ཀུན་མཁྱེན་ཕར་ཕྱིན་ལས་ཉན་ཐོས་ཞི་འཚོལ་མ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-12-05 20:40:49     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

262203419828328873.jpg

    ཉན་ཐོས་ཞི་བ་འཚོལ་རྣམས། ཞེས་སོགས་ཀྱི་སྐབས་སུ་འཕྲོས་སྦྱོར་མཐའ་དཔྱད་གསུམ། དང་པོ་ནི། མདོ་ལས། རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ། །ཞེས་གཞི་ཤེས་རྣམ་བཞག་གི་རྟེན་ཉན་རང་གི་ཡུམ་དུ་བཤད་པས། དེས་ཉན་རང་གི་དོན་སྒྲུབ་ཚུལ་བཤད་པ་ལ། རྐང་པ་དང་པོ་བྱུང༌། གཞི་ཤེས་ཆོས་ཅན། གཞུང་འདིས་རྟེན་ཐབས་འབྲས་བུ་གསུམ་གྱི་སྒོས་བསྟོད་དེ། རྟེན་ཉན་རང་ཉེར་ཞི་འདོད་པ་རྣམས་འབྲས་བུ་སྡུག་བདེན་རགས་པ་ཉེ་བར་ཞི་བའི་ཉེར་ཞིར་འཁྲིད་པའི་སྒོས་བསྟོད་པའི་ཕྱིར། མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། ཀུན་ཤེས་ཉིད་ཅེས་པའི་སྐབས་ནས་བསྟན་པའི་གཞི་ཤེས་ཡིན་ན་དེའི་དངོས་བསྟན་ཡིན་པས་ཁྱབ་ཟེར་ན། རང་རྒྱལ་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ཉན་ཐོས་ཀྱི་མི་རྟག་སོགས་རྟོགས་པའི་གཞི་ཤེས་རྣམས་ཀུན་ཤེས་ཉིད་ཅེས་པའི་དངོས་བསྟན་དང༌། རང་རྒྱལ་གྱི་དེ་རྣམས་དེའི་ཤུགས་བསྟན་ཡིན་པའི་ཕྱིར། དེར་ཐལ། ཉན་ཐོས་སློབ་པ་རྣམས་ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་པའི་དངོས་བསྟན་དང༌། རང་རྒྱལ་སློབ་པ་རྣམས་དེའི་ཤུགས་བསྟན་ཡིན་པའི་ཕྱིར། འགྲེལ་བ་ལས། ཉན་ཐོས་དང་དེའི་ཕྱོགས་སུ་བསླན་པ། ཞེས་གསུངས་པའི་ཕྱིར། རོང་ཊཱིཀ་པ་ན་རེ། འགྲེལ་བ་ལས། གཞི་ཐམས་ཅད་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ། ཞེས་པའི་སྐྱེ་མེད་དེ་བདེན་པའི་སྐྱེ་མེད་ལ་བྱེད་ཟེར་ན། དེ་མི་འཐད་པར་ཐལ། དེ་གང་ཟག་གི་བདག་གི་སྐྱེ་མེད་ལ་བྱེད་པའི་ཕྱིར། དེར་ཐལ། ཐབས་ཤེས་ལ་ཕ་མའི་ཐ་སྙད་བྱས་པའི་ལྡོག་པ་ངོས་བཟུང་བའི་ཆེད་ཡིན་པའི་ཕྱིར། ལྗོན་པས་ཞུས་པའི་མདོ་ལས། མ་ནི་ཤེས་རབ་ཕ་ནི་ཐབས། །ཉེ་དུ་བྱང་ཆུབ་ཕྱོགས་རྣམས་དང༌། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཐུན་མོང་མ་ཡིན་པའི་བསམ་པ་ལ་ཕ་དང༌། ཤེས་རབ་ཀྱི་ཆ་ལ་མར་བཤད་པའི་གཙོ་བོ་བདག་མེད་རྟོགས་པ་བསྟན་ཙམ་ཡིན་གྱི། ཡུམ་ལ་དེས་ཁྱབ་པར་མ་བསྟན་པའི་ཕྱིར། རྣམ་བཤད་ལས། ཤེས་རབ་ཀྱི་གཙོ་བོ་བདག་མེད་རྟོགས་པའི་ཤེས་རབ་དེ་ཉིད་བསྟན་པ་ཡིན་གྱི། ཞེས་གསུངས་པའི་ཕྱིར། མཆོད་བརྗོད་ཀྱི་མཁྱེན་གསུམ་གོ་རིམ་དང་ལུས་ཀྱི་གོ་རིམ་མི་མཐུན་པ་ཅི་ཡིན་ཟེར་ན། ཁ་ཅིག་ན་རེ། དེའི་རྒྱུ་མཚན་མཆོད་བརྗོད་གླེང་གཞིའི་ལེའུ་དང་རྩ་འགྲེལ་སྦྱོར་བའི་ཆེད་ཡིན་པའི་ཕྱིར། བསྟན་བཅོས་རིན་ཆེན་སྒྲོན་མེ་ལས། གླེང་གཞི་རྒྱས་པར་བཀའ་སྩལ་དོན་མཆོག་རྣམས། །སྡུད་པར་བྱེད་པ་ཕྱག་འཚལ་ཚིགས་བཅད་ཡིན། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་མི་འཐད་པར་ཐལ། འཕགས་སེང་གཉིས་ཀས་དེ་རྩ་འགྲེལ་དུ་མ་སྦྱར་ལ་མཁས་པ་གཞན་གྱིས་ཀྱང་མ་བཤད་པའི་ཕྱིར། དང་པོ་གྲུབ་སྟེ། འཕགས་པས་སྐབས་བརྒྱད་པ་རྫོགས་པའི་རྗེས་སུ་བཤད། འགྲེལ་ཆེན་ལས། དགོས་འབྲེལ་འོག་ལུས་རྣམ་བཞག་གི་བར་དུ་བཤད་པའི་ཕྱིར། དང་པོ་གྲུབ་སྟེ། ཉི་སྣང་ལས། ཆོས་ཀྱི་སྐུའི་སྐབས་བསླབ་པའི་འབྲས་བུའི་ལེའུ་སྟེ་བརྒྱད་པའོ། །འོན་ཏེ་གླེང་གཞིའི་ལེའུ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། འགྲེལ་ཆེན་ལས། བྱ་བ་རྩོམ་པའི་དགོས་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པའི་གསང་བ་བསྟན་པའི་དབང་དུ་བྱས། ཞེས་སོགས་ཀྱིས་འདི་སྐད་དང་བདག་ཐོས་ཞེས་སོགས་བཤད་པའི་ཕྱིར། དེ་སྐད་དུ་རྣམ་བཤད་ལས། མཆོད་བརྗོད་དང་གླེང་གཞི་སློབ་དཔོན་དང་འཕགས་པ་གཉིས་ཀས་མ་སྦྱར་ཞིང༌། ཞེས་གསུངས་པའི་ཕྱིར། ཡང་རོང་ཊཱིཀ་པ་ན་རེ། དེ་གཉིས་42མི་མཐུན་པའི་སྐྱོན་མེད་དེ། མཆོད་བརྗོད་ཀྱི་གོ་རིམ་དེ་ཉན་ཐོས་ཀྱི་རིགས་ཅན་ཐེག་པ་གསུམ་ལ་རིམ་གྱིས་འཇུག་པའི་ཆེད་ཡིན་པའི་ཕྱིར་ཟེར་ན། འོ་ན། མངོན་རྟོགས་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་ཡོད་པར་ཐལ། མཆོད་བརྗོད་ཀྱི་གོ་རིམ་ཉན་ཐོས་ཀྱི་རིགས་ཅན་ལ་དེའི་ཕྱིར། ཁྱབ་ཅིང་འདོད་མི་ནུས་ཏེ། ཐེག་ཆེན་ཐུན་མོང་མ་ཡིན་པའི་བསྟན་བཅོས་ཡིན་པའི་ཕྱིར། དེར་ཐལ། འདིར་ནི་ཐེག་ཆེན་གྱི་རིགས་ཅན་ཁོ་ན་ལམ་ལ་ཐོས་སོགས་ཀྱིས་འཇུག་ཆེད་དུ་གཙོ་བོར་གསུངས་པའི་ཕྱིར། རྣམ་བཤད་ལས། འདིར་ནི་ཐེག་པ་ཆེན་པོའི་རིགས་ཅན་འབའ་ཞིག་ཡུམ་ལ་དང་བ་བསྐྱེད་ནས་ཐོས་སོགས་ཀྱིས། ཞེས་གསུངས་པའི་ཕྱིར། ཡང་དམ་པ་ཁ་ཅིག་ན་རེ།.....རེད་མདའ་ཟེར། དེའི་སྐྱོན་མེད་དེ། གདུལ་བྱ་ཐེག་པ་གསུམ་ལ་རིམ་གྱིས་གཞུག་པའི་ཆེད་དུ་དེ་ལྟར་བསྟན་ཟེར་ན། བཞེད་ཚུལ་དེ་ཡང་མི་འཐད་པར་ཐལ། སྤྱིར་གདུལ་བྱ་ཐེག་པ་གསུམ་ལ་རིམ་གྱིས་འཇུག་པ་སྲིད་ཀྱང་མཆོད་བརྗོད་ཀྱི་སྐབས་ནས་ཀྱང་དེའི་ལམ་སྟོན་པ་སྐབས་སུ་མ་བབས་པའི་ཕྱིར། དེར་ཐལ། འདིར་ཐེག་ཆེན་གྱི་རིགས་ཅན་ཁོ་ནའི་ལམ་གཙོ་བོར་བཤད་པའི་སྐབས་ཡིན་པའི་ཕྱིར། རྣམ་བཤད་ལས། དོན་མ་ཡིན་ཏེ། སྤྱིར་དེ་ལྟ་བུའི་གདུལ་བྱ་སྲིད་ཀྱང་སྐབས་འདིར་ནི་ཐེག་པ་ཆེན་པོར་རིགས་ངེས་པའི། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །ལམ་ཤེས་ཐོབ་པ་ལ་དེ་སྔོན་དུ་འགྲོ་དགོས་43པས་དེ་ལྟར་ཡིན་ཟེར་ན། རིགས་ངེས་བྱང་སེམས་སྦྱོར་ལམ་ཆོས་མཆོག་པའི་རྒྱུད་ལ་གཞི་ཤེས་ཡོད་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་འཕགས་ལམ་ཡིན་པའི་ཕྱིར་ཏེ། ཉི་སྣང་ལས། འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རྣམ་པ་རྣམས་བསྡུས་པར་འགྱུར་བ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འཕགས་པ་ཟུར་དུ་དམིགས་ཀྱིས་བསལ་བའི་དགོས་པ་ཡོད་པའི་ཕྱིར། ཡང་ཁ་ཅིག ལམ་ཤེས་ཐོབ་པ་ལ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སྔོན་དུ་འགྲོ་དགོས་པར་འདོད་པ་རྒྱུ་མཚན་ཟེར་བ་ཡང་སྔ་མ་དེས་ཁེགས་སོ། །

(42) པར་ཐེངས་གཉིས་པ། མི་མཐུན་ཀྱང།

(43) པར་ཐེངས་གཉིས་པ། པའི་ཕྱིར་དེ་ལྟར།

    ཡང་ཁ་ཅིག །སྐྱེས་བུ་ཆེན་པོའི་ལམ་རྒྱུད་ལ་སྐྱེ་བ་ལ་སྐྱེས་བུ་འབྲིང་གི་ལམ་ལ་བློ་སྦྱོང་བ་སྔོན་དུ་འགྲོ་དགོས་པས་དེ་ལྟར་བཤད་དོ་ཟེར་བ་ཡང་མི་འཐད་པར་ཐལ། འབྲིང་དང་ཐུན་མོང་གི་ལམ་ལ་བློ་སྦྱོང་དགོས་ཀྱང་འབྲིང་གི་ལམ་དངོས་ལ་འཁྲིད་མི་རིགས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཡུམ་སྲས་ཡིན་ན་བསྐྱེད་བྱ་སྐྱེད་བྱེད་ཡིན་དགོས་ཏེ། རྣམ་བཤད་ལས། མཁྱེན་པ་སྔ་མས་འཕགས་པ་ཕྱི་མ་སྐྱེད་ཅིང༌། ཞེས་གསུངས་པའི་ཕྱིར་ཟེར་ན། འོ་ན། སྐྱེ་འཕགས་ཀྱི་ཡུམ་གྱི་གཞི་མཐུན་ཡོད་པར་ཐལ། བྱང་སེམས་སྦྱོར་ལམ་ཆོས་མཆོག་གི་ཡེ་ཤེས་དེ་དེ་ཡིན་པའི་ཕྱིར། དེར་ཐལ། དེ་རང་སྲས་སྐྱེ་འཕགས་གཉིས་ཀའི་ཡུམ་ཡིན་པའི་ཕྱིར། དེར་ཐལ། རང་སྲས་སྦྱོར་ལམ་པའི་ཡུམ་གང་ཞིག རང་སྲས་བྱང་སེམས་མཐོང་ལམ་པའི་ཡུམ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། དེ་ཆོས་ཅན། ཁྱོད་རང་སྲས་བྱང་སེམས་སྦྱོར་ལམ་པའི་ཡུམ་ཡིན་པར་ཐལ། ཁྱོད་དེའི་ལམ་ཡིན་པའི་ཕྱིར། ཁྱབ་སྟེ། དེའི་ཡུམ་དང༌། དེའི་མཁྱེན་པ་དང༌། དེའི་ལམ་དང༌། དེའི་མངོན་རྟོགས་རྣམས་དོན་གཅིག་ཡིན་པའི་ཕྱིར། དེར་ཐལ། དེའི་རྒྱུ་མཚན་གྱིས་ཡུམ་སྲས་ལ་དུས་མཉམ་པས་ཁྱབ་པའི་ཕྱིར། གསེར་ཕྲེང་ལས། སྲས་གང་ཟག་དང་ཡུམ་མངོན་རྟོགས་ཡིན་པས་དུས་མི་མཉམ་པ་མི་རུང་བའི་ཕྱིར་རོ ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་ཁྱོད་ལ་ཁས་སོ། །གཞན་ཡང། རྒྱུན་མཐའི་བར་ཆད་མེད་ལམ་44དེ་སངས་འཕགས་ཀྱི་ཡུམ་ཡིན་པར་ཐལ། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་དེ་ཐེག་ཆེན་མཐོང་ལམ་རྣམ་གྲོལ་ལམ་པ་བའི་ཡུམ་ཡིན་པའི་ཕྱིར། རྟགས་ཁས། དེར་ཐལ། བྱང་སེམས་ཀྱི་སྦྱོར་ལམ་ཆོས་མཆོག་དེ་བྱང་སེམས་མཐོང་ལམ་པའི་ཡུམ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་སུ་འགལ། རྩ་བར་འདོད་ན། དེ་ཆོས་ཅན། འབྲས་ཡུམ་ཡིན་པར་ཐལ། སངས་འཕགས་ཀྱི་ཡུམ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྒྱུ་ལམ་ཤེས་ཡིན་པའི་ཕྱིར། ཁྱབ་སྟེ། འབྲས་བུ་ལམ་ཤེས་དང་འབྲས་ཡུམ་དོན་གཅིག་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། བྱང་འཕགས་ཀྱི་མངོན་རྟོགས་ཡིན་པའི་ཕྱིར།

