལས། ཆ་དང་ཆ་ཅན་ཐ་དད། ནས། གཞི་མཐུན་ཁེགས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཆ་ཅན་རྣམ་གསུམ་རེ་རེ་ནས་ཆོས་ཅན། དུ་མར་ཐལ། གྲུབ་ཅིང་ཆ་དུ་མ་དང་ཐ་དད་མེད་པའི་ཕྱིར། འདོད་ན། དེ་གསུམ་རེ་རེ་ནས་ཆོས་ཅན། གཅིག་ཏུ་མེད་པར་ཐལ། དུ་མར་འཇལ་བའི་ཚད་མ་ཡོད་པའི་ཕྱིར། ཆ་དུ་མའང་ཆོས་ཅན། གཅིག་ཏུ་ཐལ། གྲུབ་ཅིང་ཆ་ཅན་དང་ཐ་དད་མེད་པའི་ཕྱིར། འདོད་མི་ནུས་ཏེ། དུ་མར་འཇལ་བའི་ཚད་མ་ཡོད་པའི་ཕྱིར། མ་གྲུབ་ན། ཁྱོད་ཀྱི་ཆ་དུ་མ་ཡོད་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། དེས་ན་བདེན་གྲུབ་ཀྱི་གཅིག་དང་དུ་མར་མེད་པའི་རྟགས་གྲུབ་སྟེ། བདེན་གྲུབ་ཀྱི་གཅིག་ཁེགས་པ་དེའི་ཕྱིར། ཁྱབ་སྟེ། དེ་ཡང་ཡ་གྱལ་བདེན་གྲུབ་ཀྱི་གཅིག་བཀག་པའི་སྒོས་དེའི་དུ་མ་ཚོགས་པ་ཁེགས་པ་ཡིན་ཀྱང༌། རྟགས་ཕྱི་མ་ཕྱི་རྒོལ་གྱིས་གྲུབ་ཟིན་པ་78མི་འཐད་པའི་ཕྱིར། རྣམ་བཤད་ལས། དེ་ཡང་ཡ་གྱལ་བཀག་ནས་ཚོགས་པ་ཁེགས་པ་ཡིན་པས། རྟགས་ཟུར་ཕྱི་མ་ཁེགས་པ་མི་འཐད་ཅིང༌། སྔ་མ་ཁེགས་པས་རྟགས་དེ་ཁེགས་པར་ཁས་ལེན་དགོས་ལ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་སྔ་མ་དེ་གཅིག་མེད་ན་དེའི་དུ་མ་མེད་པ་ཡང་དོན་གྱིས་ཁས་ལེན་དགོས་པའི་ཕྱིར། དབུ་མ་སྣང་བ་ལས། གཅིག་པ་ཉིད་དང་བྲལ་བ་གྲུབ་ན། དུ་མ་ཉིད་དང་བྲལ་བ་ཡང་གྲུབ་པ་ཡིན་ཏེ། དེ་ནི་དེ་ཚོགས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།

(76) པར་ཐེངས་གཉིས་པ། གཉིས་གཅི

(77) པར་ཐེངས་གཉིས་པ། ཆ་ཤས་དང་ཆ་ཅན།

(78) པར་ཐེངས་གཉིས་པ། མེད་པའི་ཕྱིར།

    གཉིས་པ་དུ་བྲལ་དུ་སྒྲུབ་པ་ནི། དེ་གསུམ་རེ་རེ་ནས་ཆོས་ཅན། བདེན་གྲུབ་ཀྱི་དུ་མར་མེད་དེ། བདེན་གྲུབ་ཀྱི་གཅིག་མེད་པའི་ཕྱིར། ཁྱབ་སྟེ། དུ་མ་ནི་གཅིག་ཚོགས་པའི་ངོ་བོ་ཡིན་པའི་ཕྱིར། དབུ་མ་སྣང་བ་ལས། 79ངོ་བོ་ཉིད་གཅིག་དང་བྲལ་བ་གྲུབ་ན་དུ་མ་ཉིད་དང་བྲལ་བ་ཡང་མངོན་སུམ་ཁོ་ནར་གྲུབ་པ་ཡིན་ཏེ། དུ་མ་ཉིད་ནི་གཅིག་ཚོགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སྔར་བདེན་གྲུབ་ཀྱི་གཅིག་མེད་པ་བསྒྲུབས་ནས་འདིར་དེ་རྟགས་སུ་འགོད་པ་ནི་ཁྱབ་པ་སྒྲུབ་སླ་བའི་ཆེད་ཡིན་པའི་ཕྱིར། རྣམ་བཤད་ལས། སྔར་བདེན་པའི་གཅིག ནས། གྲུབ་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།

(79) པར་ཐེངས་གཉིས་པ། ངོ་བོ་གཅི

    རྩོད་སྤོང་ལ་ཁོ་ན་རེ། བདེན་པར་གྲུབ་པའི་གཅིག་དུ་བྲལ་གྱི་རྟགས་ཀྱིས་ཕྱོགས་ཆོས་རྟོགས་ན་བདེན་མེད་རྟོགས་པས་ཁྱབ་པར་ཐལ། བདེན་གྲུབ་ཀྱི་གཅིག་དང་དེའི་དུ་བྲལ་དེ་བདེན་མེད་ཀྱི་དོན་ལྡོག་ཡིན་པའི་ཕྱིར་ན་མ་ཁྱབ་པར་བཤད་ཟིན། དེ་ལ་ཁོ་ན་རེ། ཁྱབ་པར་ཐལ། དེ་གསུམ་བདེན་གྲུབ་ཀྱི་གཅིག་ཏུ་མེད་པ་སྟོང་ཉིད་མ་ཡིན་པའི་ཕྱིར། 80རྟགས་དེར་ཐལ། དེ་གསུམ་གཅིག་ཏུ་མེད་པ་སྟོང་ཉིད་མ་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན་བདེན་གྲུབ་ཀྱི་གཅིག་མེད་པ་སྟོང་ཉིད་མ་ཡིན་པར་ཐལ། གཅིག་མེད་པ་སྟོང་ཉིད་མ་ཡིན་པའི་ཕྱིར། འཁོར་གསུམ། འདོད་ན། གཅིག་གི་སྟོང་ཉིད་མེད་པར་ཐལ། གཅིག་བདེན་མེད་དང་བདེན་གྲུབ་ཀྱི་གཅིག་མེད་པ་གཉིས་སྟོང་ཉིད་མ་ཡིན་པའི་ཕྱིར། འཁོར་གསུམ། འདོད་ན། གཅིག་ཆོས་ཅན། ཁྱོད་ཀྱི་སྟོང་ཉིད་ཡོད་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། དེ་བཞིན་དུ་དུ་81མ་ལའང་འཕེན། ཡང་ཁ་ཅིག་ན་རེ། སྐབས་འདིའི་དུ་མའི་སྣང་བ་ཅན་ཡིན་ན་གཅིག་སྣང་ཅན་མ་ཡིན་པས་ཁྱབ་ཟེར་བ་དང༌། བུམ་པ་གཅིག་ཏུ་སྣང་བར་འདོད་པ་འགལ་ཏེ། བུམ་པ་ཆོས་ཅན། རང་སྣང་བའི་དབང་ཤེས་གཉིས་སྣང་ཅན་ཡིན་པར་ཐལ། གཟུགས་རགས་པ་ཡིན་པའི་ཕྱིར། ཁྱབ་སྟེ། གཟུགས་རགས་པ་ཡིན་ན་རང་སྣང་བའི་མངོན་སུམ་ལ་ཆ་བཅས་སུ་སྣང་བས་ཁྱབ་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་སྣང་བའི་དབང་ཤེས་ལ་དུ་མར་སྣང་བར་ཐལ། རང་སྣང་བའི་དབང་ཤེས་གཉིས་སྣང་ཅན་ཡིན་པའི་ཕྱིར། ཁྱབ་སྟེ། དུ་མར་མི་སྣང་བའི་གཉིས་སྣང་མི་རུང་བའི་ཕྱིར། རྟགས་སླ། འདོད་ན། དེ་ཆོས་ཅན། གཅིག་ཏུ་མི་སྣང་བར་ཐལ། དུ་མའི་སྣང་བ་ཅན་ཡིན་པའི་ཕྱིར། འཁོར་གསུམ་ཁས། འདོད་མི་ནུས་ཏེ། ཁྱོད་གཅིག་82ཏུ་མངོན་སུམ་དུ་རྟོགས་པའི་ཚད་མ་ཡོད་པའི་ཕྱིར་ཏེ། གཅིག་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། རྟེན་འབྲེལ་གྱི་རྟགས་ཀྱིས་མྱུ་གུ་བདེན་མེད་དུ་སྒྲུབ་པའི་ཕྱི་རྒོལ་ཡང་དག་གིས་རྟེན་འབྲེལ་བདེན་མེད་དུ་ཚད་མས་མ་ངེས་ཟེར་ན། དེ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་ཚུལ་གསུམ་ཚད་མས་ངེས་པའི་གང་ཟག་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་སྒྲུབ་ངག་འགོད་པ་སྐབས་སུ་བབས་པའི་གང་ཟག་ཡིན་པའི་ཕྱིར། མ་ཁྱབ་ན། དེ་འདྲའི་ཕྱི་རྒོལ་ཡང་དག་ཆོས་ཅན། རྟེན་འབྲེལ་83དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་སོང་བའི་གང་ཟག་ཡིན་པར་ཐལ། ཁྱོད་རྟེན་འབྲེལ་གྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་ཡིན་པའི་ཕྱིར། རྟགས་སླ། ཁྱབ་སྟེ། རྟེན་འབྲེལ་དེ་དེ་སྒྲུབ་ཀྱི་རྟགས་ལྟར་སྣང་དུ་སོང་གི་བར་དུ་ཁྱོད་རྟེན་འབྲེལ་གྱི་རྟགས་ཀྱིས་ཕྱི་རྒོལ་ཡང་ལྟར་སྣང་ཡིན་དགོས་པའི་ཕྱིར། འདོད་ན། རྟེན་འབྲེལ་དེ་དེ་སྒྲུབ་ཀྱི་ཚུལ་གསུམ་དུ་ཚད་མས་ངེས་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། ཁྱོད་ཀྱིས་རྟེན་འབྲེལ་གྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་ཁྱབ་ཚད་མས་ངེས་པར་ཐལ། ཁྱོད་ཀྱིས་རྟེན་འབྲེལ་གྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཚུལ་གསུམ་ཚད་མས་ངེས་པའི་ཕྱིར། འདོད་ན། ཁྱོད་ཀྱིས་རྟེན་འབྲེལ་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ཚད་མས་ངེས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་ཀྱིས་རྟེན་འབྲེལ་དེ་བདེན་མེད་ཁོ་ན་ལ་ཡོད་པར་ཚད་མས་ངེས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་ཀྱིས་རྟེན་འབྲེལ་དེ་བདེན་མེད་དུ་ཚད་མས་ངེས་པར་ཐལ། འདོད་པའི་ཕྱིར།

(80) པར་ཐེངས་གཉིས་པ། དེར་ཐལ།

(81) པར་ཐེངས་གཉིས་པ། དུ་མའང་འཕེན།

(82) པར་ཐེངས་གཉིས་པ། ཏུ་རྟོགས་པའི་མངོན་སུམ་ཚད་མ།

(83) པར་ཐེངས་གཉིས་པ། དེ་དེ་སྒྲུབ།

    བྱས་པ་ལ་ཁོ་ན་རེ། དེ་ཆོས་ཅན། ཁྱོད་ཀྱིས་མྱུ་གུ་ཡང་བདེན་མེད་དུ་ཚད་མས་ངེས་པར་ཐལ། ཁྱོད་ཀྱིས་རྟེན་འབྲེལ་བདེན་མེད་དུ་ཚད་མས་ངེས་པ་གང་ཞིག ཆོས་གཅིག་གི་སྟོང་ཉིད་རིགས་པ་ཡང་དག་གིས་རྟོགས་ན། ཆོས་གཞན་རྣམས་རྟགས་སྦྱོར་འགོད་པ་ལ་མ་ལྟོས་པར་རྟོགས་ཐུབ་པས་ཁྱབ་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་ཚེ་གཟུགས་བརྙན་དཔེར་བྱས་ནས་84དེའི་སྟེང་དུ་རྟེན་འབྲེལ་ཡིན་ན། བདེན་མེད་ཡིན་དགོས་པའི་སྤྱི་ཁྱབ་ཚད་མས་ངེས་ཀྱང༌། མྱུ་གུ་ཁྱད་གཞིར་བཟུང་ནས་རྟེན་འབྲེལ་ལ་བདེན་མེད་ཀྱིས་ཁྱབ་པ་མ་ངེས་པའི་ཕྱིར་ཏེ། དེ་ལ་བློ་ཁ་མ་ཕྱོགས་པའི་ཕྱིར། ཐར་ལམ་གསལ་བྱེད་ལས། ཁྱད་པར་གྱི་གཞི་ཆོས་ཅན་གྱི་ཚུལ་གྱིས་བློ་ཁ་ཕྱོགས་དགོས་ན་ཚུལ་གསུམ་འཇལ་བའི་ཚད་མ་ལ་དེ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་དང་པོ་གྲུབ་སྟེ། དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། སྟོང་ཐུན་གྱིས་བཤད་པ་ལྟར་ཆོས་ཐམས་ཅད་རེ་རེ་ནས་རྟགས་ཀྱིས་རྟོགས་དགོས་ན་སངས་རྒྱས་མ་ཐོབ་བར་དུ་ཆོས་ཐམས་ཅད་བདེན་མེད་དུ་རྟོགས་པ་མེད་དགོས་པའི་ཕྱིར། འཕགས་པ་ལྷས། གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང༌། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། གང་ཟག་བདེན་མེད་རྟོགས་ནས་ཆོས་གཞན་བདེན་མེད་དུ་རྟོགས་དགོས་མེད་པར་ཐལ། ཆོས་གཅིག་གི་སྟོང་ཉིད་རྟོགས་ན་ཆོས་ཐམས་ཅད་ཀྱི་སྟོང་ཉིད་རྟོགས་པས་ཁྱབ་པའི་ཕྱིར། ཁྱབ་སྟེ། རྟོགས་ཚུལ་དེ་ལྟར་མ་ཡིན་85པའི་ཕྱིར། ལམ་རིམ་ཆུང་ངུ་ལས། ཐོག་མར་འཇིག་རྟེན་ན་རྫུན་པར་གྲགས་པའི་དཔེ་འདི་རྣམས་རང་བཞིན་མེད་པར་རྟོགས་སུ་བཅུག་ནས། དེ་ནས་རྫུན་པར་མ་གྲགས་པའི་གཟུགས་སྒྲ་སོགས་ཆོས་གཞན་རྣམས་རང་བཞིན་མེད་པར་རྟོགས་དགོས་ཤིང༌། དེ་གཉིས་ལ་སྔ་ཕྱིའི་རིམ་པ་ཡང་ཡོད་པས། ཆོས་གཅིག་གི་ཆོས་ཉིད་རྟོགས་ན་ཆོས་ཀུན་གྱི་སྟོང་ཉིད་རྟོགས་དགོས་པ་མིན་གྱི། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དེའི་ཚེ་ཡང་རྗེས་དཔག་ལ་བརྟེན་དགོས་ཀྱང་རང་དོན་རྗེས་དཔག་གིས་ཆོག་ལ། གཞན་གྱིས་རྟགས་འགོད་མི་དགོས་ཀྱང་དེས་བདེན་མེད་གཉིས་རིམ་བཞིན་དུ་རྟོགས་པའི་ཕྱིར་ཏེ། མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་ཁྱོད་ཀྱིས་བདག་གི་འདུ་ཤེས་ནི། །ཤེས་པ་དེ་བཞིན་ཀུན་ལ་བློས་སྦྱར་བྱ། །ཞེས་གསུངས་པའི་ཕྱིར་དང༌། འཇུག་པ་ལས། ཤེས་བྱ་མེད་ན་ཤེས་པ་བསལ་བ་ནི། །བདེ་བླག་རྙེད་ཅེས་སངས་རྒྱས་རྣམས་ཀྱིས་གསུངས ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རང་འགྲེལ་ལས། ཤེས་བྱ་རང་བཞིན་མེད་པར་རིག་པ་རྣམས་ཀྱིས་ཤེས་པ་རང་བཞིན་མེད་པར་རེས་འགའ་རང་ཉིད་ཁོ་ནས་རྟོགས་པར་འགྱུར་ལ། རེས་འགའ་ནི་ཅུང་ཟད་ཅིག་ཉེ་བར་བསྟན་པ་ཙམ་གྱིས། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རང་ཉིད་86ཁོ་ནས་ཞེས་པས་རང་དོན་སྐབས་ཀྱི་རྗེས་དཔག་གིས་རྟོགས་ཚུལ་དང༌། ཅུང་ཟད་ཉེ་བར་བསྟན་པ་ཞེས་པས་གཞན་དོན་སྐབས་ཀྱི་རྗེས་དཔག་གིས་རྟོགས་ཚུལ་བཤད་པའི་ཕྱིར། རྣམ་བཤད་དགོངས་པ་རབ་གསལ་ལས། གཞི་མིག་སོགས་ནང་གི་ཆོས་རྣམས་ཀྱི་སྟེང་དུ་བདག་མེད་ཚད་མས་ངེས་ནས་གཟུགས་སོགས་ཆོས་གཞན་ལ་བདེན་པར་གྲུབ་མ་གྲུབ་ཀྱི་བློ་ཁ་ཕྱོགས་པ་དེའི་ཚེ་གཞན་གྱིས་སྒྲུབ་བྱེད་བཀོད་པ་ལ་མི་ལྟོས་པར་རང་གི་རྟགས་ཡང་དག་ལ་བརྟེན་ནས་ཐེ་ཚོམ་གཅོད་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་དང༌། ཚད་མས་ངེས་ནས་ཡན་ཆད་ཀྱི་ནང་གི་མིག་87སོགས་ཀྱི་སྟེང་གི་སྟོང་ཉིད་རྟོགས་ཟིན་བསྟན་ཅིང༌། ཆོས་གཞན་ལ། ནས། བློ་ཁ་ཕྱོགས་པ་ཞེས་88པའི་བར་གྱིས་སྤྱི་ཁྱབ་ཏུ་ཐམས་ཅད་ལ་སྒྲོ་འདོགས་བཅད་ཀྱང་བློ་ཁ་ཕྱོགས་པས་མ་རྟོགས་ཚུལ་དང༌། གཞན་གྱིས་སྒྲུབ་བྱེད་བཀོད་པ་ལ་མི་ལྟོས་པར་ཞེས་པས་གཞན་དོན་སྐབས་ཀྱི་རྗེས་དཔག་མེད་ཀྱང༌། རང་གི་རྟགས་ཡང་དག་ལ་བརྟེན་ནས་ཞེས་པས་རང་དོན་སྐབས་ཀྱི་རྗེས་དཔག་གིས་རྟོགས་ཚུལ་བཤད་པའི་ཕྱིར།

