ཀུན་མཁྱེན་ཕར་ཕྱིན་ལས་བྱམས་གཞུང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-12-05 20:34:55     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 327140103195357364.jpg

    གཉིས་པ་འགྲེལ་པ་རྩོམ་རིགས་པར་བསྒྲུབ་པ་ལ། འགྲེལ་པ་ལས། 23དེ་ལྟར་མཁས་པས་ཞེས་པ་ནས། མཁས་པ་རྣམས་ཀྱིས་དབྱེ་བའི་རིགས། །ཞེས་བྱུང༌། གསུམ་པ། ཁེངས་སྐྱུངས་དང་སྤྲོ་བ་ནི། འགྲེལ་པ་ལས། རྣམ་པ་ཀུན་ཏུ་བདག་གི་ནི། །ཞེས་སོགས་ཚིགས་བཅད་གཅིག་བྱུང༌།

(23) པར་ཐེངས་གཉིས་པ། འགྲོ་ལ་ཆགས་པའི་ཀུན་ཆགས་མཛད། །ནས། མཁས་པ་རྣམས།

    གཉིས་པ་བཤད་པ་ཉིད་འགོད་པ་ལ་མཆོད་བརྗོད་དང༌། རྒྱས་པར་བཤད་པ་དང༌། བསྡུས་དོན་གཞན་བཤད་པ་གསུམ། དང་པོ་ལ། མཚམས་སྦྱར། རྩ་བ། འགྲེལ་པ་གསུམ། དང་པོ་ནི། འགྲེལ་པ་ལས། འཕགས་པ་བྱམས་པ་རང་ཉིད་དམ་པའི་སྤྱོད་པ་དང་མཐུན་པར་རབ་ཏུ་སྟོན་པས། ནས། ཕྱག་འཚལ་བ། ཞེས་བྱུང༌། འདི་ལ་འཕྲོས་སྦྱོར་མཐའ་དཔྱད་གསུམ། དང་པོ་ནི། ཤེས་རབ་ཕ་རོལ་ནས་སྤྲོ་བ་སྐྱེས། ཞེས་པའི་བར་གྱི་གཞུང་གིས་རྒྱན་གྱི་དོན་འཆད་པར་སྤྲོ་བར་བཤད་ནས། མངོན་རྟོགས་རྒྱན་གྱི་དོན་བཤད་ཐབས་ལྔས་འཆད་ཅིང༌། ཁྱད་པར་དུ་མཆོད་བརྗོད་ལྔའི་སྒོས་བཤད་པའི་མཁྱེན་གསུམ་བསྟོད་པའི་དགོས་པ་དང༌། ཡུམ་དོན་གཟིགས་ཚུལ་མཚམས་སྦྱར་གྱིས་འཆད་པར་འདི་བྱུང༌། རྣམ་བཤད་རིག་པ་ལས། མདོ་དོན་སྨྲ་བ་དག་གིས་ནི། །དགོས་པ་བསྡུས་པའི་དོན་བཅས་དང༌། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། རྗེ་བཙུན་གྱིས་རྒྱན་རྩོམ་པའི་ཐོག་མར་ཡུམ་མཁྱེན་གསུམ་བསྟོད་པ་ལ་ཆོས་ཅན། དགོས་པ་གཉིས་ཡོད་དེ། རང་དོན་གྱི་དགོས་པ་རང་ཉིད་དམ་པའི་སྤྱོད་པ་དང་མཐུན་པར་བསྟན་པའི་ཆེད་དང༌། གཞན་དོན་གྱི་དགོས་པ་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་མཁྱེན་གསུམ་ལ་ཡོན་ཏན་མཐོང་ནས་མི་ལྡོག་པའི་དང་བ་བསྐྱེད་པའི་ཆེད་དུ་མཁྱེན་གསུམ་གྱི་ཡོན་ཏན་འཕགས་བཞི་སྐྱེད་ཚུལ་སོགས་ཇི་ལྟ་བ་བཞིན་སྒྲོ་སྐུར་མེད་པར་མཉམ་བཞག་གིས་གཟིགས་ནས་བསྟོད་པའི་ཕྱིར།

24  མཐའ་དཔྱད་པ་ལ། དགག་བཞག་སྤང་གསུམ་ལས། དང་པོ་ལ་ཁ་ཅིག རྗེ་བཙུན་བྱམས་པ་སངས་འཕགས་ཡིན་ཟེར། ལ་ལ་རྗེ་བཙུན་བྱམས་པ་བྱང་སེམས་ཡིན་ཟེར་ན། འོ་ན། རྗེ་བཙུན་བྱམས་པ་ལ་སངས་རྒྱས་དང་བྱང་སེམས་གཉིས་མེད་པར་ཐལ། རྗེ་བཙུན་བྱམས་པ་སངས་རྒྱས་ཡིན་པའི་ཕྱིར། རྟགས་དམ་བཅའ་དང་པོ་ལ་ཁས། འདོད་མི་ནུས་ཏེ། དེ་ལ་སངས་རྒྱས་གཅིག་ཡོད་པ་གང་ཞིག དེ་ལ་བྱང་སེམས་གཅིག་ཀྱང་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། རྡོ་རྗེ་གདན་དུ་འཚང་རྒྱ་ཚུལ་བསྟན་པའི་རྗེ་བཙུན་བྱམས་པ་དེ་རྗེ་བཙུན་བྱམས་པ་དང་སངས་རྒྱས་འཕགས་པའི་གཞི་མཐུན་ཡིན་པའི་ཕྱིར། དེ་དེ་ཡིན་པར་ཐལ། བསྐལ་བཟང་སངས་རྒྱས་སྟོང་གི་ནང་གི་རྗེ་བཙུན་བྱམས་པ་ཡོད་པའི་ཕྱིར། བྱམས་པ་ལུང་བསྟན་པའི་མདོ་ལས། འབྱུང་པོ་ཀུན་ལ་ཐུགས་བརྩེ་བ། །བྱམས་པ་རྐང་གཉིས་རྣམས་ཀྱི་མཆོག །ལོ་ནི་དྲུག་ཁྲི་དག་ཏུ་ཡང༌། །དམ་པའི་ཆོས་ནི་སྟོན་པར་འགྱུར། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྗེ་བཙུན་བྱམས་པ་ལ་སློབ་མི་སློབ་གཉིས་ཡོད་པའི་ཕྱིར། དེར་ཐལ། །རྗེ་བཙུན་བྱམས་པ་འདི་སློབ་ལམ་དུ་བྱམས་པ་བསྒོམས་ཤིང་སྨོན་ལམ་གནང་བས། དེ་ནས་བཟུང་སློབ་མི་སློབ་ཐམས་ཅད་དུ་བྱམས་པའི་མཚན་ཅན་དུ་གྱུར་པ་དེ་ཡིན་པའི་ཕྱིར། ཤེར་མདོ་ལས། སློབ་པ་དང་མི་སློབ་པའི་གནས་སྐབས་ཐམས་ཅད་དུ་བྱམས་པ་ཞེས་པའི་མཚན་མི་འདོར་བའི། ཞེས་གསུངས་པའི་ཕྱིར། གཞན་ཡང༌། ཉེ་བའི་སྲས་བརྒྱད་མེད་པར་ཐལ། རྗེ་བཙུན་བྱམས་པ་སངས་རྒྱས་ཡིན་པའི་ཕྱིར། གཞན་ཡང༌། བསྐལ་བཟང་གི་སངས་རྒྱས་སྟོང་མེད་པར་ཐལ། འཁོར་བ་འཇིག་དང་པོ་དང། གསེར་ཐུབ་གཉིས་པ། འོད་སྲུང་གསུམ་པ། ཤཱཀྱ་ཐུབ་པ་བཞི་པ་དང༌། འཁོར་བསྒྱུར་དུང་གི་མདུན་ན་འདོན་བྲམ་ཟེ་ཚངས་རབ་ཀྱི་སྲས་པོ་བྱམས་པ་དེ་ལྔ་པ་མ་ཡིན་པའི་ཕྱིར། དེར་ཐལ། དགའ་ལྡན་རྟེན་ཅན་གྱི་རྗེ་བཙུན་བྱམས་པ་སངས་རྒྱས་མ་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། དགའ་ལྡན་རྟེན་ཅན་གྱི་རྗེ་བཙུན་བྱམས་པ་སངས་རྒྱས་སྟོང་གི་ལྔ་པ་ཟེར་ན། དམ་པ་ཏོག་དཀར་བཞི་པ་ཡིན་པར་ཐལ་ལོ། །འདོད་ན། བསྐལ་བཟང་སོགས་དང་འགལ་ལོ། །