(44) པར་ཐེངས་གཉིས་པ། དེ་ཡང་སངས་འཕགས།

    དེ་ལ་ཁ་ཅིག་ན་རེ། སྙིང་རྗེ་ཆེན་པོ་ཆོས་ཅན། མངོན་རྟོགས་ཡིན་པར་ཐལ། ཡུམ་ཡིན་པའི་ཕྱིར། རྒྱུད་བླ་མ་ལས། བདེ་བའི་མངལ་གནས་སྙིང་རྗེའི་མ་མ་ཅན། །གང་ཡིན་དེ་དག་ཐུབ་པའི་རྗེས་སྐྱེས་སྲས། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། མ་མ་ནི་གསོ་མཁན་ལས་ཡུམ་དངོས་སུ་མ་གྲགས་པའི་ཕྱིར། འོ་ན། བརྒྱད་སྟོང་པ་ཆོས་ཅན། ཤེར་ཕྱིན་ཡིན་པར་ཐལ། མདོ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འབྲི་བ་དང༌། ཞེས་གསུངས་པའི་ཕྱིར། ཁྱབ་པ་འགྲིག གཞན་ཡང༌། མཁྱེན་པ་དེ་གང་ཟག་དེའི་ཡུམ་ཡིན་ན་དེའི་རྒྱུ་ཡིན་དགོས་པ་མི་འཐད་པར་ཐལ། མཁྱེན་པ་དེས་རང་རྒྱུད་ལྡན་གྱི་གང་ཟག་གི་དོན་ཆེན་པོ་སྒྲུབ་པས་བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་དང༌། དེས་གང་ཟག་དེའི་རྒྱུད་ཀྱི་ཟག་མེད་ཀྱི་ཕུང་པོ་གསོ་བས་གསོ་བྱེད་ཀྱི་ཡུམ་དང༌། གོང་ནས་གོང་དུ་སྐྱེད་པས་སྐྱེད་བྱེད་ཀྱི་ཡུམ་ཡིན་གྱི། དེའི་ཡུམ་སྲས་མ་བུ་ལྟར་སྔ་ཕྱི་མི་རུང་བའི་ཕྱིར། དང་པོ་གྲུབ་སྟེ། ཉི་ཁྲི་དག་ལྡན་ལས། འདི་ཇི་ལྟར་དེ་རྣམས་ཀྱི་ཡུམ་དུ་འགྱུར་ཞེ་ན། ཇི་སྐད་བཤད་པའི་དོན་ཆེན་པོ་གསུམ་ཐོབ་པའི་ཕྱིར་ཏེ། གང་45ཡང་སྐྱེ་བོ་རྣམས་ཕན་པ་ཆེན་པོ་འདོགས་པ་དེ་ནི་འཇིག་རྟེན་ན་མ་ཞེས་བྱ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྣམ་པར་མི་རྟོག་པར་བསྟོད་པ་ལས། དཔའ་བོ་དག་ནི་ཐམས་ཅད་ཀྱི། །གསོ་མཛད་སྐྱེད་པར་མཛད་པ་སྟེ། །ཁྱོད་ནི་བྱམས་མའི་ཡུམ་ལགས་སོ། །ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། དག་ལྡན་ལས། དེའི་ཕྱིར་དོན་གྱིས་བསྐྱེད་པ་དང་གསོ་བ་ཡིན་པར་ཤེས་པར་བྱའོ། །དེའི་ཕྱིར་ཡང་འདི་ཡུམ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། བཞི་པ་གྲུབ་སྟེ། གསེར་ཕྲེང་ལས། འདིར་མངོན་རྟོགས་ཡུམ་དང་གང་ཟག་སྲས་སུ་འཇོག་པ་ནི་མ་དང་བུ་ལྟར་ངོ་བོ་བསྐྱེད་པས་འཇོག་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། མཆོད་བརྗོད་ཀྱིས་མཁྱེན་གསུམ་ལ་རང་སྲས་འཕགས་བཞིའི་ཡུམ་བྱེད་ཚུལ་སྒོས་མ་བསྟོད་པར་ཐལ། དང་པོས་གཞི་ཤེས་ལ་རང་རྒྱུད་ལྡན་གྱི་ཡུམ་བྱེད་ཚུལ་སྒོས་མ་བསྟོད། གཉིས་པས་ལམ་ཤེས་ལ་དེ་ལྟར་མ་བསྟོད། གསུམ་པས་རྣམ་མཁྱེན་ལ་དེ་ལྟར་མ་བསྟོད་པའི་ཕྱིར། འགྲེལ་པ་ལ་ཡང་དེ་ལྟར་བརྗོད་པར་བྱའོ། །ཡང་ཁ་ཅིག མཆོད་བརྗོད་ཀྱི་ཡུམ་ལ་མཁྱེན་གསུམ་གང་རུང་གིས་ཁྱབ་ཟེར་ན། སྦྱོར་བཞི་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། དོན་མངོན་པར་རྟོགས་པ་བརྒྱད་མཁྱེན་པ་གསུམ་དུ་བསྡུས་ནས་དངོས་སུ་བསྟོད་པའི་ཕྱིར་ཏེ། འགྲེལ་པ་ལས། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ནི་དོན་བརྒྱད་བསྡུས་ལ། ནས། ཞེས་དེ་ལྟར་ཐུགས་ལ་བཞག་ནས། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དང་པོ་ནས་ཐེག་ཆེན་གྱི་རིགས་ངེས་ཀྱི་སྦྱོར་བཞིའི་དང་པོ་གསུམ་ལ་སོ་སྐྱེའི་ལམ་དུ་མ་ཡོད་པའི་ཕྱིར། ཡང་ཁ་ཅིག།། མཆོད་བརྗོད་དངོས་བསྟན་གྱི་ཡུམ་ལ་བསྟན་བྱའི་གཙོ་བོ་ཡིན་པས་ཁྱབ་ཟེར་ན། མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཉན་ཐོས་ཀྱི་མཐོང་ལམ་ཆོས་ཅན། དེར་ཐལ། 46དེའི་ཕྱིར། རྐང་པ་དང་པོ་ཉན་ཐོས་སློབ་པ་ཉེར་ཞིར་འཁྲིད་པའི་ཡུམ་47ཡིན་པར་བཤད་པའི་ཕྱིར། འདོད་མི་ནུས་ཏེ། དང་པོའི་དངོས་བསྟན་ཕལ་པ་ཡིན་པའི་ཕྱིར། དེར་ཐལ། ས་བཅུའི་མི་རྟག་སོགས་རྟོགས་པའི་གཞི་ཤེས་དངོས་བསྟན་གཙོ་བོ་དང་ཉན་ཐོས་འཕགས་པའི་དེ་རྣམས་དངོས་བསྟན་ཕལ་བ་ཡིན་པའི་ཕྱིར། དེར་ཐལ། ས་བཅུའི་ཉན་ཐོས་ཀྱི་48རྟོགས་རིགས་ཀྱི་གཞི་ཤེས་རྣམས་དངོས་བསྟན་དང༌། ས་བཅུའི་རང་རྒྱལ་གྱི་རྟོགས་རིགས་ཀྱི་གཞི་ཤེས་རྣམས་ཤུགས་བསྟན་ཡིན་པའི་ཕྱིར། རྣམ་བཤད་ལས། གཞི་ཤེས་ཀྱང་འོག་ནས་མདོའི་དྲིས་ལན་གྱི་དོན་བསྡུ་བའི་སྐབས་ནས་བཤད་པ་ལྟར་མི་རྟག་སོགས། ཞེས་གསུངས་པའི་ཕྱིར།