(84) པར་ཐེངས་གཉིས་པ། དེའི་རྟེན་འབྲེལ།

(85) པར་ཐེངས་གཉིས་པ། མ་ཡིན་པ་ལམ་རིམ།

(86) པར་ཐེངས་གཉིས་པ། ཁོ་ནས་རང་དོན་རྗེས་དཔག་གི་རྟོགས།

(87) པར་ཐེངས་གཉིས་པ། སོགས་ཀྱི་སྟོང་ཉིད།

(88) པར་ཐེངས་གཉིས་པ། པས་སྤྱི་ཁྱབ་ཏུ།

    དེ་ལ་ཁ་ཅིག་ན་རེ། སེམས་ཙམ་པ་དེ་སྒྲུབ་ཀྱི་ཕྱི་རྒོལ་དུ་སོང་བ་དེ་ཆོས་ཅན། གྲུབ་མཐའ་སྨྲ་བ་བཞི་པོ་གང་རུང་ཡིན་པར་ཐལ། ནང་པ་སངས་རྒྱས་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྡོ་རྗེ་སྙིང་འགྲེལ་ལས། སངས་རྒྱས་པ་ལ་བཞི་པ་དང༌། །ལྔ་པ་ཐུབ་པའི་དགོངས་པ་མིན། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་དེར་ཐལ། དེ་འདྲའི་ཕྱི་རྒོལ་ཡང་དག་ཡིན་པའི་ཕྱིར། དེར་ཐལ། སེམས་ཙམ་པ་དེར་གྱུར་པ་ཡོད་པའི་ཕྱིར་ཏེ། དེ་སངས་རྒྱས་པ་ཡོད་པའི་ཕྱིར་ཏེ། མ་གྲུབ་ན། དེ་ཆོས་ཅན། ཁྱོད་སངས་རྒྱས་པ་ཡོད་པར་ཐལ། ཁྱོད་སེམས་ཅན་ཡིན་པའི་ཕྱིར། རྩ་བར་འདོད་ན། དབུ་མ་པ་ཡིན་པར་ཐལ། དེ་བཞི་གང་རུང་ཡིན། གཞན་གསུམ་གང་རུང་མ་ཡིན་པའི་ཕྱིར་ཏེ། རྟེན་འབྲེལ་ལ་བདེན་མེད་ཀྱིས་ཁྱབ་པར་དམ་བཅའ་བའི་གང་ཟག་ཡིན་པའི་ཕྱིར། ཁྱབ་སྟེ། དེ་གསུམ་ལ་དེ་ལྟར་དམ་བཅའ་བ་མེད་པའི་ཕྱིར། འདོད་མི་ནུས་ཏེ། མྱུ་གུ་བདེན་པར་ཡོད་མེད་ཐེ་ཚོམ་ཅན་གྱི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། དེ་དབུ་མ་པའི་ལྟ་བ་རྙེད་པའི་གང་ཟག་མ་ཡིན་པར་ཐལ། དེ་དབུ་མ་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་རྟེན་འབྲེལ་གྱི་89རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་ཏུ་སོང་བ་ནས་བདེན་གྲུབ་ཀྱི་དམ་བཅའ་དང་དངོས་སྨྲ་བའི་གྲུབ་མཐའ་བཏང་ལ། དབུ་མར་ཞུགས་ཟིན་པ་དང་དབུ་མ་བའི་ལྟ་བ་རྙེད་པ་དང་བདེན་མེད་དུ་ཁས་ལེན་པ་རྣམས་དུས་མཉམ་ཡིན་པའི་ཕྱིར། སྟོང་ཐུན་སྐལ་བཟང་མིག་འབྱེད་ལས། 90གང་ཟག་རང་བཞིན་མེད་པ་མཚན་ཉིད་ཚང་བ་གཅིག་ཚད་མས་ངེས་ནས་ཕུང་པོ་རང་བཞིན་གྱིས་གྲུབ་པར་དམ་བཅའ་བ་མི་91སྲིད་གང་གིས་དབུ་མའི་ལྟ་བ་ཞེས་སོགས་གསུངས་པའི་ཕྱིར། ཁྱབ་སྟེ། གྲུབ་མཐའ་འོག་མ་བཏང་ཚད་དེ་གང་ཞིག །གོང་མར་ཞུགས་ཚད་དེ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ལྷག་མཐོང་ཆེན་མོ་ལས། དེ་ལྟར་རང་བཞིན་ཁས་བླངས་པ་ལ་གནོད་བྱེད་བསྟན་པ་རྣམས་མཐོང་བ་ན་རང་གི་ངོ་བོས་གྲུབ་པའི་རང་བཞིན་ཡོད་པར་འཛིན་པའི་གྲུབ་མཐའ་འདོར་བར་འགྱུར་ལ། དེ་ནས་རང་བཞིན་མེད་པ་ལ་བྱ་བྱེད་འཐད་པ་ཡང་92རྟོགས་ནས། རྟོགས་པར་འགྱུར་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ལྷག་མཐོང་ཆེན་མོ་ལས། དེ་ལྟ་ན་ཕྱི་རྒོལ་དེས་ཇི་སྲིད་དུ་དངོས་པོར་སྨྲ་བའི་གྲུབ་མཐའ་མ་དོར་བ་དེ་སྲིད་དུ་རང་གི་ངོ་བོས་གྲུབ་པ། ནས། གང་གི་ཚེ་དངོས་པོ་འགའ་ཞིག་རང་གི་ངོ་བོས་གྲུབ་པ་མེད་པར་ཚད་མས་རྟོགས་པ་ནས་དངོས་པོར་སྨྲ་བའི་གྲུབ་མཐའ་བཏང་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། རྟེན་འབྲེལ་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱི་རྒོལ་ལ་མཐུན་དཔེར་མེ་ལོང་ནང་གི་གཟུགས་བརྙན་འགོད་ཚེ་གཟུགས་བརྙན་བདེན་མེད་ཁོ་ན་འགོད་པར་ཐལ། དེས་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་ལ་གཟུགས་བརྙན་བདེན་མེད་ཁོ་ན་འགོད་པའི་ཕྱིར་ན་མ་ཁྱབ་སྟེ། དེ་སྒྲུབ་ཀྱི་ཕྱི་རྒོལ་ཙམ་ལ་རྒྱུད་མ་སྨིན་པ་དང་སྨིན་པ་གཉིས་ཡོད་པས། དང་པོ་ལ་གཟུགས་བརྙན་འཇིག་རྟེན་པའི་རྫུན་པ་དཔེར་བྱེད་དགོས། གཉིས་པ་ལ་དབུ་མ་པའི་རྫུན་པ་དཔེར་བྱེད་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། རྣམ་བཤད་དགོངས་པ་རབ་གསལ་ལས། འདིར་གཟུགས་བརྙན་སོགས་དཔེར་བཀོད་པ་ནི། འཇིག་རྟེན་པའི་གྲུབ་ཟིན་དཔེར་བཀོད་པ་ཡིན་གྱི། དབུ་མ་པས་རྫུན་པར་བཞག་པ་གྲུབ་ཟིན་དཔེར་བཀོད་པ་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ལམ་རིམ་ཆུང་ངུ་ལས། ཐོག་མར་འཇིག་རྟེན་ན་རྫུན་པར་གྲགས་པའི་དཔེ་འདི་རྣམས་རང་བཞིན་མེད་པར་རྟོགས་སུ་བཅུག་ནས། དེ་ནས་རྫུན་པར་མ་གྲགས་པའི་གཟུགས་སྒྲ་སོགས་ཆོས་གཞན་རྣམས་རང་བཞིན་མེད་པར་རྟོགས་དགོས་ཤིང༌། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཕྱི་རྒོལ་དངོས་སྨྲ་ལ་དེ་བདེན་མེད་ཁོ་ན་འགོད་མི་རུང་བའི་ཕྱིར། སྟོང་ཐུན་ལས། གཟུགས་བརྙན་སོགས་དཔེར་བཀོད་པ་ནི་བྱད་བཞིན་གྱི་གཟུགས་བརྙན་ལ་དངོས་སྨྲ་བས་བདེན་མེད་ཀྱིས་ཁྱབ་པ་གྲུབ་ཟིན་པའི་རྒྱུ་མཚན་གྱིས་མ་ཡིན་གྱི། ཞེས་སོགས་གསུངས་པའི་ཕྱིར། འདིར་དཔྱད་བྱ་མང་ཡང་ཡི་གེ་མང་དོགས་སོ། །