(24) པར་ཐེངས་གཉིས་པ། གསུམ་པ་མཐའ་དཔྱད་པ་ལ།

    ཡང་ཁ་ཅིག །རྒྱན་རྩོམ་པ་པོའི་རྗེ་བཙུན་བྱམས་པ་དེ་བྱང་སེམས་ཡིན་ཟེར་ན། འོ་ན། དེ་སྐྱེ་བ་གཅིག་ཐོག་གི་བྱང་སེམས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བྲམ་ཟེ་ཚངས་རབ་ཀྱི་སྲས་བྱམས་མགོན་དེ་སྲིད་པ་ཐ་མའི་བྱང་སེམས་ཡིན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཉན་ས་དང་ཀུན་བཏུས་ལྟར་མིའི་རྟེན་དེ་ལ་གསར་དུ་འཚང་རྒྱ་བར་ཐལ། ཁྱོད་ཉན་ས་དང་ཀུན་བཏུས་ལྟར་མིའི་རྟེན་ཅན་གྱི་སྲིད་པ་ཐ་མའི་བྱང་སེམས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། འདོད་པ་དང་གཟུགས་མེད་ཀྱི་རྟེན་ལ་གསར་དུ་འཚང་རྒྱ་བ་མེད་པའི་ཕྱིར། ལང་གཤེགས་ལས། འདོད་པ་ཁམས་དང་གཟུགས་མེད་ན། །སངས་རྒྱས་རྣམ་པར་འཚང་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱོད་འཚང་རྒྱ་འོ ཞེས་གསུངས་པའི་ཕྱིར། ཡང་གསེར་ཕྲེང་ལས། འཕགས་པ་བྱམས་པ་ཞེས་སོགས་ཀྱི་སྐབས་སུ་མཆོད་བརྗོད་བྱས་པ་ལ་རང་དོན་གྱི་དགོས་པ་དང་སྦྱར་བ་ལ། རོང་ཊཱིཀ་པ་ན་རེ། དེ་ལ་རང་དོན་གྱི་དགོས་པ་མེད་པར་ཐལ། དེའི་རྒྱུད་ལ་རང་དོན་དོན་གཉེར་མེད་པའི་ཕྱིར། སོགས་སྨྲས་སོ། །དེ་ལ་ཁྱབ་པ་མེད་པར་ཐལ། རང་དོན་གྱི་དགོས་པ་རྒྱུད་ལ་ཡོད་ཀྱང་རང་དོན་དོན་གཉེར་ཡོད་མི་དགོས་པའི་ཕྱིར། དེར་ཐལ། རྗེ་བཙུན་སངས་རྒྱས་སུ་ཁས་ལེན་ན། དེ་ལ་རང་དོན་དོན་གཉེར་25མེད་པ་ལ། རང་དོན་གྱི་དགོས་པ་མཐར་ཐུག་དང་ལྡན་པར་མི་འདོད་བཞིན་དུ་ཁས་ལེན་དགོས་པའི་ཕྱིར། དེར་ཐལ། དེས་ན་རོང་ཊཱིཀ་པ་ཁྱོད་ཀྱིས་འགྲེལ་པ་དང་གསེར་ཕྲེང་ལ་རང་དོན་གྱི་དགོས་པ་མེད་པར་བསྒྲུབ་པ་ལ་རང་དོན་དོན་གཉེར་མེད་པ་བཀོད་པ་དང༌། སོགས་སྒྲས་འཕགས་པ་བྱམས་པས་མཉམ་བཞག་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་ཡུམ་ལ་དད་པ་ལེགས་པ་ཐམས་ཅད་ཐོབ་པའི་རྒྱུར་གཟིགས་པ་འགོག་པ་སོགས་ནང་འགལ་བ་དང༌། སངས་རྒྱས་དབང་གིས་ཞེས་པའི་སངས་རྒྱས་བྱམས་པར་འདོད་པ་སོགས་ནི་ཐེག་ཆེན་གྱི་གཞུང་མདོ་བསྟན་བཅོས་ལ་བལྟ་བའི་ངལ་བ་བྱས་ཀྱང་ཞིབ་ཏུ་མ་དཔྱད་པའི་སྐྱོན་ཡིན་པའི་ཕྱིར། རྣམ་བཤད་ལས། རྗེ་བཙུན་ལ་རང་དོན་དོན་གཉེར་མེད་པར་འདོད་པ་སོགས་ནི་ཐེག་པ་ཆེན་པོའི་གཞུང་ལ་ངལ་བ་ཞིབ་ཏུ་མ་བྱས་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། རྟགས་དེ་ལྟར་ངལ་ཙམ་བྱས་ཀྱང་ཞིབ་དཔྱོད་མེད་པའི་སྐྱོན་ཡིན་པར་ཐལ། ཁྱོད་ཀྱིས་རྗེ་བཙུན་སངས་རྒྱས་སུ་བྱེད་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཛད་པའི་སྐབས་མ་ཕྱེད་པའི་སྐྱོན་ཡོད། བྱང་སེམས་སུ་ཁས་ལེན་པའི་དབང་དུ་བྱས་ན་རང་དོན་དོན་གཉེར་མེད་པ་དང་མཉམ་བཞག་གི་ཡུལ་དད་སོགས་ཀུན་རྫོབ་པ་སོགས་མི་འཐད་པའི་ཕྱིར། དང་པོ་གྲུབ་སྟེ། དངོས་པོའི་གནས་ཚོད་ལ་སངས་རྒྱས་ཀྱང་སངས་མ་རྒྱས་པ་ལྟར་སྟོན་པ་དུ་མ་ཡོད་པའི་ཕྱིར། ཁྱབ་སྟེ། དེ་འདྲའི་དངོས་པོའི་གནས་ཚོད་ཀྱི་གོ་སྐབས་དང་ཚུལ་བསྟན་པའི་ཐུན་མོང་གི་གོ་སྐབས་གཉིས་སོ་སོར་མ་ཕྱེད་པའི་སྐྱོན་ཡིན་པའི་ཕྱིར། དེར་ཐལ། དཔེར་ན། རྒྱལ་པོ་གཞོན་ནུ་དོན་གྲུབ་26ཡན་ཆད་བྱང་སེམས་དང་གསར་དུ་འཚང་རྒྱ་ཚུལ་བསྟན་ཀྱང་གནས་ཚོད་ལ་ཡབ་སྲས་མཇལ་བའི་མདོ་ལྟར་བསྐལ་པ་དཔག་མེད་ཀྱི་སྔོན་རྒྱལ་བ་དབང་པོའི་ཏོག་ཏུ་སངས་རྒྱས་པ་བཞིན་དུ་རྗེ་བཙུན་བྱམས་པ་སྐྱེ་བ་གཅིག་ཐོག་གི་ཚུལ་བསྟན་པ་ཡང་དེ་དང་འདྲ་བའི་ཕྱིར། དེར་ཐལ། རྒྱ་ཆེར་རོལ་པ་ལས། སོ་སོ་སྐྱེ་བོ་ཡིན་ཡང་ང་མི་འཆི། །ཞེས་དང༌། རྒྱུད་བླ་མ་ལས། དེ་ལྟར་ཡིད་ཆེས་ལུང་དང་རིགས་པ་ལ། །བརྟེན་ནས་བདག་ཉིད་འབའ་ཞིག་དག་ཕྱིར་དང། །27གང་ཡང་མོས་དགེ་ཕུན་སུམ་ཚོགས་ལྡན་བློ། །དེ་དག་རྗེས་སུ་བཟུང་ཕྱིར་ངས་འདི་བརྩམས། །ཞེས་གསུངས་པ་གཉིས་ཀ་ཡང་ཚུལ་བསྟན་ཡིན་པའི་ཕྱིར་དང༌། རང་ཉིད་འབའ་ཞིག་གི་ཆེད་དུ་བྱེད་པའི་བྱང་འཕགས་མི་ཡོང་བའི་ཕྱིར་དང༌། བྱང་སེམས་སོ་སྐྱེས་ཀྱིས་ཀྱང་གཞན་ལ་སྦྱིན་པའི་འབྲས་བུ་ཡང་དེ་ལ་བསྔོ་བའི་ཕྱིར། རྩ་བར། གནས་དང་དཔུང་གཉེན་གླིང་དང་ནི། །ཞེས་དང༌། བྱང་ཆུབ་ལ་གཞན་སྟོན་པ་དང༌། །དེ་ཡི་རྒྱུ་ནི་ཡོངས་གཏོད་དང༌། །ཞེས་དང༌། སྤྱོད་འཇུག་ལས། བདོག་པ་ཐམས་ཅད་འབྲས་བཅས་ཏེ། །སྐྱེ་བོ་ཀུན་ལ་བཏང་སེམས་ཀྱིས། །ཞེས་གསུངས་པའི་ཕྱིར། ཇི་སྐད་དུ་རྒྱུད་བླ་མའི་ཊཱིཀྐ་ལས། དེ་ལྟར་གསུངས་པ་ཡང་གདུལ་བྱ་ཐུན་མོང་བ་འགའ་ཞིག་རྗེས་སུ་བཟུང་བའི་ཕྱིར་དུ་ཡིན་གྱི། ངེས་པའི་དོན་དུ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་བྱམས་པ་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཟིན་ཏོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་རྗེ་རིན་པོ་ཆེས་ཀྱང་བཞེད་པའི་ཕྱིར། སྔགས་རིམ་ལས། དེ་དག་དངོས་པོ་ལ་སངས་རྒྱས་ཀྱང་28གདུལ་བྱ་ལ་ཐུན་མོང་དུ་སངས་རྒྱས་ཀྱི་མཛད་པ་མི་སྟོན་པ་མི་འགལ་ཏེ། 29དཔེར་ན་ཞིང་འདིར་བདག་ཅག་གི་སྟོན་པའི་འཁོར་དུ་བྱོན་པའི་རྗེ་བཙུན་བྱམས་པ་ལ་སོགས་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། དེས་ན་རྣམ་བཤད་ལས་ཀྱང༌། རྗེ་བཙུན་མངོན་པར་རྫོགས་པར་སངས་རྒྱས་པའི་དབང་དུ་བྱེད་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྐབས་མ་ཕྱེད་པ་ཡིན་ལ། ཞེས་གསུངས་པ་ལེགས་པར་བཤད་དོ། །རྩ་རྟགས་གཉིས་པ་གྲུབ་སྟེ། ཐུན་མོང་གི་སྣང་ཚོད་ལྟར་བྱང་སེམས་སྐྱེ་བ་གཅིག་ཐོགས་པ་ལ་བྱེད་ན་དེའི་རྒྱུད་ལ་རང་དོན་དོན་གཉེར་མེད་པ་ཤིན་ཏུ་མི་འཐད་པའི་ཕྱིར། དེར་ཐལ། ས་བཅུ་པའི་སྐབས་སུ་ཡང་ནད་རོ་ལྟ་བུའི་དྲི་མ་མ་ཟད་པས་ཉི་མ་སྤྲིན་གྱིས་བསྒྲིབས་པ་ལྟར་ཤེས་སྒྲིབ་དང་མ་བྲལ་བས་རང་གི་30དོན་དང་དགོས་པ་མཐར་ཐུག་མ་གྲུབ་བར་དུ་དེ་དོན་གཉེར་ཤིན་ཏུ་དགོས་པའི་ཕྱིར། དེར་ཐལ། དོན་གཉིས་མཐར་ཕྱིན་པ་ལ་རང་གཞན་རེ་རེའི་དོན་ལ་དམིགས་པས་མི་ཆོག་པའི་ཕྱིར། དེར་ཐལ། སེམས་བསྐྱེད་དུས་ཡང་གཞན་དོན་དང་བྱང་ཆུབ་གཉིས་ལ་དམིགས་དགོས། དེའི་རྒྱུ་མཚན་གྱིས་འབྲས་དུས་སུ་ཡང་རང་དོན་སྤངས་རྟོགས་ཀྱི་བྱང་ཆུབ་གཉིས་དང༌། གཞན་དོན་ལོངས་སྤྲུལ་འོང་བའི་ཕྱིར། རྒྱུད་བླ་མ་ལས། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སྒྲིབ་གཉིས་ཀྱི་མྱ་ངན་མ་སྤངས་པར་དོན་གཉིས་མཐར་ཕྱིན་མི་ཐོབ་པའི་ཕྱིར། རྒྱུད་བླ་མ་ལས། དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་ཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་བལྟ་བར་མི་ནུས་བཞིན ཞེས་དང༌། ཐོགས་འགྲེལ་ལས། ཐོགས་པ་མེད་པའི་ཡེ་ཤེས་ཀྱིས་གཟིགས་པ་མངའ་བའི་དེ་བཞིན་གཤེགས་པ་མ་ཐོབ་པར་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་མཚན་ཉིད་མྱ་ངན་འདས་པའི་རྟོགས་པ་མངོན་དུ་བྱེད་པར་མི་འཐད་དེ། འོད་དང་འོད་ཟེར་མ་མཐོང་བར་ཉི་མའི་དཀྱིལ་འཁོར་མི་མཐོང་བ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། ཇི་སྐད་དུ་རྣམ་བཤད་ལས། བྱང་ཆུབ་སེམས་དཔའི་དབང་དུ་བྱེད་ན་ནི་རང་དོན་ཡོངས་སུ་རྫོགས་པ་ལ། ཞེས་སོ། །

