ཀུན་མཁྱེན་ཕར་ཕྱིན་ལས་སྐྱེས་བུ་གསུམ་གྱི་རྣམ་གཞག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-12-05 20:30:51     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

90826978328408125.jpg

    ཞར་བྱུང་སྐྱེས་བུ་གསུམ་གྱི་རྣམ་བཞག་ལ། འཁོར་བའི་མངོན་མཐོ་ཙམ་དོན་དུ་གཉེར་བའི་གང་ཟག་དེ། སྐྱེས་བུ་ཆུང་ངུའི་མཚན་ཉིད་ཡིན་ཏེ། ལམ་སྒྲོན་ལས། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །སྐྱེས་བུ་དེ་ནི་ཐ་མར་ཤེས། །ཞེས་དང། འདིར་སྲིད་པའི་བདེ་བ་ཙམ་ཞེས་པས་སྲིད་པའི་མངོན་མཐོ་ལས་གཞན་གཅོད། རང་ཉིད་ཅེས་པའི་གཞན་དོན་གཅོད་པའི་ཕྱིར། དེ་ལ་ཕལ་པ་དང་ཁྱད་པར་ཅན་གཉིས་ཡོད། ཆོས་མིན་གྱིས་ཚེ་འདིའི་བདེ་བ་ཙམ་དོན་དུ་གཉེར་བའི་གང་ཟག་དེ། སྐྱེས་བུ་ཆུང་ངུའི་ཐ་མའི་མཚན་ཉིད་ཡིན་ཏེ། བསྡུ་བ་ལས། དེ་ལ་འདོད་པ་ལ་ལོངས་སྤྱོད་པ་དང་པོ་ནི་སྐྱེས་བུ་ཐ་མ་ཡིན་ནོ ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དང་པོ་ནི། བསྡུ་བ་ལས། འདོད་པ་ལ་ལོངས་སྤྱོད་པ་གང་ཆོས་མིན་པས་བབ་ཅོལ་དུ། ཞེས་གསུངས་པའི་ཕྱིར། ཆོས་དང་ཆོས་མིན་གྱིས་ཚེ་འདི་ཙམ་སྒྲུབ་པའི་གང་ཟག་དེ། སྐྱེས་བུ་ཆུང་ངུའི་འབྲིང་གི་མཚན་ཉིད་ཡིན་ཏེ། བསྡུ་བ་ལས། གཉིས་པ་ནི། སྐྱེས་བུ་འབྲིང་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གཉིས་པ་ནི། བསྡུ་བ་ལས། འདོད་པའི་ཕྱིར་ལོངས་སྤྱོད་པ་གང། ཆོས་དང་ཆོས་མ་ཡིན་པས་བབ་ཅོལ་དང༌། ནས། བབ་ཅོལ་མ་ཡིན་པར། ཞེས་གསུངས་པའི་ཕྱིར། ཚེ་འདི་ལ་ཆེད་ཆེར་མི་བྱེད་པར་ཆོས་ཁོ་ནས་ཕྱི་མའི་འཁོར་བདེ་ཙམ་དོན་དུ་གཉེར་བའི་གང་ཟག་དེ། སྐྱེས་བུ་ཆུང་ངུའི་མཆོག་གི་མཚན་ཉིད་ཡིན་ཏེ། བསྡུ་བ་ལས། གསུམ་པ་ནི་སྐྱེས་བུ་མཆོག་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གསུམ་པ་ནི། བསྡུ་བ་ལས། འདོད་པ་ལ་ལོངས་སྤྱོད་པ་གང་གཅིག་ཏུ་ཆོས་ཀྱི་བབ་ཅོལ་མིན་པ་ཁོ་ནར། ཞེས་གསུངས་པའི་ཕྱིར། དེ་བཞིན་དུ་སྐྱེས་བུ་གསུམ་གྱི་རྣམ་གྲངས་ཤིན་ཏུ་མང་སྟེ། ངེས་འབྱུང་དང་སྦྱིན་གནས་སོགས་ཀྱི་དབྱེ་བ་མང་བའི་ཕྱིར། ལམ་རིམ་ལས། གཞན་ཡང༌། སྐྱེས་བུ་ཐ་མ་དང་འབྲིང་དང་མཆོག་གི་འཇོག་ཚུལ་མང་པོ་ཞིག་གསུངས་སོ། །ཞེས་གསུངས་པའི་ཕྱིར། འཁོར་བའི་ཕུན་ཚོགས་ལ་བློ་ལོག་པའི་སྒོ་ནས། རང་ཁོ་ནའི་དོན་དུ་ཐར་པ་གཙོ་བོར་དོན་གཉེར་གྱི་ཆ་ནས་བཞག་པའི་གང་ཟག་དེ། སྐྱེས་བུ་འབྲིང་གི་མཚན་ཉིད་ཡིན་ཏེ། ལམ་སྒྲོན་ལས། གང་ཞིག་རང་ཞི་ཙམ་དོན་གཉེར། །སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང༌། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །ཞེས་སོ། །རང་ཞི་ཙམ་ཞེས་པས་རང་དོན་ཁོ་ན་དང༌། སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཞེས་པས་འཁོར་བའི་ཕུན་ཚོགས་ལ་ཞེན་པ་ལོག་པ་དང༌། ལྡོག་བདག་ཉིད་ཅེས་པས་སྡིག་པ་ལས་དུས་ཐམས་ཅད་དུ་ལོག་པའི་རང་བཞིན་དགོས་པར་བསྟན་པས་སྐྱེས་བུ་འབྲིང་ཐམས་ཅད་ལ་མ་ཁྱབ་སྟེ། མ་ངེས་པའི་རིགས་ཅན་སྲིད་པ་མེ་འབར་བ་ལྟ་བུའི་ངེས་འབྱུང་ཡོད་ཀྱང་ཉོན་མོངས་དང་གྲོགས་ཅི་རིགས་ཀྱི་དབང་གིས་སྡིག་པ་བྱེད་པའི་སྐྱེས་བུ་འབྲིང་ཡོད་པར་མ་ཟད་ཆེན་པོའང་ཡོད་པའི་ཕྱིར། མདོ་སྡེ་རྒྱན་ལས། ཉོན་མོངས་ཀྱིས་ནི་བདག་འཇོམས་ཤིང་། །སེམས་ཅན་འཇོམས་ཤིང་ཚུལ་ཁྲིམས་འཇོམས། །ཞེས་དང༌། མདོ་མྱང་འདས་ལས། བྱང་ཆུབ་སེམས་དཔའ་ནི་གྲོགས་ངན་པ་ལ་འཇིགས་པ་ལྟར། གླང་པོ་ཆེ་མྱོས་པ་ལ་སོགས་པ་ལ་ནི་མ་ཡིན་ཏེ། ཞེས་དང༌། ཚོམས་ལས། སྡིག་ཅན་མི་དང་འགྲོགས་མི་བྱ། །གལ་ཏེ་སྡིག་པ་བྱེད་པ་དག།།སྡིག་མི་བྱེད་པས་བསྟེན་ན་ཡང༌། །སྡིག་པ་བྱེད་པར་དོགས་སྐྱེ་ཞིང༌། །ཞེས་གསུངས་པའི་ཕྱིར། དེས་ན་བྱ་བ་ལ་དེ་ལྟར་ཡིན་ཀྱང་སེམས་ཀྱི་སྡོམ་པ་ལ་སྦྱར་ན་ཐམས་ཅད་ལ་རུང༌། ས་མཚམས་མ་མཐའ་ཉན་རང་ལམ་ལ་འཇུག་ཁ་མ་ནས་ཡ་མཐའ་ཉན་རང་དགྲ་བཅོམ་གཉིས་ལྷག་མེད་བར་དང༌། དགྲ་བཅོམ་དེ་གཉིས་ཀྱང་ཐེག་ཆེན་གྱི་སྙིང་རྗེ་ཆེན་པོ་ལྷག་བསམ་སྐྱེ་ཁ་མའི་བར་དུ་ཡོད། སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པའི་སྒོ་ནས། སེམས་ཅན་གཞན་རྒྱུད་ལ་སངས་རྒྱས་ཐོབ་ཕྱིར་དུ་རྣམ་མཁྱེན་དོན་དུ་གཉེར་བའི་ཆ་ནས་བཞག་པའི་གང་ཟག་དེ། སྐྱེས་བུ་ཆེན་པོའི་མཚན་ཉིད། ལམ་སྒྲོན་ལས། རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་སོ། །ཁྱབ་སྟེ། དང་པོས་རང་ཉམས་ལ་དཔགས་ཚུལ་དང༌། གཞན་གྱི་ཞེས་པས་གཞན་དོན་དུ་བསྟན་ཅིང༌། སྡུག་བསྔལ་ཀུན་ཞེས་པས་སྡུག་བདེན་ཕྲ་མོའམ་འཁོར་བ་ཕྲ་མོ་ཚུན་ཆད་ཕྲ་རགས་ཀུན་ཡང་དག་ཟད་པས་བག་ཆགས་དང་བཅས་པ་མ་ལུས་པར་ཟད་པ་དང༌། ཀུན་ནས་འདོད་ཀྱིས་ཐབས་སྣ་ཚོགས་ཀྱིས་འདོད་པར་བསྟན་པའི་ཕྱིར། གཟུང་རྒྱལ་གྱི་མདོ་ལས། ནོར་བུ་བཀྲུ་བར་བཤད་པའི་དཔེས་ཤེས་དགོས་པའི་ཕྱིར། ས་མཚམས་ཐེག་ཆེན་ལམ་མ་ཞུགས་ཀྱི་ལྷག་བསམ་ནས། སངས་རྒྱས་ཀྱི་སའི་བར་རོ། །སྐྱེས་བུ་ཆེ་འབྲིང་ཆུང་ངུར་འཇོག་ཚུལ་དུ་མ་ཡོད་ཀྱང་འདིར་སེམས་ཀྱི་སྒོ་ནས་བཞག་པ་རྟ་དབྱངས་དང༌། དབྱིག་གཉེན་གྱི་དགོངས་པ་ཡིན་ཏེ། མཛོད་ལས། ཆུང་ངུ་ལ་སོགས་ཡིད་ཇི་བཞིན ཞེས་དང༌། རང་འགྲེལ་ལས། ཆུང་ངུ་འབྲིང་དང་ཆེན་པོ་ཉིད་ནི་ཡང་དག་པར་ལེན་པའི་སེམས་ཀྱི་དབང་གིས་ཏེ། ཞེས་གསུངས་པའི་ཕྱིར། དེའི་རིགས་པ་སྦྱར་བ་ནི། ལམ་རིམ་ལས། ལམ་སྒྲོན་བཞིན་དུ་མཛོད་འགྲེལ་ལས་ཞེས་གསུངས་པའི་དགོངས་པར་འདོད་པ་མང་ཡང་ལམ་སྒྲོན་གྱི་མཚན་ཉིད་གསུམ་ལྟར་བྱེད་ན། དེ་མི་རུང་སྟེ་འདིའི་ཆུང་ངུ་ལ་དགྲ་བཅོམ་པའང་ཡོད། ཆེན་པོ་ལའང་ལམ་མ་ཞུགས་ཀྱི་དགེ་སློང་ཡང་ཡོད་པའི་ཕྱིར། དེས་ན་མཛོད་ལས། བསོད་ནམས་མྱ་ངན་འདས་པ་དང༌། །ངེས་འབྱེད་ཆ་མཐུན་དགེ་རྣམ་གསུམ། །ཞེས་པས་མཚན་ཉིད་བསྟན་ཏེ། བསོད་ནམས་ཞེས་པས་ཆུང་ངུ་དང་ལྷག་མས་ཆེ་འབྲིང་གཉིས་སྟོན་པའི་ཕྱིར། དཔེར་ན། རིན་ཆེན་ཕྲེང་བ་ལས། དང་པོར་མངོན་པར་མཐོ་ཐོབ་པས། །ཕྱིས་ནི་ངེས་པར་ལེགས་པ་འབྱུང༌། །ཞེས་པས་གསུམ་བསྟན་པ་བཞིན་ནོ། །སྐྱེས་བུ་གསུམ་ཀའི་ཉམས་སུ་བླང་བྱ་ཡིན་ལ། འབྲིང་གི་ལམ་རང་རྒྱུད་ལ་སྐྱེ་བ་ལ་རང་ཉིད་ལ་ཐོག་མར་ཞུགས་དགོས་པའི་བསམ་པ་དེ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་མཚན་ཉིད། མི་རྟག་པ་དང་སྡུག་བསྔལ་བ་དང༌། མི་དགེ་བ་བཅུ་སྤོང་བ་དང་དགེ་བཅུ་སྒྲུབ་པའི