(89) པར་ཐེངས་གཉིས་པ། རྟགས་ཀྱི་ཕྱི་རྒོལ།

(90) པར་ཐེངས་གཉིས་པ། གང་ཟག་གི་སྟེང་དུ་རང་བཞིན་མེད་པ་མཚན་ཉིད་ཚང་བ་ཚད་མས།

(91) པར་ཐེངས་གཉིས་པ། སྲིད་དེ། རིགས་པ་གང་ལ་བརྟེན་ནས་གང་ཟག་གི་སྟེང་དུ་དབུ་མའི་ལྟ་བ། ཞེས།

(92) པར་ཐེངས་གཉིས་པ། རྟོགས། ནས། རྟོགས།

    ཡང་ཁོ་ན་རེ། མདོ་སྡེ་བ་ཆོས་ཅན། ཁྱོད་ཀྱིས་གཞལ་བྱ་རང་སྤྱི་གཉིས་ཀུན་རྫོབ་ཏུ་ཡོད་པར་རྟོགས་པར་ཐལ། ཁྱོད་ཀྱིས་དེ་གཉིས་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་ཙམ་དུ་རྟོགས་པའི་ཕྱིར། དེར་ཐལ། ཁྱོད་ཀྱིས་དེ་གཉིས་ཚད་མ་གཉིས་ཀྱིས་བཞག་ཙམ་དུ་རྟོགས་པའི་ཕྱིར་ན་མ་ཁྱབ། ཁྱབ་པར་ཐལ། ཚད་མ་གཉིས་བློ་གནོད་མེད་ཡིན་པའི་ཕྱིར་ན་ཡང་མ་ཁྱབ་སྟེ། མདོ་སྡེ་བས། རྣམ་འགྲེལ་ལས། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་དང༌། ཚད་མ་མདོ་ལས། མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མའོ་མཚན་ཉིད་གཉིས་གཞལ་བྱ། །ཞེས་གསུངས་པ་ལྟར་ཚད་མ་གཉིས་ཀྱིས་གཞལ་བྱ་གཉིས་བཞག་ཚད་དང༌། འདི་བའི་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་ཚད་གཉིས་མི་གཅིག་པའི་ཕྱིར། དེར་ཐལ། ཚད་མ་གཉིས་ཀྱིས་རང་རང་གི་གཞལ་བྱའི་སྡོད་ལུགས་འཇལ་བ་དེ་དེས་བཞག་ཚད་གང་ཞིག །གཟུགས་སོགས་ཆོས་ཐམས་ཅད་བློ་འཕྲལ་གྱི་འཁྲུལ་བས་མ་བསླད་པའི་དབང་གིས་སྣང་ཡང་སྣང་ཚུལ་དེ་སྡོད་ལུགས་མཐར་ཐུག་མ་93ཡིན་པ་དེ་བློ་གནོད་མེད་ཀྱིས་བཞག་ཚད་ཡིན་པའི་ཕྱིར། ཁྱབ་སྟེ། སྔ་མའི་གྲུབ་ཚུལ་གྱིས་བདེན་གྲུབ་མི་གཅོད། ཕྱི་མའི་གྲུབ་ཚུལ་དང་བདེན་གྲུབ་དངོས་སུ་འགལ་བའི་ཕྱིར། དགོངས་པ་རབ་གསལ་ལས། དེ་ལེགས་པར་གོ་ན་ཚད་མའི་དབང་གིས་གཞལ་བྱ་འཇོག་པ། ནས། དེ་དང་སྔ་མ་གཉིས་གཏན་མི་འདྲ་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་དང་པོ་གྲུབ་སྟེ། དགོངས་པ་རབ་གསལ་ལས། དངོས་པོར་སྨྲ་བ་རྣམས་ཀྱི་ལུགས་ཀྱིས་ཀྱང༌། ནས། ཚད་མའི་དབང་གིས་གཞལ་བྱ་འཇོག་པ་ནི་གཞལ་བྱ་གཉིས་ཀྱི་སྡོད་ལུགས་ཚད་མས་རྟོགས་པའི་དོན་ཡིན་པས། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། བདེན་མེད་མ་རྟོགས་པ་ལ་ཐ་སྙད་དུ་ཡོད་པའི་ཚད་མི་འཆར་བའི་ཕྱིར་དང༌། ཐ་སྙད་དུ་ཡོད་ཚད་དེ་ཡིན་པའི་ཕྱིར། དགོངས་པ་རབ་གསལ་ལས། ནང་གི་བློའི་དབང་གིས་མ་བཞག་པའི་སྡོད་ལུགས་ཡོད་པར་མི་འཛིན་པར་བློའི་དབང་གིས་བཞག་པའི་ཡོད་པ་ཙམ་དུ་ཤེས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། འདི་ལ་རང་གཞན་མང་པོ་འཁྲུལ་སྣང་བས་གསལ་བར་བཤད་ཡོད་དོ། །ཡང་ཁོ་ན་རེ། མིང་གིས་བཏགས་ཙམ་གྱི་ཆོས་ཐམས་ཅད་ཡོད་པར་ཐལ། འགྲེལ་ཆེན་ལས། འདི་དག་ཐམས་ཅད་མིང་ཙམ་སྟེ། ཞེས་དང༌། མདོ་ལས། གཟུགས་ནི་བཏགས་པ་ཙམ་མོ། །སོགས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་དག་དོན་དམ་པར་མིང་གིས་བཏགས་ཙམ་ཡིན་པར་དགག་བྱ་ངོས་འཛིན་སྐབས་སུ་བཤད་ཟིན་པའི་ཕྱིར་དང༌། ཉི་སྣང་ལས་ཀྱང༌། གློ་བུར་དུ་བྱུང་བ་ནི་དང་པོ་ནས་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་པའི་དོན་དང་སྒྲོ་བཏགས་པ་ནི་མིང་གིས་བཏགས་པའི་དོན་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། དེ་མི་འཐད་པར་ཐལ། འགྲེལ་ཆེན་ལས། གཟུགས་ནས་སངས་རྒྱས་ཞེས་བྱ་བའི་བར་ཆོས་ཐམས་ཅད་བརྡར་བཏགས་པའི་ཐ་སྙད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེས་གཟུགས་ནས་སངས་རྒྱས་བར་གྱི་ཆོས་ཐམས་ཅད་ཀུན་རྫོབ་ཏུ་ཡོད་པ་དང་ཐ་སྙད་དུ་ཡོད་པར་བཤད་པ་ཡིན་པའི་ཕྱིར། ཡང་ཁོ་ན་རེ།.....ལོ་ཙཱ། དོན་94དམ་བདེན་པ་ཆོས་ཅན། རིགས་ཤེས་ཀྱིས་དཔྱད་བཟོད་དུ་ཐལ། རིགས་ཤེས་ཀྱིས་རྙེད་དོན་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། རིགས་ཤེས་ཀྱིས་རྙེད་ན་རིགས་ཤེས་ཀྱིས་དཔྱད་བཟོད་པས་མ་ཁྱབ་པའི་ཕྱིར། དེར་ཐལ། རིགས་ཤེས་ཀྱིས་བདེན་གྲུབ་བཙལ་བ་གང་ཞིག བདེན་གྲུབ་ཏུ་མི་བཟོད་པའི་ཕྱིར། དང་པོ་གྲུབ་སྟེ། བདེན་པར་གྲུབ་མ་གྲུབ་བཙལ་བའི་མ་གྲུབ་པར་རྙེད་པའི་ཕྱིར། ཡང་ཁོ་ན་རེ།.....གོ་ཤག དོན་དམ་བདེན་པ་ཆོས་ཅན། བདེན་པར་གྲུབ་པར་ཐལ། བདེན་པ་ཡིན་པར་གྲུབ་པའི་ཕྱིར་ན་མ་ཁྱབ་སྟེ། དེ་གཉིས་ཀྱི་དོན་མི་གཅིག་པའི་ཕྱིར། ཡང་ཁོ་ན་རེ།.....གོ་ཤག །དེ་ཆོས་ཅན། དོན་དམ་པར་གྲུབ་པར་ཐལ། དོན་དམ་དཔྱོད་བྱེད་ཀྱི་རིགས་ཤེས་ཀྱི་ངོར་གྲུབ་པའི་ཕྱིར་95ན་མ་ཁྱབ་སྟེ། དེར་གྲུབ་ཀྱང་དོན་དམ་དུ་གྲུབ་མི་དགོས་པའི་ཕྱིར། དེར་ཐལ། དོན་དམ་བདེན་པ་ཡིན་ན་བདེན་གྲུབ་མ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། མཐའ་གཉིས་སྤངས་པའི་དབུ་མའི་དོན་ཡིན་པའི་ཕྱིར། མདོ་ལས། འོད་སྲུང་ཡོད་ཅེས་བྱ་བ་ནི། ནས། མཐའ་དེ་གཉིས་ཀྱི་དབུས་ནི། ཞེས་སོ། །