(25) པར་ཐེངས་གཉིས་པ། མེད་ཀྱང།

(26) པར་ཐེངས་གཉིས་པ། མན་ཆད།

(27) པར་ཐེངས་གཉིས་པ། གང་དག་མོས་དགེ།

(28) པར་ཐེངས་གཉིས་པ། སངས་རྒྱས་པའི་མཛད་པ་གདུལ་བྱ་རྣམས་ལ་ཐུན་མོང་དུ་མི་སྟོན་པས་མི་འགལ་བའི་ཕྱིར་ཏེ།

(29) པར་ཐེངས་གཉིས་པ། ཞིང་འདིར་སྟོན་པའི་འཁོར་དུ་བྱོན་པའི་བྱམས་པ་ལ།

(30) པར་ཐེངས་གཉིས་པ། དོན་ནམ་དགོས་པ།

    གཞན་ཡང༌། སངས་རྒྱས་ཀྱི་སར་དོན་གཉིས་མེད་པར་ཐལ། དེ་ན་རང་དོན་མེད་པའི་ཕྱིར། སངས་རྒྱས་སའི་སྤངས་རྟོགས་ཕུན་ཚོགས་གཉིས་རང་དོན་མཐར་ཐུག་མ་ཡིན་པའི་ཕྱིར། དེར་ཐལ། དེ་གཉིས་རང་དོན་ཕུན་ཚོགས་མ་ཡིན་པའི་ཕྱིར། མ་གྲུབ་ན། རང་དོན་མེད་པར་བུད། རྩ་བར་འདོད་མི་ནུས་ཏེ། སངས་རྒྱས་ཀྱི་ས་ན་དོན་གཉིས་ཕུན་ཚོགས་ཡོད་པའི་ཕྱིར། འཁོར་གསུམ། ཡང་ཁ་ཅིག་ན་རེ། ཐུན་མོང་བ་མངོན་རྟོགས་རྒྱན་དང༌། ཐུན་མོང་མ་ཡིན་པ་རྒྱུད་བླ་མའི་ལུགས་ལ་བྱེད་དེ། མངོན་རྟོགས་རྒྱན་གྱི་སྲིད་ཞི་མཉམ་ཉིད་མདོས་སྐྱེ་བ་གཅིག་ཐོགས་པར་བཤད། རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སོགས་ཀྱིས་སངས་རྒྱས་སུ་བཤད་པའི་ཕྱིར་ཟེར་ན། དེ་ཡང་མི་འཐད་པར་ཐལ། རྒྱུད་བླ་མས་ཐུན་མོང་གི་ལུགས་དང་ཐུན་མོང་མ་ཡིན་པའི་ལུགས་གཉིས་ཀ་བསྟན་པ་གང་ཞིག མངོན་རྟོགས་རྒྱན་གྱིས་ཀྱང་གཉིས་ཀ་བསྟན་པའི་ཕྱིར། དང་པོ་གྲུབ་སྟེ། རྒྱུད་བླ་མ་ལས་ཐུན་མོང་གི་ཚུལ་བསྟན་པ་གང་ཞིག །ཐུན་མོང་མ་ཡིན་པ་སངས་རྒྱས་པའི་ཚུལ་ཡང་བསྟན་པའི་ཕྱིར། དང་པོ་གྲུབ་སྟེ། རྒྱུད་བླ་མ་ལས། དེ་ལྟར་ཡིད་ཆེས་ལུང་དང་རིགས་པ་ལ། །བརྟེན་ནས་བདག་ཉིད་འབའ་ཞིག་དག་ཕྱིར་དང༌། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེས་ཆོས་སྐུ་ལས་མ་གཡོས་བཞིན་དུ་མཛད་པ་བཅུ་གཉིས་སྟོན་པའི་མཆོག་གི་སྤྲུལ་སྐུའི་མཛད་པ་ལ་གནས་པར་བཤད་པའི་ཕྱིར། རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང༌། །དགའ་ལྡན་གནས་ནས་འཕོ་བ་དང༌། །ལྷུམས་སུ་འཇུག་དང་བལྟམས་པ་དང། །བཟོ་ཡི་གནས་ལ་མཁས་པ་དང། །བཙུན་མོའི་འཁོར་དགྱེས་རོལ་བ་དང༌། །ངེས་འབྱུང་དཀའ་བ་སྤྱོད་པ་དང༌། །བྱང་ཆུབ་སྙིང་པོར་གཤེགས་པ་དང༌། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང༌། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་པའི་ཕྱིར། རྩ་རྟགས་གཉིས་པ་མངོན་རྟོགས་རྒྱན་གྱི་བསྟན་ཚུལ་གྲུབ་སྟེ། དེས་ཐུན་མོང་གི་ཚུལ་བྱང་སེམས་སུ་བསྟན་པ་གང་ཞིག ཐུན་མོང་མ་ཡིན་པ་སངས་རྒྱས་ཚུལ་ཡང་བསྟན་པའི་ཕྱིར། དང་པོ་གྲུབ་སྟེ། རྩ་བར། ལས་མེད་ལ་སོགས་ཀླན་ཀ་ཡི ལན་ནི་ཇི་སྐད་བཤད་པར་ཟད། །ཅེས་དང༌། དེའི་རྩ་བའི་མདོ་ལས། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་31སེམས་དཔའ་ཆེན་པོ་བྱམས་པ་ལ་དྲིས་ཤིག་དང༌། དེས་འདིའི་ལན་སྟོན་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྩ་བར། ཉན་ཐོས་ཞི་བ་འཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་འཁྲིད་མཛད་གང་ཡིན་དང༌། །ཞེས་སོགས་མཆོད་བརྗོད་ཀྱི་གཞུང་འདིས་ཡུམ་མཁྱེན་གསུམ་ལ་དང་བའི་དད་པ་དེ་ལེགས་པའི་མཆོག་རྣམ་མཁྱེན་ཐོབ་པའི་རྒྱུའི་གཙོ་བོར་རྗེ་བཙུན་གྱི་མཉམ་བཞག་ཚད་མས་གྲུབ་པར་སྟོན་པའི་ཕྱིར། དེར་ཐལ། རྗེ་བཙུན་གྱི་དེ་ལྟར་མཉམ་བཞག་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་གྲུབ་ནས་བསྟོད་པ་དེ་མཛད་པའི་ཤུགས་ལ་དེ་ལྟར་ཚད་མས་གྲུབ་པར་སྟོན་པའི་ཕྱིར། འགྲེལ་པ་ལས། སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས། ཞེས་དང༌། རྣམ་བཤད་ལས། ཚད་མ་གང་གིས་གྲུབ་ན། འཕགས་པ་བྱམས་པའི་མཉམ་བཞག་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རྟོགས་ཤིང༌། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མཆོད་བརྗོད་ཀྱིས་གདུལ་བྱར་མ་ཟད་རྗེ་བཙུན་གྱི་ཐུགས་རྒྱུད་ལ་ཡུམ་མཁྱེན་གསུམ་ལ་དང་བའི་དད་པ་ནས་རྣམ་མཁྱེན་གྱི་བར་ལམ་གྱི་རིམ་པ་སྔ་མ་སྔ་མ་ལས་ཕྱི་མ་སྐྱེ་བའི་རྗེས་འགྲོ་དངོས་སུ་བསྟན་ནས་ལྡོག་པ་ཤུགས་ལ་བསྟན་པའི་32ཕྱིར། དེར་ཐལ། ཚིག་རྐང་དང་པོས་དད་སོགས་ཆེ་ཆུང་ཐུན་མོང་དང་ཕྱི་མས་ཆེན་པོའི་རྣམ་མཁྱེན་བར་བསྟན་པའི་ཕྱིར། འགྲེལ་པ་ལས། ཚིགས་སུ་བཅད་པ་འདིས་ནི་འདིའི་ཆེ་བའི་བདག་ཉིད། ཅེས་སོགས། ནས། དེ་ནས་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་པ་སྐྱེ་བའི་རིམ་གྱིས་ལེགས་པའི་མཆོག་ཐོབ་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྣམ་བཤད་ལས། དེ་དག་གིས་ནི་ལམ་གྱི་རིམ་པ་རྗེ་བཙུན་གྱི་ཐུགས་རྒྱུད་ལ་འཁྲུངས་པའི་རྗེས་འགྲོ་དངོས་སུ་བསྟན་ནས་ལྡོག་པ་ཤུགས་ལ་འཕེན་པར་བྱེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།

(31) པར་ཐེངས་གཉིས་པ། སེམས་དཔའ་སེམས་དཔའ་ཆེན་པོ།

(32) པར་ཐེངས་གཉིས་པ། ཕྱིར། ཚིག་རྐང་དང་པོས།

    ཡང་ཁ་ཅིག །རྣམ་བཤད་ཀྱི་ཐུན་མོང་བ་དྲང་དོན་དང༌། ཐུན་མོང་མ་ཡིན་པ་ངེས་དོན་ཟེར་བ་ཐ་ཆད་ཡིན་པར་ཐལ། དབུ་མའི་སྐབས་འདིར་དྲང་དོན་ལ་བྱང་སེམས་དང༌། ངེས་དོན་ལ་སངས་འཕགས་བྱེད་དགོས་པས་ཤིན་ཏུ་མི་འཐད་པའི་ཕྱིར་ཏེ། སངས་འཕགས་ཀུན་རྫོབ་ཡིན་པའི་ཕྱིར། སེམས་ཙམ་པའི་ལུགས་ལ་བསམ་ན་སྐབས་བོར་བའི་ཕྱིར་རོ། །ཡང་ཁ་ཅིག །ཐུན་མོང་བ་ཕར་ཕྱིན་ཐེག་པ་དང༌། ཐུན་མོང་མ་ཡིན་པ་སྔགས་ཀྱི་ཐེག་པ་ལ་བྱེད་ཅིང་སྔ་མའི་ལུགས་ལ་རྗེ་བཙུན་བྱང་སེམས་དང༌། ཕྱི་མའི་ལུགས་ལ་སངས་རྒྱས་སུ་གསུངས་པའི་ཕྱིར་ཟེར་ན། དེ་མི་འཐད་པར་ཐལ། ཕར་ཕྱིན་ལུགས་ལའང་བྱང་སེམས་དང་སངས་རྒྱས་སུ་བཤད་པ་གཉིས་ཡོད་པ་གང་ཞིག སྔགས་ལས་ཀྱང་བྱང་སེམས་དང་སངས་རྒྱས་སུ་བཤད་པ་གཉིས་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། དེ་བྱང་སེམས་སུ་བཤད་པ་ཡོད་པ་གང་ཞིག སངས་རྒྱས་སུ་བཤད་པ་ཡང་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ཀུན་བཏུས་ལས། བསམ་གྱིས་མི་ཁྱབ་པའི་དེ་བཞིན་གཤེགས་པ་གང་ཞེ་ན། གང་དགའ་ལྡན་གྱི་གནས་ན་གནས་པ་ནས་བཟུང་སྟེ་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང༌། སངས་རྒྱས་ཀྱི་སྤྱོད་པའང་འདོད་པའི་ཁམས་སུ་སྟོན་པའི་གང་ཟག་གོ །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དགའ་ལྡན་ནས་མྱ་ངན་ལས་འདས་པའི་བར་བྱང་སེམས་དང་སངས་རྒྱས་པའི་མཛད་ཚུལ་གཉིས་བཤད་པའི་ཕྱིར། གླེང་གཞིའི་མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པའི། ཞེས་དང༌། རྒྱུད་བླ་མ་ལས་ཀྱང༌། བརྟེན་ནས་བདག་ཉིད་འབའ་ཞིག་དག་ཕྱིར་དང༌། །ཞེས་སོ། །གཉིས་པ་གྲུབ་སྟེ། མཆོག་གི་སྤྲུལ་སྐུའི་མཛད་པ་ལ་གནས་པར་བཤད་པའི་ཕྱིར། རྒྱུད་བླ་མ་ལས། སྐྱེ་བ་མངོན་པར་སྐྱེ་བ་དང༌། །དགའ་ལྡན་གནས་ནས་འཕོ་བ་དང༌། །ཞེས་དང༌། ཀུན་བཏུས་འགྲེལ་པ་ལས། མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། མྱ་ངན་ལས་འདས་པ་སྟོན་པའི་ཐབས་ཀྱི་ཁྱད་པར་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཅི་རིགས་པར་ཕྱི་མའི་མཐའི་བར་དུ་ཡང་དང་ཡང་དུ་སངས་རྒྱས་འབྱུང་བ་ལ་སོགས་པ་སྟོན་པས། ཞེས་གསུངས་པའི་ཕྱིར། རྩ་རྟགས་གཉིས་པ་སྔགས་ལས་ཀྱང་བྱང་སེམས་སུ་བཤད་པ་དང༌། སངས་རྒྱས་སུ་བཤད་པ་གཉིས་ཡོད་པར་ཐལ། དང་པོ་ཡོད་པ་གང་ཞིག གཉིས་པ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། འདུས་པའི་རྩ་རྒྱུད་ལས། དེ་ནས་ཡང་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྒྱུད་ཕྱི་མ་ལས། བྱང་ཆུབ་སེམས་འདྲ་རྒྱ་ཆེན་དེ་ལ་ཕྱག་འཚལ་ལོ། །ཞེས་པའི་དོན་གྲུབ་པའི་ཕྱིར།