(45) པར་ཐེངས་གཉིས་པ། ཡང་སོ་སྐྱེ་རྣམས།

(46) པར་ཐེངས་གཉིས་པ། དེའི་ཕྱིར། རྟགས་གྲུབ་སྟེ། རྐང་པ་དང་པོའི་དངོས་བསྟན་གྱི་ཉན་ཐོས།

(47) པར་ཐེངས་གཉིས་པ། ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྐང་པ་དང་པོའི།

(48) པར་ཐེངས་གཉིས་པ། རྟོགས་རིགས་རྣམས།

    རང་ལུགས་ལ། ཡུམ་གྱི་མཚན་ཉིད་དང༌། གོ་རིམ་དང༌། གྲངས་ངེས་དང༌། ཡུམ་སྲས་ཀྱི་དོན་དང༌། བསྟོད་ཡུལ་གྱི་མཁྱེན་གསུམ་ངོས་བཟུང་བ་དང་ལྔ། དང་པོ་ནི། རང་སྲས་སྐྱེས་བུའི་བཞེད་དོན་སྒྲུབ་བྱེད་ཀྱི་མཁྱེན་པ་དེ་ཡུམ་གྱི་མཚན་ཉིད། སྐབས་བསྟན་ལ་ཡང་དེ་ལྟར་སྦྱར། ཡུམ་དང༌། མཁྱེན་པ་དང༌། ལམ་དང༌། མངོན་རྟོགས་བཞི་དོན་གཅིག གཉིས་པ་ནི། མཆོད་བརྗོད་དང་གཞུང་གི་མཁྱེན་གསུམ་གོ་རིམ་མི་གཅིག་ཀྱང་སྐྱོན་མེད་དེ། མཆོད་བརྗོད་ཀྱི་རིམ་པ་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱའི་ལམ་སྐྱེ་རིམ་བསྟན་པའི་ཆེད་ཡིན། ལུས་ཀྱི་སྐབས་སུ་དང་པོར་རྣམ་མཁྱེན་བཤད་པ་སོགས་ནི་དགོས་པའི་དབང་གིས་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། སྐྱེས་བུ་ཆེན་པོའི་ལམ་རྒྱུད་ལ་སྐྱེ་བ་ལ་གཞི་ཤེས་ཀྱི་མི་རྟག་སོགས་བཅུ་དྲུག་གིས་བསྡུས་པའི་འབྲིང་དང་ཐུན་མོང་བའི་ལམ་ལ་བློ་སྦྱོང་བ་སྔོན་དུ་འགྲོ་དགོས་པས་དང་པོར་གཞི་ཤེས་དང༌། དེ་ནས་ལམ་ཤེས། དེ་ནས་རྣམ་མཁྱེན་ལ་བསྟོད་པའི་ཕྱིར། འགྲེལ་ཆེན་ལས། ཐམས་ཅད་ཤེས་པ་ཉིད་ཀྱི་སྒོས་འཇུག་པ་དང༌། ཞེས་གསུངས་པའི་ཕྱིར། དེ་སྐད་དུ་རྣམ་བཤད་ལས། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཉིད་ལམ་ལ་འཇུག་པའི་རིམ་པ་དང་མཐུན་པར་བསྟོད་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱས་དང་པོར་ཐོས་བསམ་གྱིས་རྣམ་མཁྱེན་ཤེས་ནས་དོན་གཉེར་དགོས་པས་རྣམ་མཁྱེན་དང་པོར་བཤད། དེ་ཡང་རིགས་ཅན་གསུམ་གྱི་དོན་བྱེད་པའི་ལམ་ཤེས་དགོས་པས་དེ་རྗེས་ལམ་ཤེས་དང༌། དེ་ལ་ཡང་གཞི་ཤེས་ཀྱི་ཡུལ་ཡང་ཤེས་དགོས་པས་དེ་གསུམ་པར་བཤད་པའི་ཕྱིར། འགྲེལ་ཆེན་ལས། དེ་ལ་འབྲས་བུ་བསྟན། ཞེས་པ་ནས། དེའི་འོག་ཏུ་ཐམས་ཅད་ཤེས་པ་ཉིད་དོ། །ཞེས་གསུངས་པའི་49ཕྱིར། དངོས་ཀྱི་བསྟོད་ཡུལ་གྱི་ཡུམ་ལ་གསུམ་དུ་གྲངས་ངེས་ཏེ། དེ་ལ་གསུམ་དབྱེར་ཡོད། དེ་ལས་མང་མི་དགོས། ཉུང་ན་མི་འདུ་བའི་ཕྱིར། དེར་ཐལ། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱས་དོན་གཉིས་ཕུན་ཚོགས་སྒྲུབ་པ་ལ་མཁྱེན་གསུམ་ཉམས་ལེན་གྱིས་ཆོག་པའི་ཕྱིར། རང་དོན་ཕུན་ཚོགས་ལ་དེ་གསུམ་གྱིས་ཆོག །གཞན་དོན་ཕུན་ཚོགས་ལ་ཡང་དེ་གསུམ་ཉམས་སུ་བླངས་པས་འགྲུབ་པའི་ཕྱིར། དང་པོ་གྲུབ་སྟེ། རང་དོན་རྟོགས་པ་ཕུན་ཚོགས་ལ་རྟོགས་པ་མཐར་ཐུག་གི་མཁྱེན་པ་གསུམ་དུ་ངེས་ཤིང༌། སྤངས་པ་ཕུན་ཚོགས་ཀྱང་གང་ཟག་དང་ཆོས་ཀྱི་བདག་འཛིན་ཕྲ་རགས་གཉིས་དང་དེ་གསུམ་སྤོང་བྱེད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་གཞི་ཤེས་དང་གཟུང་འཛིན་རྫས་གཞན་གྱིས་སྟོང་པར་རྟོགས་པའི་གཞི་ཤེས་དང་ཆོས་ཐམས་ཅད་བདེན་མེད་དུ་རྟོགས་པའི་ལམ་ཤེས་དང་རྣམ་མཁྱེན་གྱི་ཉམས་ལེན་གསུམ་གྱིས་འགྲུབ་པའི་50ཕྱིར། གཉིས་པ་གྲུབ་སྟེ། གཞན་དོན་རིགས་ཅན་གསུམ་གྱི་ཉན་ཐོས་རིགས་ཅན་ལ་མི་རྟག་སོགས་རྟོགས་པའི་གཞི་ཤེས་དང༌། རང་རྒྱལ་རིགས་ཅན་ལ་གཟུང་འཛིན་གཉིས་མེད་ཀྱི་གཞི་ཤེས་དང༌། ཐེག་ཆེན་རིགས་ཅན་ལ་ལམ་ཤེས་དང་རྣམ་མཁྱེན་ཉམས་ལེན་གྱི་ལམ་ཁོ་ནས་འགྲུབ་པའི་ཕྱིར། རྣམ་བཤད་ལས། གདུལ་བྱ་རིགས་ཅན་གསུམ་ཀ་རྗེས་སུ་འཛིན་པར་འདོད་པས། ཞེས་སོ། །བཞི་པ་ནི། ཡུམ་སྲས་ཡིན་ན་བསྐྱེད་བྱ་སྐྱེད་བྱེད་ཀྱི་ཡུམ་སྲས་དང༌། བཞེད་དོན་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་ཡུམ་སྲས་དང༌། གསོ་བྱ་གསོ་བྱེད་ཀྱི་ཡུམ་སྲས་ཡིན་པས་ཁྱབ་སྟེ། རྣམ་བཤད་གསེར་ཕྲེང་དག་ལྡན་རྒྱན་རྩ་འགྲེལ་རྣམས་ཀྱི་དགོངས་པ་ཡིན་པའི་ཕྱིར། ལྔ་པ་ནི། མི་རྟག་སོགས་བཅུ་དྲུག་གང་རུང་དངོས་སུ་རྟོགས་པའི་གཞི་ཤེས་དེ་ཚིག་རྐང་དང་པོའི་དངོས་བསྟན་གྱི་ཡུམ་གྱི་མཚན་གཞི། དེས་གཞན་གཉིས་ཀྱང་ཤེས་པར་སླ།

(49) པར་ཐེངས་གཉིས་པ། ཕྱིར། གསུམ་པ་ནི། དངོས་བསྟན་གྱི་བསྟོད།

(50) པར་ཐེངས་གཉིས་པ། ཕྱིར། དང་པོ་གྲུབ་སྟེ། རང་དོན་རྟོགས་པ་ཕུན་ཚོགས་སླ། གཉིས་པ་གྲུབ་སྟེ།