(93) པར་ཐེངས་གཉིས་པ། ཡིན་པ་བློ།

(94) པར་ཐེངས་གཉིས་པ། དམ་པ།

(95) པར་ཐེངས་གཉིས་པ། ན་ཡང་མ་ཁྱབ།

                                  མཁྱེན་གསུམ་རྩོད་སྤོང་།

    གསུམ་པ་མཆོད་བརྗོད་བཤད་ཐབས་ལྔའི་ཚིག་དོན་གྱི་རྩོད་སྤོང་འཆད་པར། འགྲེལ་བ་ལས། དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་དོན་བརྒྱད་བསྡུས་ལ། སོགས་བྱུང༌། འཕྲོས་སྦྱོར་མཐའ་དཔྱད་པ་གསུམ། དང་པོ་ནི། རྩ་བར། ཉན་ཐོས་ཞི་བ་འཚོལ། ནས། ཡུམ་དེ་ལ་ཕྱག་འཚལ ཞེས་པས་ཡུམ་མཁྱེན་གསུམ་ལ་བསྟོད་ཕྱག་མཛད་པ་ལ་མངོན་རྟོགས་ཐམས་ཅད་ལ་ཡིན་ན་ཉུང་བ་སོགས་མིན་ནམ་ཞེ་ན། མངོན་རྟོགས་ཐམས་ཅད་བསྡུས་ལ་དགོས་པ་གཞན་ཡང་ཡོད་ཅེས་དེའི་ལན་འཆད་པར་འདི་བྱུང༌། རྗེ་བཙུན་གྱིས་མཁྱེན་གསུམ་ལ་བསྟོད་པ་ལ་ཆོས་ཅན། དགོས་པ་ཡོད་དེ། དོན་མངོན་པར་རྟོགས་པ་བརྒྱད་པོ་དེ་མཁྱེན་གསུམ་གྱི་ཉམས་ལེན་གྱིས་བསྡུས་པར་བསྟན་པའི་ཆེད་ཡིན་པའི་ཕྱིར། མཐའ་དཔྱད་པ་ལ་དགག་བཞག་སྤང་གསུམ་ལས། དང་པོ་ལ། ཆེན་པོ་ཁ་ཅིག་ན་རེ།.....ལོ། མཁྱེན་གསུམ་གྱིས་སྦྱོར་བཞི་ཆོས་སྐུ་དང་ལྔ་བསྡུས་པ་ནི་རྒྱ་ཆེ་བས་ཆུང་བ་བསྡུས་ཚུལ་ཡིན་ཏེ། མཁྱེན་གསུམ་སྤྱི་དང༌། མངོན་རྟོགས་ལྔ་བྱེ་བྲག་ཡིན་པའི་ཕྱིར་ཟེར། ལ་ལ་ན་རེ།.....འབྲེ། མཁྱེན་གསུམ་གྱིས་ལྔ་བསྡུས་པ་དེ་རང་བཞིན་གྱིས་རང་བཞིན་ཅན་96བསྡུས་པའི་དོན་ཟེར། གཞན་དག་ན་རེ།.....ཨར། མཁྱེན་གསུམ་མཚོན་བྱེད་ཀྱི་ཆོས་སུམ་ཅུས་དོན་མངོན་རྟོགས་བརྒྱད་བསྡུས་པས་སྡུད་བྱེད་མཁྱེན་གསུམ་བཏགས་པ་བ་ཟེར། ཤིང་རྟ་པ་ཁ་ཅིག་ན་རེ། འབྲས་བུས་རྒྱུ་བསྡུས་པ་ཡིན་གསུངས། རོང་ཊཱིཀ་པ་ན་རེ། འཕགས་བཞིའི་མངོན་རྟོགས་ལ་མཁྱེན་གསུམ་དུ་བཞག་པ་རང་ཡིན་པའི་ཚུལ་གྱིས་དང༌། འབྲས་བུ་ཆོས་སྐུ་རྣམ་མཁྱེན་ཁོ་ནས་བསྡུས་ཟེར། དང་པོ་གཉིས་མི་འཐད་པར་ཐལ། གསུམ་གྱིས་ལྔ་ཙམ་བསྡུས་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། མཁྱེན་གསུམ་གྱིས་བརྒྱད་ཀ་བསྡུས་པའི་ཕྱིར། འགྲེལ་བ་ལས། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་དོན་བརྒྱད་བསྡུས་ལ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཚིག་དོན་གཉིས་ཀ་ལ་དེ་དང་མི་མཐུན་པའི་ཕྱིར། གསུམ་པ་ཡང་མི་འཐད་པར་ཐལ། མཁྱེན་གསུམ་གྱིས་བརྒྱད་བསྡུས་པ་མ་ཡིན་པར་ཐལ་བའི་ཕྱིར་ཏེ། ཆོས་སུམ་ཅུས་བརྒྱད་བསྡུས་པར་བཤད་རིགས་པའི་ཕྱིར། ཁྱབ་སྟེ། ཁྱད་མེད་ན་སྐྱོགས་བཤད་དེ་མི་འཐད་པའི་ཕྱིར་དང། ཆོས་སུམ་ཅུ་བསྟོད་ཡུལ་ཡིན་པར་ཐལ། བརྒྱད་གསུམ་དུ་བསྡུས་ནས་བསྟོད་པའི་ཕྱིར། འགྲེལ་བ་ལས། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་སྒོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན། མི་དགེ་བ་དང་97ཉོན་མོངས་པ་ཡང་བསྟོད་ཡུལ་ཡིན་པར་ཐལ། ཐེག་ཆེན་སྒྲུབ་པའི་དམིགས་པ་ཀུན་དེ་ཡིན་པའི་ཕྱིར། བཞི་པ་ཡང་མི་འཐད་པར་ཐལ། ཚིག་གསལ་ལྟར་ན་རུང་ཙམ་ཡོད་ཀྱང་དངོས་ཟིན་དང་མི་མཐུན་པའི་ཕྱིར་ཏེ། གསུམ་གྱིས་བརྒྱད་བསྡུས་ཚུལ་དགོས་པའི་ཕྱིར། ལྔ་པ་ཡང་མི་འཐད་པར་ཐལ། ཡེ་ཤེས་ཞབས་ཀྱི་ལུགས་ལྟར་ན་ཕྱོགས་གཅིག་ཏུ་རུང་ཡང་བརྒྱད་གསུམ་མ་ཡིན་པས་འཕགས་སེང་གི་གཞུང་དང་མི་མཐུན་པའི་ཕྱིར་ཏེ། གསུམ་གྱིས་བརྒྱད་བསྡུས་ཀྱི་རྣམ་མཁྱེན་གཅིག་པུས་ཆོས་སྐུ་བསྡུས་པ་ཡང་མི་འཐད་པའི་ཕྱིར་རོ། །དེ་ལ་ཁོ་ན་རེ། མཁྱེན་གསུམ་གྱིས་མངོན་རྟོགས་བརྒྱད་བསྡུས་པ་མ་ཡིན་པར་ཐལ། མཁྱེན་གསུམ་རྣམ་མཁྱེན་ཡིན་པའི་ཕྱིར། དེར་ཐལ། མཁྱེན་གསུམ་ཡིན་པ་ཡོད། མཁྱེན་གསུམ་ཡིན་ན་རྣམ་མཁྱེན་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། འོ་ན། བློ་དང་རྣམ་མཁྱེན་གཉིས་རྣམ་མཁྱེན་ཡིན་པར་ཐལ། དེ་གཉིས་ཡིན་པ་ཡོད། དེ་གཉིས་ཡིན་ན་རྣམ་མཁྱེན་ཡིན་དགོས་པའི་ཕྱིར། ཁྱབ་པ་ཁས། གཞན་ཡང་མཁྱེན་གསུམ་ཆོས་ཅན། སློབ་ལམ་ན་ཁྱོད་གང་ཡང་རུང་བ་མེད་པར་ཐལ། ཁྱོད་རྣམ་མཁྱེན་ཡིན་པའི་ཕྱིར། འདོད་ན། སློབ་ལམ་ན་ཁྱོད་གང་ཡང་རུང་བར་གྱུར་པའི་གཞི་ཤེས་དང་ལམ་ཤེས་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། ས་མཚམས་འགལ་ལོ། །