    ཡང་ཉན་ཐོས་སྡེ་གཉིས་འདིའི་གདུལ་བྱ་ཐུན་མོང་བའི་མཚན་གཞི་དང༌། དབུ་སེམས་གཉིས་གདུལ་བྱ་ཐུན་མོང་མ་ཡིན་པའི་མཚན་གཞིར་རུང་ཡང་ཐུན་མོང་བ་ཉན་ཐོས་སྡེ་གཉིས་སུ་མི་རུང་བར་ཐལ། དེ་ལ་ཕྱི་རོལ་པ་ཡང་ཡོད་ལ་གྲུབ་མཐའ་ལ་མ་ཞུགས་པ་ཡང་དུ་མ་ཡོད་པའི་ཕྱིར། ཡང་ཁ་ཅིག །རྗེ་བཙུན་བྱམས་པ་དགའ་ལྡན་དུ་སྤྲུལ་པའི་ལུས་གཅིག་བཞག།།འོག་མིན་དུ་སངས་རྒྱས་ནས་སླར་ཡང་སྤྲུལ་པ་དེ་ཉིད་ལ་ཞུགས་ཏེ་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་ནི། ཕལ་ཆེན་ལས། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་འདུག་བཞིན་དུ་ཆོས་ཀྱི་སྐུར་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར། ཞེས་གསུངས་པའི་དོན་ཟེར་ན། མི་འཐད་པར་ཐལ། ཐུན་མོང་གི་དབང་དུ་བྱས་ན་མི་འཐད་པ་གང་ཞིག །ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན་དེ་བས་ཀྱང་མི་རིགས་པའི་ཕྱིར། དང་པོ་གྲུབ་སྟེ། ཐུན་མོང་གི་ལུགས་ལ་རྒྱལ་པོ་གཞོན་ནུ་དོན་གྲུབ་ཀྱི་རྣམ་སྨིན་གྱི་ལུས་འདིར་བཞག་ནས་འོག་མིན་དུ་སངས་རྒྱས་པ་ཡོ་ག་པའི་ལུགས་ཡིན་པའི་ཕྱིར། དེར་ཐལ། དེ་རྒྱ་ཆེར་རོལ་པ་དང་ཕྱོགས་མཐུན་ལ་ཁྱོད་ཀྱི་དེ་ཡོ་ག་ལུགས་གཉིས་དང་ཡང་མི་མཐུན་པའི་ཕྱིར་ཏེ། རྒྱུད་སྡེ་སྤྱི་རྣམ་དང་འགལ་བའི་ཕྱིར་རོ། །གཉིས་པ་གྲུབ་སྟེ། ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན་བསམ་གྱིས་མི་ཁྱབ་པའི་མཛད་པ་ཡོད་ཀྱང་ཁྱོད་ཀྱི་དེའི་ཕྱོགས་གཅིག་ཀྱང་མ་ཐོན་པའི་ཕྱིར། དེར་ཐལ། དགའ་ལྡན་གྱི་ཆོས་ཀྱི་སྐུ་རྡོ་རྗེའི་ལུས་དེ་ལས་མ་གཡོས་བཞིན་དུ་མཛད་པ་བཅུ་གཉིས་ཐུན་མོང་གི་གདུལ་བྱ་ལ་རིམ་ཅན་དང༌། ཐུན་མོང་མ་ཡིན་པའི་གདུལ་བྱ་སོ་སོ་ལ་སྐུ་ཁ་དོག་སྤྱོད་ལམ་མི་འདྲ་བ་དུ་མ་གང་ལ་གང་གི་འདུལ་མི་འདྲ་བ་སོ་སོར་གཅིག་ཆར་དུ་སྟོན་པའི་ཕྱིར། དང་པོ་གྲུབ་སྟེ། རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང༌། །དགའ་ལྡན་གནས་ནས་འཕོ་བ་དང༌། །ནས། ཡོངས་སུ་མ་དག་33གནས་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཤ་ཁྲག་དང་བེམ་པོ་མ་ཡིན་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་གཟུགས་སེམས་ཅན་ལ་སྣང་བའི་རྡོ་རྗེའི་སྐུ་གཅིག་ལ་བྱེད་པའི་ཕྱིར། དེ་བཞིན་གཤེགས་པའི་སྐུའི་གསང་བའི་ལེའུ་ལས། དེ་བཞིན་གཤེགས་པའི་སྐུ་ནི་ཕུང་པོས་རབ་ཏུ་ཕྱེ་བ་34མ་ཡིན། ནས། དེ་བཞིན་གཤེགས་པའི་སྐུ་ནི་སྐུ་མེད་པ་སྟེ། ཆོས་ཀྱི་སྐུ་དང་གཟུགས་དང་མཚན་མ་མེད་པའི་སྐུ་དང་སྤྲོས་པ་མེད་ཅིང་རྒྱུ་བ་མེད་པའི་སྐུ་ཡིན་ཡང་དེ་གཟུགས་དང་མཚན་མ་གཙོ་བོར་བྱེད་པའི་སྐུ་བསྟན་པས་འདུལ་བ་རྣམས་ཀྱི་མིག་ལ་སྣང་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཕུང་པོས་ཕྱེ་བ་ནས། ལས་ལས་བྱུང་བ་མ་ཡིན་ཡན་ཆད་ཀྱིས་གཟུགས་ཁམས་ཀྱི་ལྷའི་ལུས་ལྟར་བེམ་པོའི་རང་བཞིན་ཕུང་པོ་ཁམས་དང་སྐྱེ་མཆེད་རགས་པ་མ་ཡིན་པ་དང༌། འབྱུང་བ་ཆེན་པོ་ནས། དེ་བཞིན་གཤེགས་པའི་སྐུ་ནི་སྐུ་མེད་པ་ཞེས་པ་ཡན་ཆད་ཀྱིས་སྐུ་ལུས་རགས་པ་འདོད་པའི་ལྷ་མིའི་ལུས་ལྟ་བུ་གདོས་བཅས་མ་ཡིན་པར་བསྟན་ནས། ཆོས་ཀྱི་སྐུ་ནས་རྒྱུ་བ་མེད་པའི་སྐུ་ཡིན་ཡང་ཡན་ཆད་ཀྱིས་ཚོགས་གཉིས་མཐར་ཐུག་པའི་ཆོས་ཀྱི་སྐུ་དང་གཟུགས་ཡིན་ལ་ལས་ཉོན་རྣམ་རྟོག་གི་མཚན་མའི་སྤྲོས་པ་བྲལ་བ་འགྲོ་འོང་མེད་པར་བསྟན་ཅིང༌། ལྷག་མས་སེམས་ཅན་གྱི་མོས་པ་བཞིན་སྐུ་སྣང་བར་སྟོན་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། ཆོས་སྐུ་དེ་འདྲ་ཡིན་པས་ན་འཁོར་འདུས་ཐེབས་གཅིག་གི་གདུལ་བྱ་སོ་སོར་གཟུགས་དང་མདོག་དང༌། རྟགས་དང༌། དབྱིབས་དང་སྤྱོད་ལམ་ལྔ་མཛད་ཚུལ་མི་འདྲ་བ་གཅིག་ཆར་སྟོན་པའི་ཕྱིར། སྐུའི་གསང་བའི་མདོ་ལས། དེ་ལ་འཁོར་གཅིག་ཏུ་འདུས་པའི་སེམས་ཅན་གྱི་ནང་ནས་ཀྱང་ཁ་ཅིག་གིས་དེ་བཞིན་གཤེགས་པའི་སྐུ་མཐོང༌། ཁ་ཅིག་གིས་མི་མཐོང་ངོ༌ ནས། དེ་བཞིན་གཤེགས་པའི་སྐུ་ནི་འདི་དག་དང་གཞན་ཡང་ཚད་མེད་པའི་རྣམ་པར་སྟོན་པར་མཛད་དོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སྤྱོད་ལམ་ཡང་སྐུའི་གསང་བའི་ལེའུ་ལས། རིགས་ཀྱི་བུ་དེ་ལ་ལྷ་དང་མི་ཁ་ཅིག་འདུག་པ་གཙོ་བོར་བྱེད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་བཞུགས་པར་མཐོང་ངོ༌། །ནས། འཛུམ་པར་མཛད་པ་མཐོང་ངོ༌། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཁ་དོག་ཡང་མདོ་ལས། ལྷ་དང་མི་ཁ་ཅིག་གསེར་གྱི་ཁ་དོག་ལྟ་བུ། ནས། དེ་བཞིན་གཤེགས་པའི་སྐུ་ནི་ཁ་དོག་ཐ་དད་པས་ཚད་མེད་པའོ། །ཞེས་གསུངས་པའི་ཕྱིར། ཁྱོད་ཀྱིས་ཀྱང་དེ་ལྟར་གོ་དགོས་པར་ཐལ། དེ་ལྟར་ནམ་མཁའ་དང་མཚུངས་པར་མ་གོ་ན་སྐུར་འདེབས་དང༌། གོ་ན་སེམས་བསྐྱེད་དང་མཐུན་པའི་ཕན་ཡོན་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། མདོ་དེ་ལས། སྐུ་དང་གསུང་དང་ཐུགས་དང་མཚན་གྱི་དཔེར་བྱ་བའི་དཔེ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པ་ལ་སྐུར་བ་འདེབས་པའོ། །ཞེས་གསུངས་པའི་ཕྱིར་དང། རྡོ་རྗེ་གཅོད་པ་ལས་ཀྱང་ཤེས་སོ། །གཉིས་པ་གྲུབ་སྟེ། སྐུ་གསུང་ཐུགས་གསུམ་ཀ་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན་ནམ་མཁའ་ལྟར་ཚད་མེད་པ་དང༌། དེ་ལྟར་ཤེས་ན་ནམ་མཁའ་དང་མཉམ་པའི་དགེ་བ་འབྱུང༌། སེམས་ཅན་ཕལ་པ་ཀུན་གྱིས་བསོད་ནམས་དང་སེམས་བསྐྱེད་གཅིག་མཚུངས། བྱང་ཆུབ་སེམས་ཀྱི་བསོད་ནམས་ལས་དམ་ཆོས་འཛིན་པ་ཆེས་བསོད་ནམས་ཆེ། སེམས་བསྐྱེད་པ་དང་དམ་ཆོས་གཞན་འཛིན་པ་གཉིས་སྡོམ་ཀྱང་སྟོང་ཉིད་ལ་མོས་པའི་བཅུ་དྲུག་ཆར་ཡང་མི་ཕོད་པའི་ཕྱིར། དང་པོ་གྲུབ་སྟེ། མདོ་དེ་ཉིད་ལས། ནམ་མཁའ་ཚད་ནི་ཇི་ཙམ་པ། །སངས་རྒྱས་གཟུགས་ཀྱང་དེ་ཙམ་སྟེ། །ནས། ཡེ་ཤེས་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནི་དེ་ཉིད་ཁྱབ། །ཅེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། མདོ་དེ་ཉིད་ལས། གང་གིས་བྱང་ཆུབ་བློ་བསྐྱེད་པ། །དེ་སྙེད་བསོད་ནམས་ཁྱབ་པར་བགྱིད། །བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུངས་པའི་ཕྱིར། འདི་ནི་35ཉུང་ཀར་གོ་ཡུལ་གྱི་རིགས་པ་དང༌། སྤྱོད་འཇུག་ལས། སེམས་ཅན་རེ་རེའི་མི་བདེ་བ། །དཔག་ཏུ་མེད་པ་བསལ་འདོད་ཅིང༌། །ཞེས་སོ། །

(33) པར་ཐེངས་གཉིས་པ། ཞིང་རྣམས་སུ། །

(34) པར་ཐེངས་གཉིས་པ། མིན། ནས། འབྱུང་བ་ཆེན་པོའི་ནུར་ནུར་པོ་ལས་བྱུང་བ་མིན། ཤ་དང་ཁྲག་གི་གཡོག་པ་མིན། ནས། དེ་བཞིན།

(35) པར་ཐེངས་གཉིས་པ། ཡུངས་ཀར།

    གསུམ་པ་གྲུབ་སྟེ། མདོ་དེ་ཉིད་ལས། སེམས་ཅན་ཀུན་གྱི་བསོད་ནམས་ཀྱི། །ཕུང་པོ་ཇི་སྙེད་ཡོངས་བཟུང་བ དེ་སྙེད་བྱང་ཆུབ་སེམས་དཔའ་ཡི། །བྱང་ཆུབ་སེམས་ལ་རབ་ཏུ་འབྱུང༌། །ཞེས་སོ། །བཞི་པ་གྲུབ་སྟེ། མདོ་དེ་ཉིད་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་ཀྱི། །ཕུང་པོ་ཇི་སྙེད་བརྗོད་པ་བས། །དམ་པའི་ཆོས་ནི་ཡོངས་འཛིན་ན། །དེ་བས་བསོད་ནམས་ཆེས་མང་ངོ༌། །དམ་ཆོས་འཛིན་པའི་བསོད་ནམས་ནི། །སངས་རྒྱས་ཀུན་གྱིས་ནན་ཏན་དུ། །བསྐལ་པ་བྱེ་བར་བརྗོད་མཛད་ཀྱང༌། །ཐ་མར་ཕྱིན་པར་འགྱུར་མ་ལགས། །ཞེས་གསུངས་པའི་ཕྱིར། ལྔ་པ་གྲུབ་སྟེ། མདོ་དེ་ཉིད་ལས། དམ་པའི་ཆོས་ནི་འཛིན་པ་དང༌། །བྱང་ཆུབ་སེམས་ཀྱི་བསོད་ནམས་དེ། །སྟོང་པ་ཉིད་ལ་མོས་པ་ཡིས། །བཅུ་དྲུག་ཆར་ཡང་མི་རིགས་ལགས། །ཞེས་གསུངས་པའི་ཕྱིར། དེས་ན་སྟོང་ཉིད་ལ་མོས་ནས་དེ་གསུམ་སྒྲུབ་པ་ནི་ཚོགས་གཉིས་མཐའ་དག་སྒྲུབ་པའི་མཁས་པ་ཡིན་ཏེ། མདོ་དེ་ཉིད་ལས། སྟོང་པ་ཉིད་ལ་འདིར་མོས་ནས། །བྱང་ཆུབ་སེམས་ཀྱང་མི་གཏོང་དང༌། །དམ་པའི་ཆོས་ནི་འཛིན་བགྱིད་པ། །དེ་ནི་བསོད་ནམས་སྡུད་པ་ལགས། །ཞེས་སོ ཡང་ཁ་ཅིག རྒྱན་རྩོམ་པ་པོ་མཆོག་གི་སྤྲུལ་སྐུ་མིན་ཟེར་ན། དེ་ཡིན་པར་ཐལ། དེ་མཆོག་གི་སྤྲུལ་སྐུའི་མཛད་པ་ལ་གནས་པའི་སྤྲུལ་སྐུ་ཡིན་པའི་ཕྱིར། དེར་ཐལ། རྒྱུད་བླ་མ་ལས། དགའ་ལྡན་གནས་ནས་འཕོ་བ་དང༌། །ཞེས་པས་དེ་མཆོག་གི་སྤྲུལ་སྐུར་བསྟན་པའི་ཕྱིར། རྣམ་བཤད་ལས། དགའ་ལྡན་གྱི་36གནས་ནས་འཕོ་བ་དང་ཡུམ་གྱི་ལྷུམས་སུ་ཞུགས་པ་ལ་སོགས་པ་མཆོག་གི་སྤྲུལ་སྐུའི་མཛད་པ་བཅུ་གཉིས་དུས་ཀུན་ཏུ་སྟོན་པར་རུང་བ་ཉིད་ཀྱིས་སོ། །ཞེས་གསུངས་པའི་ཕྱིར།

(36) པར་ཐེངས་གཉིས་པ། གནས་ན་བཞུགས་པ་དང། དེ་ནས་འཕོས་ནས་ཡུམ་གྱི་ལྷུམས་སུ་འཇུག་པ་ལ་སོཊ།

    གཉིས་པ་རང་ལུགས་ལ། རྗེ་བཙུན་བྱམས་པ་དང༌། སངས་རྒྱས་ཀྱི་གཞི་མཐུན་ཡོད། དེ་དང་སེམས་ཅན་གྱི་གཞི་མཐུན་ཡང་ཡོད། རྒྱན་རྩོམ་པ་པོའི་རྗེ་བཙུན་བྱམས་པ་དང༌། རྣམ་འདྲེན་ཤཱཀ་སེང་བཞི་པའི་རྗེས་སུ་སངས་རྒྱས་ལྔ་པའི་མཛད་པ་སྟོན་དགོས་ཀྱི་རྗེ་བཙུན་བྱམས་པ། དགའ་ལྡན་གྱི་རྟེན་ཅན་གྱི་དེ་དང༌། སངས་རྒྱས་སྟོང་གི་ནང་གི་བྱམས་པ་རྣམས་སངས་འཕགས་དང༌། དགེ་སློང་རྣམ་དག་དང༌། མཆོག་གི་སྤྲུལ་སྐུ་གསུམ་ཀ་ཡིན་ཏེ། སངས་རྒྱས་ཚུལ་བཅོམ་ལྡན་འདས་ལྟར་དང་པོ་འོག་མིན་དུ་སངས་རྒྱས་ནས་སླར་དགའ་ལྡན་དུ་ཕེབས་པ་སོགས་ཡིན་པའི་ཕྱིར་ཏེ། ངག་གི་དབང་ཕྱུག་གྲགས་པས། དཔལ་ལྡན་སྟུག་པོ་བཀོད་པ་ཉིད་དུ་དོན་དམ་ཐུགས་ཆུད་ཅིང༌། །དགའ་ལྡན་སྐྱེ་བོའི་དོན་མཛད་ཕྱིར་ན་དམ་པ་ཏོག་དཀར་གྱུར། །ཅེས་གསུངས་པའི་ཕྱིར།