་བསམ་པ་ལྟ་བུ་མཚན་གཞི་ཡིན། སྐྱེས་བུ་ཆེ་འབྲིང་གཉིས་ཀའི་ཉམས་སུ་བླང་བྱ་20ཡང་ཡིན་ལ་ཆེན་པོའི་ལམ་སྐྱེ་བ་ལ་ཐོག་མར་རང་ཉིད་ལ་བློ་སྦྱོང་དགོས་པའི་བསམ་པ་དེ། སྐྱེས་བུ་ཆེ་འབྲིང་ཐུན་མོང་གི་ལམ་གྱི་མཚན་ཉིད། བདེན་བཞིའི་ཁྱད་ཆོས་མི་རྟག་སོགས་བཅུ་དྲུག་ལྟ་བུ་དང༌། སྡུག་བདེན་གྱི་ཉེས་དམིགས་དང་ཀུན་འབྱུང་གི་སྐྱེ་རིམ་རྟོགས་པའི་ཤེས་རབ་ལྟ་བུ་མཚན་གཞི་ཡིན། སྐྱེས་བུ་གསུམ་གྱི་ལམ་ནི་མཚན་ཉིད་དེ་གསུམ་གྱིས་ཤེས་སླའོ། །

(20) པར་ཐེངས་གཉིས་པ། ཡང་ཡིན་ཆེན་པོའི།

    རྩོད་སྤོང་ལ་ཁོ་ན་རེ། རྒྱུད་བླ་མ་ཤིང་རྟའི་སྲོལ་འབྱེད་ཀྱི་བསྟན་བཅོས་ཡིན་པར་ཐལ། རྒྱན་རྩོམ་པ་པོ་ཤིང་རྟའི་སྲོལ་འབྱེད་ཡིན་པའི་ཕྱིར་ན་ཤིན་ཏུ་མ་ཁྱབ་སྟེ། དེ་ཤིང་རྟའི་སྲོལ་འབྱེད་ཡིན་ཀྱང་དེའི་བསྟན་བཅོས་གང་བརྩམས་ཀྱིས་ཤིང་རྟའི་སྲོལ་འབྱེད་པར་བྱེད་མི་དགོས་པའི་ཕྱིར་དང༌། དེས་ཤིང་རྟའི་སྲོལ་ཕྱེ་ཚུལ་སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཀུན་དངོས་པོ་བརྒྱད་དུ་འགྲེལ་བ་དེ་ཡིན་པས་མངོན་རྟོགས་རྒྱན་ཤིང་རྟའི་སྲོལ་འབྱེད་ཀྱི་བསྟན་བཅོས་ཡིན་པའི་ཕྱིར། རྟགས་སྒྲུབ་ཟིན། ཁོ་ན་རེ། སྡུག་བདེན་གྱི་མི་རྟག་སྡུག་བསྔལ་སྟོང་བདག་མེད་བཞི་རྟོགས་པའི་བློ་ཆོས་ཅན། སྐྱེས་བུ་ཆུང་ངུ་དང་ཐུན་མོང་གི་ལམ་ཡིན་པར་ཐལ། སྐྱེས་བུ་འབྲིང་གི་ལམ་རང་རྒྱུད་ལ་སྐྱེ་བ་ལ་རང་ཉིད་ལ་བློ་སྦྱོང་བ་སྔོན་དུ་འགྲོ་དགོས་པའི་བསམ་པ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ཡིན་ཀྱང་ཆུང་ངུས་སྟོང་བདག་མེད་གཉིས་ཉམས་སུ་མི་ལེན་པའི་ཕྱིར། ཁྱབ་སྟེ། སྐྱེས་བུ་ཆུང་ངུ་དང་འབྲིང་གཉིས་གའི་ཉམས་སུ་བླང་བྱ་མིན་ན་ཐུན་མོང་གི་དོན་མི་ཚང་བའི་ཕྱིར་ཏེ། དེའི་ཐུན་མོང་གི་དོན་དེ་ཡིན་པའི་ཕྱིར། རྗེའི་གསུང་མགུར་ལས། ལམ་མཆོག་གཉིས་ཀར་དགོས་པའི་ཐུན་མོང་ལམ། །ཞེས་སོ། །མ་ཁྱབ་མཚམས་དང་པོ་ལ་རྟགས་གྲུབ་སྟེ། ཐར་པ་དོན་གཉེར་གྱི་བློ་མཚན་ཉིད་ཚང་བ་སྐྱེ་བ་ལ་དེ་བཞི་ལ་བློ་སྦྱངས་དགོས་པའི་ཕྱིར། དེར་ཐལ། སྡུག་བསྔལ་སྒོམ་པས་འཁོར་བ་ལ་འབྲལ་འདོད་སྐྱེས་ཀྱང་མི་རྟག་པ་མ་བསྒོམ་ན་ཕུང་པོ་དང་ཚེ་འདིའི་ཞེན་པ་མི་ཆོད། བདག་མེད་མ་རྟོགས་ན་དབང་པོ་སོགས་བདག་གི་བ་ལ་སྲེད་པ་ངང་གིས་འདྲེན་པས་ཐར་བློ་ཚང་བ་མི་སྐྱེ་བའི་ཕྱིར། དང་པོ་གྲུབ་སྟེ། རྗེའི་ཚད་མའི་ལམ་སྒྲིག་ལས། སྡུག་བསྔལ་དུ་རྟོགས་པའི་ལག་རྗེས་ལ་འཁོར་བ་འབྲལ་འདོད་སྐྱེས་ཀྱང་མི་རྟག་པ་མ་རྟོགས་ན་ཕུང་པོ་དང་མི་འབྲལ་བའི་སྲེད་པ་འགོག་མི་ནུས་ཤིང༌། དེ་རྟོགས་པ་ལས་དེ་དང་མི་འབྲལ་བའི་སྲེད་པ་འགོག་ནུས་པའི་ཕྱིར་རོ། །ཞེས་སོ། །གཉིས་པ་གྲུབ་སྟེ། རྗེའི་ཚད་མའི་ལམ་སྒྲིག་ལས། དེས་ན་ཕུང་པོ་མི་རྟག་པར་རྟོགས་པའི་ལག་རྗེས་ལ་དེ་དང་འབྲལ་ངེས་དང་སྡུག་བསྔལ་དུ་རྟོགས་པའི་འབྲལ་འདོད་སྐྱེས་ཀྱང་ཐར་པ་དོན་གཉེར་གྱི་བློ་མཚན་ཉིད་ཚང་བ་ལ་བདག་མེད་རྟོགས་དགོས་སོ། །ཞེས་གསུངས་པའི་ཕྱིར། གོང་གི་མ་ཁྱབ་མཚམས་གཉིས་པའི་རྟགས་གྲུབ་སྟེ། སྟོང་བདག་མེད་གཉིས་རྟོགས་པའི་སྐྱེས་བུ་ཆུང་ངུ་མེད་པའི་ཕྱིར། དེར་ཐལ། དེ་གཉིས་རྟོགས་པ་ན་ཐར་ལམ་དུ་སླེབ་པར་རང་རྒྱུད་པ་མན་ཆད་ཀྱིས་ཁས་ལེན་དགོས་པའི་ཕྱིར། རྣམ་འགྲེལ་ལས། སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱི། །སྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་གསུངས་པའི་ཕྱིར།

    བྱས་པ་ལ་ཁོ་ན་རེ། ཆུང་ངུ་ལ་སྟོང་བདག་མེད་རྟོགས་པ་ཡོད་པར་ཐལ། སྡུག་བདེན་ལ་མི་རྟག་པར་རྟོགས་པས་ཤུགས་ལ་སྡུག་བསྔལ་དང་བདག་མེད་རྟོགས་པ་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། དེ་གསུམ་ག་ལ་ཕྲ་རགས་གཉིས་གཉིས་ཡོད་པ་གང་ཞིག རགས་པའི་སྡུག་བསྔལ་ངན་སོང་གི་སྡུག་བསྔལ་རྟོགས་ནས་སྐྲག་པ་ཡང་རགས་པའི་མི་རྟག་པ་ཡུན་རིང་དུ་མི་གནས་པར་འཆི་བ་རྟོགས་པ་ལ་ལྟོས་པ་དེ་ཙམ་སྐྱེས་བུ་ཆུང་ངུ་ལ་ཡོད་ཀྱང་སྐད་ཅིག་མི་སྡོད་པར་འགྲོ་བའི་མི་རྟག་པ་དང་ལས་ཉོན་གྱིས་འདུ་བྱས་པའི་འཁོར་བའི་ཕུན་ཚོགས་ལ་མི་འདོད་པའི་བློ་སྐྱེ་བ་འབྲིང་གི་སྐབས་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རྒྱལ་ཚབ་ཀྱི་ཚད་མའི་ལམ་