(96) པར་ཐེངས་གཉིས་པ། བསྡུས་ཟེར།

(97) པར་ཐེངས་གཉིས་པ། ཉོན་མོངས་ཡང།

    རང་ལུགས་ལ། མཁྱེན་གསུམ་གྱིས་མངོན་རྟོགས་བརྒྱད་ཉམས་ལེན་གྱི་ཚུལ་གྱིས་བསྡུས་ཏེ། མངོན་རྟོགས་བརྒྱད་པོ་གང་རུང་ཡིན་ན་མཁྱེན་གསུམ་གང་རུང་གིས་བསྒོམ་བྱའི་རྣམ་པ་ཡིན་པས་ཁྱབ་པ་དང༌། མཁྱེན་གསུམ་ལ་བསྟོད་ནས་མངོན་རྟོགས་བརྒྱད་ལ་མ་བསྟོད་པ་མི་ཡོང་བ་དེའི་ཕྱིར། དེ་ཡིན་ཀྱང་མཁྱེན་གསུམ་ཚིག་ཟིན་ལ་བསྟན་པ་ནི་རིགས་ཅན་གསུམ་གྱི་བཞེད་དོན་སྒྲུབ་བྱེད་སོ་སོར་ཤེས་པའི་ཆེད་ཡིན་པའི་ཕྱིར།

རྩོད་སྤོང་ལ་ཁོ་ན་རེ། དེ་གསུམ་གྱིས་བརྒྱད་མ་བསྡུས་པར་ཐལ། དེས་དེ་བརྒྱད་ཉམས་ལེན་ཚུལ་གྱིས་མ་བསྡུས་པའི་ཕྱིར། དེར་ཐལ། རྣམ་རྫོགས་སྦྱོར་བ་ཉམས་སུ་ལེན་པའི་བྱང་སེམས་ཚོགས་ལམ་པ་དེས་དེ་བརྒྱད་ཉམས་སུ་མི་ལེན་པའི་ཕྱིར། དེར་ཐལ། བྱང་སེམས་ཀྱི་ཚོགས་ལམ་དེ་བརྒྱད་ཀའི་ཉམས་ལེན་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། གཞི་ཤེས་ཀྱི་ཉམས་ལེན་ཡིན་པར་ཐལ། མཁྱེན་གསུམ་གྱི་ཉམས་ལེན་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། གཞི་ཤེས་གཙོ་བོར་ཉམས་སུ་ལེན་པར་ཐལ་ལོ། །

 

སྨྲས་པ།

འཇིག་རྟེན་མཛེས་པ་ཀུན་འདུས་ཐུབ་དབང་ཞལ་གྱི་བདུད་རྩི་དེ། །

བློ་ཡིས་མྱང་ཡང་ཉོན་མོངས་གདུང་བ་ཀུན་གཅོད་བདུད་རྩིའི་གཏེར། །

སྙིང་གི་ཀུ་མུད་སྐྱོང་སླད་དད་པའི་མིག་གི་འདབ་མ་རྒྱས། །

དགའ་བའི་འོད་སྣང་མཁའ་མཐར་ཕྱིན་པས་ལེགས་བྱས་རྒྱུ་སྐར་བཀྲམ། །

    སྲིད་པའི་དཔལ་འབྱོར་རྨི་ལམ་རོལ་པ་ཙམ། །འཇིག་རྟེན་དགྲ་གཉེན་གར་མཁན་ཆ་ལུགས་བསྒྱུར། །འགྱུར་བའི་སྡུག་བསྔལ་གཡང་ཁའི་སྦྲང་རྩིའི་རོ མི་ཤེས་མི་ཚོར་ལོང་བའི་འགྲོས་མཐོང་མཚར། །ལེགས་བྱས་ལམ་བཟང་མངོན་མཐོའི་ཚོན་ཡང་བཀྲ། །ལེགས་བཤད་སྙན་པའི་98གླུ་དབྱངས་ཏིང་འཛིན་གྱི། །སྒོ་བརྒྱའི་རོ་མངར་ཤེས་རབ་ཡོངས་འདུའི་དྲི། །ཐེག་གསུམ་རྣམ་སད་ཚོགས་དང་འགྲོགས་འདི་བསྔགས། །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། 

(98) པར་ཐེངས་གཉིས་པ། གླུ་དང།

 

                                                                                                                    རྩོམ་སྒྲིག་པ། མང་ར་བ།

            གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།