37  རྩོད་སྤོང་ལ། རོང་ཊཱིཀ་པ་ན་རེ། མཁྱེན་གསུམ་ལ་དང་བའི་དད་པ་རྣམ་མཁྱེན་གྱི་རྒྱུར་རྗེ་བཙུན་གྱི་མཉམ་བཞག་གིས་གཟིགས་པ་མི་འཐད་པར་ཐལ། དེ་མཉམ་བཞག་ལས་ལངས་པའི་རྗེས་ཐོབ་ཀྱིས་ངེས་པར་བོད་སྔ་མས་བཤད་པའི་ཕྱིར་ན་མ་ཁྱབ་སྟེ། བོད་སྔ་མས་དེ་ལྟར་བཤད་ཀྱང་མ་འབྲེལ་བའི་ཕྱིར། དེར་ཐལ། འགྲེལ་བར་ངེས་པར་བཟུང་ནས་ཞེས་པ་ཡེ་ཤེས་ཀྱིས་ཞེས་པ་དང་ཤིན་ཏུ་འབྲེལ་བའི་ཕྱིར། གསེར་ཕྲེང་ལས། སྔ་མ་རྣམས་ནི། ནས། རྗེས་ཐོབ་ཀྱི་ངེས་པར་བཟུང་ནས་ཞེས་བཤད་པ་ནི་མ་འབྲེལ་ཏེ། ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། འདིར་མཁྱེན་གསུམ་ལ་དང་བའི་དད་པ་དེ་རྣམ་མཁྱེན་ཐོབ་པའི་རྒྱུའི་གཙོ་བོར་བཤད་པ་མི་འཐད་པར་ཐལ། དེ་དེའི་རྒྱུའི་གཙོ་བོ་མ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེའི་རྒྱུ་ཐབས་ཤེས་གཉིས་ཀྱི་ནང་ནས་ཤེས་རབ་གཙོ་བའི་ཕྱིར། སྡུད་པ་ལས། ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདིས། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་དང༌། སྤྱོད་འཇུག་ལས་ཀྱང༌། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་དང༌། ཕར་ཕྱིན་བསྡུས་པ་ལས། རྒྱལ་སྲས་མཐུ་མཆོག་དེ་འདྲ་རྨད་བྱུང་38གང། །ཐམས་ཅད་ཤེས་རབ་དེ་ཡི་མཐུ་ལས་བྱུང༌། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཐོག་མར་དེ་ལ་དད་པ་ཡོད་ན་འཇུག་ཀྱང་མེད་ན་མི་འཇུག་པས་གཙོ་བོར་བཤད་པའི་ཕྱིར། དཔེར་ན། སེམས་གཙོ་བོར་བཤད་པ་བཞིན། རིན་ཆེན་ཕྲེང་བ་ལས། འདི་གཉིས་གཙོ་བོ་ཤེས་རབ་སྟེ། །དེ་ཡི་སྔོན་འགྲོ་དད་པ་ཡིན། །ཞེས་གསུངས་པའི་ཕྱིར། དེ་སྐད་དུ་གསེར་ཕྲེང་ལས། འདིར་རྒྱུའི་གཙོ་བོའི་དོན་བྱེད་རྒྱུ་ལ་འཆད་ཀྱང་དང་པོའི་རྒྱུ་ཞེས་པ་ལེགས་སོ། །ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། རྒྱན་རྩོམ་པ་པོ་ཡིན་ན་སངས་འཕགས་ཡིན་དགོས་པར་ཐལ། དེ་སངས་འཕགས་ཡིན་པའི་ཕྱིར། འདོད་ན། རྗེ་བཙུན་བྱམས་པ་ཆོས་ཅན། སངས་རྒྱས་ཡིན་པར་ཐལ། རྒྱན་རྩོམ་པ་པོའི་རྗེ་བཙུན་བྱམས་པ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་ཀྱིས་རྒྱན་བརྩམས་པ་གང་ཞིག །རྗེ་བཙུན་བྱམས་པ་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན་ཁོ་རང་ལ་སངས་འཕགས་ཆོས་ཅན། བརྒྱད་སྟོང་པ་གསུང་པ་པོའི་སངས་རྒྱས་ཡིན་པར་ཐལ། བརྒྱད་སྟོང་པ་གསུངས་པ་གང་ཞིག །སངས་རྒྱས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ཡིན་པར་ཐལ་ལོ། །ཡང་ཁོ་ན་རེ། མཛོད་ལས། ལྷན་ཅིག་གཉིས་མིན་སངས་རྒྱས་བཞིན། །ཞེས་པའི་ལུང་དོན་མ་གྲུབ་པར་ཐལ། གླིང་གཅིག་ལ་འཁོར་བསྒྱུར་གཉིས་མི་འབྱུང་བ་དེ་བཞིན་དུ་ཞིང་གཅིག་ལ་མཆོག་གི་སྤྲུལ་སྐུ་རྒྱུད་ཐ་དད་པ་གཉིས་མི་འབྱུང་བ་མ་ཡིན་པའི་ཕྱིར་ན་མ་ཁྱབ། ཁྱོད་རང་ལ་ལུང་དེའི་དོན་དེ་ལྟར་ཡིན་པར་ཐལ་ལོ། །འདོད་ན། འཁོར་ལོས་བསྒྱུར་བ་ང་ལས་ནུ་བྱུང་མ་ཐག་གི་དུས་གཅིག་མེད་པར་ཐལ། དེ་འཁོར་བསྒྱུར་གསོ་སྦྱོང་འཕགས་ཀྱི་སྤྱི་བོ་ལས་སྐྱེས་མ་ཐག་དེ་མ་ཡིན་པའི་ཕྱིར། མ་གྲུབ་ན། དངོས། འདོད་ན། གསོ་སྦྱོང་འཕགས་དང་ཡབ་སྲས་ལྷན་ཅིག་གསུང་གླེང་བ་མེད་པར་ཐལ་ལོ། །གླིང་གཅིག་ལ་དེ་གཉིས་དུས་མཉམ་དུ་འབྱུང་བ་མེད་པའི་ཕྱིར། འཁོར་གསུམ། འདོད་མི་ནུས་ཏེ། གླིང་གཅིག་ལ་འཁོར་བསྒྱུར་གཉིས་ཀྱིས་དུས་མཉམ་དུ་འཁོར་ལོ་མི་བསྒྱུར་བ་ལྟར་ཞིང་གཅིག་ཏུ་སངས་རྒྱས་གཉིས་ཀྱིས་སངས་རྒྱས་པའི་མཛད་པ་གཅིག་ཆར་དུ་མཐུན་སྣང་དུ་མི་སྟོན་ཞེས་པའི་དོན་ཡིན་པའི་ཕྱིར། ཡང་ཁོ་ན་རེ། དགའ་ལྡན་རྟེན་ཅན་གྱི་རྗེ་བཙུན་བྱམས་པ་ཆོས་ཅན། མིའི་རྟེན་ཅན་ཡིན་པར་ཐལ། དགེ་སློང་རྣམ་དག་ཡིན་པའི་ཕྱིར་ན་མ་ཁྱབ། ཁྱབ་པར་ཐལ། མདོ་རྩ་ལས། མི་མ་ཡིན་པའི་འགྲོ་བ་པོ་དང་བྱང་གི་སྒྲ་མི་སྙན་པ་ནི་སྡོམ་པའི་ཞིང་ཉིད་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ན་ཡང་མ་ཁྱབ་སྟེ། རང་རྒྱལ་དང་ཉན་ཐོས་རིགས་ཅན་གྱི་མི་མ་ཡིན་པའི་འགྲོ་བ་ལ་སོ་ཐར་གྱི་སྡོམ་པ་མི་སྐྱེ་བར་བཅས་ཙམ་ཡིན་པའི་ཕྱིར། ཡང་ཁོ་ན་རེ། དེ་ཆོས་ཅན། དགེ་སློང་མ་ཡིན་པར་ཐལ། ལྷ་ཡིན་པའི་ཕྱིར་ན་མ་ཁྱབ། ཁྱབ་པར་ཐལ། སྡོམ་གསུམ་རབ་དབྱེ་ལས། ལྷ་དང་བྱིས་པའི་དགེ་སློང་ནི འདུལ་བའི་སྡེ་སྣོད་དག་ལས་བཀག །ཅེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། སྤྱིར་སྡོམ་གསུམ་གྱི་སྡོམ་པ་གསུམ་ཀའི་བཤད་པ་ཚིག་ཟིན་ཆུ་མི་ཐུབ་པ་མང་ཡང་འདིར་ནི་བཀག་ཙམ་བཤད་ཀྱི། མེད་ཅེས་བཤད་མི་རུང་བའི་ཕྱིར། མ་གྲུབ་ན། བསྙེན་པར་རྫོགས་མ་ཐག་གི་བཅུ་བདུན་སྡེ་ཆོས་ཅན། དགེ་སློང་མ་ཡིན་པར་ཐལ། བྱིས་པ་གཞོན་ནུ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྒྱལ་པོ་གཞོན་ནུ་དོན་གྲུབ་ཆོས་ཅན། དགེ་སློང་ཡིན་པར་ཐལ། མཆོག་གི་སྤྲུལ་སྐུ་ཡིན་པའི་ཕྱིར། འདོད་ན། ཁྱིམ་པ་མ་ཡིན་པར་ཐལ། དགེ་སློང་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཁྱིམ་པའི་མཛད་པའི་ཚུལ་བསྟན་པའི་དེ་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། སྟོན་པ་སངས་རྒྱས་པའི་ཚུལ་བསྟན་རྗེས་སུ། ཀ་པི་ནའི་རྒྱལ་པོ་འདུལ་ཆེད་དུ་འཁོར་བསྒྱུར་གྱི་ཆ་ལུགས་བཟུང་བ་དེ་ཆོས་ཅན། དགེ་སློང་མ་ཡིན་པར་ཐལ། ཆ་ལུགས་དེའི་ཕྱིར། འདོད་མི་ནུས་ཏེ། དགེ་སློང་ཡིན་པར་རྟོག་གེ་འབར་བར་བཤད་པའི་ཕྱིར། ཡང་ཁོ་ན་རེ། དགའ་ལྡན་རྟེན་ཅན་གྱི་རྗེ་བཙུན་བྱམས་པ་ཆོས་ཅན། ལྷ་མ་ཡིན་པར་ཐལ། སྤྲུལ་པ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། སྤྲུལ་པ་ལ་ལྷ་སོགས་གང་ཟག་ཡིན་མིན་གཉིས་ཡོད་པའི་ཕྱིར། འདོད་ན། ལྷ་མི་གང་རུང་ཡིན་ན་སངས་འཕགས་མ་ཡིན་པས་ཁྱབ་པར་ཐལ་ལོ། །