    རྩོད་སྤོང་ལ་ཁོ་ན་རེ། ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། ཉན་ཐོས་མཐོང་ལམ་བར་ཆད་མེད་ལམ་པའི་སྐྱེད་བྱེད་ཀྱི་ཡུམ་ཡིན་པར་ཐལ། དེའི་ཡུམ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེའི་སྐྱེད་བྱེད་ཡིན་པར་ཐལ། དེའི་སྐྱེད་བྱེད་ཀྱི་ཡུམ་ཡིན་པའི་ཕྱིར་ན་འགལ་ཁྱབ་པོ། །ཡང་ཉན་ཐོས་མཐོང་ལམ་བར་ཆད་མེད་ལམ་པ་ཆོས་ཅན། ཉན་ཐོས་མཐོང་ལམ་བར་ཆད་མེད་ལམ་གྱི་བསྐྱེད་བྱའི་སྲས་ཡིན་པར་ཐལ། དེ་ཁྱོད་ཀྱི་སྐྱེད་བྱེད་ཀྱི་ཡུམ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་དེའི་བསྐྱེད་བྱ་ཡིན་པར་ཐལ། ཁྱོད་དེའི་བསྐྱེད་བྱའི་སྲས་ཡིན་པའི་ཕྱིར་ན་ཡང་འགལ་ཁྱབ་པོ། །ཡང་དེ་ཆོས་ཅན། ཁྱོད་དེའི་སྐྱེད་བྱེད་ཀྱི་ཡུམ་མ་ཡིན་པར་ཐལ། ཁྱོད་དེའི་སྐྱེད་བྱེད་མ་ཡིན་པའི་ཕྱིར་ན་མ་ཁྱབ་པོ། །ཡང་ཁོ་ན་རེ། མཆོད་བརྗོད་ཀྱི་ཡུམ་བྱེད་ཚུལ་གྱིས་བསྟོད་པ་ཐབས་ཤེས་གཉིས་ཀྱི་ཤེས་རབ་ཀྱི་ངོ་བོའི་ལྡོག་ཆ་ཁོ་ནས་བསྟོད་པར་ཐལ། མཆོད་བརྗོད་ཀྱིས་མཁྱེན་གསུམ་ལ་སྐྱེ་མེད་ཀྱི་རྣམ་པས་བསྟོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། གཞི་ཤེས་ལ་གང་ཟག་གི་བདག་མེད་རྟོགས་པས་བསྟོད། ལམ་ཤེས་ལ་ལམ་གསུམ་བདེན་མེད་རྟོགས་པས་བསྟོད། རྣམ་མཁྱེན་ལ་ཆོས་ཐམས་ཅད་བདེན་མེད་རྟོགས་པས་བསྟོད་པའི་ཕྱིར། དང་པོ་གྲུབ་སྟེ། འགྲེལ་པ་ལས། གཞི་ཐམས་ཅད་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ། ཞེས་གསུངས་པའི་ཕྱིར། གཉིས་གྲུབ་སྟེ། འགྲེལ་པ་ལས། ལམ་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པའི། ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། འགྲེལ་པ་ལས། རྣམ་པ་ཐམས་ཅད་སྐྱེ་བ་མེད་པར་ཐུགས་སུ་ཆུད་པ། ཞེས་གསུངས་པའི་ཕྱིར། དེ་གསུམ་ནི། མདོ་ལས། མ་ནི་ཤེས་རབ་ཅེས་པའི་ཚུལ་གྱིས་བསྟོད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སྐྱེད་བྱེད་ཀྱི་ཡུམ་དང༌། གསོ་བྱེད་ཀྱི་ཡུམ་དང༌། བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་བྱེད་ཚུལ་གསུམ་གྱིས་བསྟོད་པའི་ཕྱིར། དང་པོ་གྲུབ་སྟེ། འགྲེལ་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཚུལ་གསུམ་པ་ཅན། སངས་རྒྱས་ལ་སོགས་པ་བསྐྲུན་པར་མཛད་པ་ནི། ཞེས་གསུངས་པའི་ཕྱིར། གཉིས་པ་དང་གསུམ་པ་ནི། རྩ་བར། ཉེར་ཞིར་འཁྲིད་དང༌། འཇིག་རྟེན་དོན་སྒྲུབ་དང༌། འདི་གསུངས་པ་ཞེས་པའི་དོན་གྲུབ་པའི་ཕྱིར། དེ་གསུམ་ནི། རྒྱུད་བླ་མ་ལས། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་བསྐྱེད་མ་དང༌། ཞེས་པའི་བསྐྱེད་མ་ཞེས་པའི་ཡུམ་བྱེད་ཚུལ་དང་དག་ལྡན་ལྟར་བསྟོད་པའི་ཕྱིར།

                                                                                                                           རྩོམ་སྒྲིག་པ། མང་ར་བ།

 

            གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།