(37) པར་ཐེངས་གཉིས་པ། གསུམ་པ་རྩོད་སྤོང་ལ།

(38) པར་ཐེངས་གཉིས་པ། དག །

    བྱས་པ་ལ་ཁོ་ན་རེ། དེ་ཆོས་ཅན། ཁྱོད་ཀྱི་ལུས་རྟེན་འདོད་ལྷའི་ལུས་རྟེན་ཡིན་པར་ཐལ། ཁྱོད་འདོད་ལྷ་ཡིན་པའི་ཕྱིར་ན་རྣམ་པ་གཅིག་ལ་འདིར་མ་ཁྱབ་སྟེ། འདོད་ལྷའི་ལུས་རྟེན་བེམ་པོ་ཡིན་པའི་ཕྱིར། ཁྱབ་སྟེ། སངས་རྒྱས་ཀྱི་སྐུ་ལ་བེམ་པོ་མ་ཡིན་པས་ཁྱབ་པའི་ཕྱིར། མ་ཁྱབ་མཚམས་ལ་དེར་ཐལ། འདོད་ལྷའི་ལུས་འདོད་ལྷའི་སོ་སྐྱེའི་མིག་གི་ཡུལ་དུ་གྱུར་པའི་བེམ་པོ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྒྱལ་པོ་གཞོན་ནུ་དོན་གྲུབ་ཆོས་ཅན། ཁྱོད་ཀྱི་ལུས་མངལ་སྐྱེས་ཀྱི་མིའི་ལུས་ཡིན་པར་ཐལ། ཁྱོད་མངལ་སྐྱེས་ཀྱི་མིའི་རྟེན་ཅན་ཡིན་པའི་ཕྱིར་ན་ཡང་མ་ཁྱབ། འདོད་མི་ནུས་ཏེ། བེམ་པོ་དང་ཤ་ཁྲག་མེད་པའི་ཕྱིར། མདོ་ལས། དེ་བཞིན་གཤེགས་པའི་སྐུ་ནི་སྲེད་མེད་ཀྱི་བུ་ལྟར་མཁྲེགས་པ་སྲ་བ་སྙིང་པོ་ཅན། མི་ཤིག་པ་རྡོ་རྗེའི་རང་བཞིན་ཅན་ནོ། །ནས། སྐུ་ལ་ནི་ཕོ་བ་དང་ལོང་ཀ་མེད་དོ། །རྣག་གམ་39ཁྲག་གམ་ངར་སྣབས་སམ། ནས། སྐུ་ནི་འཛམ་བུ་ཆུ་བོའི་གསེར་གྱི་གར་བུ་ལྟ་བུ་སྟེ། ཁོང་སྟོང་མ་ཡིན་པ། བུ་ག་མེད་པ། ཞེས་གསུངས་པའི་ཕྱིར་དང༌། མདོ་ལས། ལྕི་ཁྱད་རྡོ་རྗེ་40དང་འཇམ་ཁྱད་ཀ་ཙ་ལི་དི་ཀ་ལྟར་རེག་ན་བདེ། ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། དམ་པ་ཏོག་དཀར་གྱིས་མཛད་པ་བཅུ་གཉིས་རིམ་ཅན་དུ་བསྟན་པར་ཐལ། མི་ཡུལ་དུ་གདུལ་བྱ་ཐུན་མོང་བ་ལ་རིམ་ཅན་དུ་བསྟན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། དེས་མཛད་པ་བཅུ་གཉིས་གཅིག་ཆར་དུ་བསྟན་པའི་ཕྱིར་ན་རྣམ་པ་གཅིག་ཏུ་མ་ཁྱབ་ཀྱང༌། དེར་ཐལ། དེ་ལྟར་ཐུན་མོང་མ་ཡིན་པ་སོ་སོའི་ངོར་མཛད་པ་བཅུ་གཉིས་གཅིག་ཆར་སོ་སོར་བསྟན་པའི་ཕྱིར་ན་མ་ཁྱབ་སྟེ། 41བསམ་གྱིས་ཁྱབ་དཀའ་ཡང་ཆུ་འབབ་ལྟར་དེ་འཆད་པའི་སྐབས་ཡིན་པའི་ཕྱིར་དང༌། དཔེར་ན། ངེས་མ་ངེས་ལ་འཇུག་པ་ཕྱག་རྒྱའི་མདོ་ལས། ཀུན་དགའ་བོས་དོན་མི་གཅིག་པའི་ཆོས་བཅུ་གོ་ཞིང་འཆད་པའི་ཡུན་གྱི་གཅིག་འཆད་པའི་ཡུན་ལ་ཤཱ་རིའི་བུས་ཆོས་དེ་འདྲ་སྟོང་གོ་ཞིང་འཆད་ནུས། དེས་གཅིག་བཤད་པའི་ཡུན་ལ་མོའུ་དགལ་བུས་འཇིག་རྟེན་གྱི་ཁམས་བརྒྱད་ཁྲི་རྫུ་འཕྲུལ་གྱིས་འདའ་ནུས། དེས་གཅིག་འདའ་བའི་བར་ལ་སངས་རྒྱས་ཀྱིས་འཇིག་རྟེན་གྱི་ཁམས་ནམ་མཁའ་དང་མཉམ་པ་ཐམས་ཅད་ཀྱི་གླིང་རེ་རེར་མཛད་པ་བཅུ་གཉིས་ཤིན་ཏུ་རྒྱས་པ་དང༌། སྐྱེས་རབས་ཐམས་ཅད་ཀྱང་ལྷུན་གྱིས་གྲུབ་པར་སྟོན་པར་གསུངས་པའི་ཕྱིར། ཡང་ཁོ་ན་རེ། དེ་ཆོས་ཅན། ཁྱོད་སངས་རྒྱས་མ་ཡིན་པར་ཐལ། མ་འོངས་པ་ན་སངས་རྒྱས་ཀྱི་མཛད་པ་སྟོན་དགོས་ཀྱི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ། སྟོན་པ་འདི་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། འཁོར་བ་མ་སྟོང་བར་དུ་འཚང་རྒྱ་ཚུལ་སྟོན་པའི་ཕྱིར། རྒྱུད་བླ་མ་ལས། སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་པའི་ཕྱིར།

(39) པར་ཐེངས་གཉིས་པ། ཁྲག་གམ། མཆིལ་མའམ། ངར་སྣབས།

(40) པར་ཐེངས་གཉིས་པ། དང་འདྲ་ཡང་འཇམ་ཁྱད་ཀཙ་ལིན་དི་ཀ།།

(41) པར་ཐེངས་གཉིས་པ། བསམ་མི་ཁྱབ།

    ཡང་ཁོ་ན་རེ། རྒྱན་རྩོམ་པ་པོ་ཆོས་ཅན། ཁྱོད་ཀྱི་ཐུགས་རྒྱུད་ལ་སངས་རྒྱས་ཐོབ་འདོད་ཀྱི་བློ་ཡོད་པར་ཐལ། ཁྱོད་ཀྱི་རྒྱུད་ལ་སྟོན་པ་ཤཱཀྱ་ཐུབ་པས་སངས་རྒྱས་ཐོབ་འདོད་ཀྱི་བློ་ཡོད་པའི་ཕྱིར། དེར་ཐལ། ཁྱོད་དེས་སངས་རྒྱས་ཐོབ་པར་འདོད་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། ཁྱོད་དེས་སངས་རྒྱས་ཐོབ་པར་ཁས་ལེན་པའི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། ཁྱོད་རང་ལ་གང་ཟག་གཞན་གྱིས་རྙེད་བཀུར་ཐོབ་པར་འདོད་པའི་གང་ཟག་ཡིན་ན་རྙེད་བཀུར་ཐོབ་པར་འདོད་པའི་གང་ཟག་ཡིན་པས་ཁྱབ་པར་ཐལ། གང་ཟག་གཞན་གྱིས་སངས་རྒྱས་ཐོབ་པར་འདོད་པའི་གང་ཟག་ཡིན་ན་སངས་རྒྱས་ཐོབ་པར་འདོད་པའི་གང་ཟག་ཡིན་པས་ཁྱབ་པའི་ཕྱིར། རྟགས་ཁས། འདོད་ན། རྗེ་བཙུན་བྱམས་པ་ཆོས་ཅན། རྙེད་བཀུར་ཐོབ་པར་འདོད་པའི་གང་ཟག་ཡིན་པར་ཐལ། གང་ཟག་གཞན་གྱིས་རྙེད་བཀུར་ཐོབ་པར་འདོད་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། ཁྱི་རྒན་རྒྱ་བོས་རྙེད་བཀུར་ཐོབ་པར་འདོད་པའི་གང་ཟག་ཡིན་པའི་ཕྱིར། ཁྱོད་འཕྲིན་ལས་ཉེར་བདུན་གྱི་ཐོག་མ་རྒྱུད་ལྡན་གྱི་གང་ཟག་ཡིན་པའི་ཕྱིར། རྩ་བར། འགྲོ་རྣམས་ཞི་བའི་ལས་དང་ནི། །ཞེས་གསུངས་པའི་ཕྱིར། འདོད་ན། རྙེད་བཀུར་དོན་གཉེར་གྱི་གང་ཟག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་རིགས་པར་ཐལ། ཐེག་ཆེན་འཕགས་པ་ཡིན་པའི་ཕྱིར། དེས་གཞན་རིགས་འདྲ། ཡང་ཁོ་ན་རེ། དེའི་རྒྱུད་ལ་ཉོན་མོངས་སྤོང་འདོད་ཀྱི་བློ་ཡོད་པར་ཐལ དེའི་རྒྱུད་ལ་མི་དགེ་བཅུ་སྤོང་འདོད་གྱི་བློ་ཡོད་པའི་ཕྱིར། དེའི་རྒྱུད་ལ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཡོད་པའི་ཕྱིར་ན་མ་ཁྱབ།

                                                                                                                         རྩོམ་སྒྲིག་པ། མང་ར་བ།

 

            གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།