སྒྲིག་ལས། འདུ་བྱས་མི་རྟག་པར་རྟོགས་པ་ལས་ཟག་བཅས་སྡུག་བསྔལ་དུ་རྟོགས་ཤིང་དེ་ལས་བདག་མེད་རྟོགས་པ་འབྱུང་སྟེ། འདི་ལྟར་གསུམ་ཀ་ལ་ཕྲ་རགས་གཉིས་གཉིས་ཡོད་པས། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་ཉིད་ལས། རགས་པའི་སྡུག་བསྔལ་ངན་སོང་ལ་མི་འདོད་པའི་བློ། ཞེས་སོ། །གསུམ་པ་གྲུབ་སྟེ། དེ་ཉིད་ལས། ཕྲ་བའི་སྡུག་བསྔལ་ལས་ཉོན་གྱིས་འདུ་བྱས་པ་ལ་མི་འདོད་པའི་བློ་སྐྱེ་བ་ཡང་མི་འདོད་པའི་གནས་སུ་སྐད་ཅིག་གིས་མི་སྡོད་པར་འགྲོ་བར་རྟོགས་པ་སྔོན་དུ་ངེས་པར་སོང་བ་ལ་ལྟོས། ཞེས་གསུངས་པའི་ཕྱིར། དེས་ཆེ་འབྲིང་ཐུན་མོང་གི་བསམ་པའི་ཞིབ་ཆ་ཡང་ཤེས་པར་གྱིས། ཡང་ཁོ་ན་རེ། སྐྱེས་བུ་འབྲིང་ཡིན་ན་སྲིད་པའི་ཕུན་ཚོགས་དོན་དུ་མི་གཉེར་བས་ཁྱབ་པར་ཐལ། དེ་ཡིན་ན་སྲིད་པའི་ཕུན་ཚོགས་ལ་ཞེན་པ་ལོག་པས་ཁྱབ་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ལམ་སྒྲོན་ལས། སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང༌། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། སྐྱེས་བུ་ཆེ་འབྲིང་གཉིས་ཀས་ཀྱང་དེ་ལྟར་རྟོགས་ཀྱང་ཐར་པ་ཐོབ་པ་ལ་སྐྱེ་བ་དུ་མ་བརྒྱུད་དགོས་པས་དེ་དོན་དུ་གཉེར་དགོས་པའི་ཕྱིར་ཏེ། དཔེར་ན། སྨན་གྱི་ནང་གི་རྫས་འགའ་ཞིག་ལ་སྐྱུག་ལོག་ཀྱང་ནད་ཞི་བའི་ཆེད་དུ་དོན་དུ་གཉེར་བ་བཞིན་ཡིན་པའི་ཕྱིར། རྒྱལ་ཚབ་ཀྱི་ཚད་མའི་ལམ་སྒྲིག་ལས། ཐར་པ་དེ་ཡང་ཚེ་གཅིག་ཙམ་གྱིས་མི་འགྲུབ་པས། དེ་སྒྲུབ་པའི་རྟེན་དལ་འབྱོར་རྣམ་པར་དག་པ་སྐྱེ་བ་དུ་མར་བརྒྱུད་དགོས་པར་ཤེས་ནས་ཕྱི་མ་དོན་གཉེར་ཤིན་ཏུ་ནས་ཀྱང་སྐྱེ་བས། ཞེས་གསུངས་པའི་ཕྱིར། འདི་འདྲས་འཁྲུལ་བ་ཁ་ཅིག །བྱང་སེམས་ཀྱིས་ཀྱང་འཁོར་བའི་སྐྱེ་བ་བླངས་པ་ཐམས་ཅད་ཀྱི་ལུས་ལ་འཁོར་21བ་འཇོག །ཁ་ཅིག །བྱང་སེམས་སོ་སྐྱེས་བླངས་ཚད་ཀྱི་ལུས་ལ་འཁོར་22བ་འཇོག་ཟེར། གཉིས་ཀ་ལ་འོ་ན། མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ལས་ཀྱིས་བླངས་པའི་ལུས་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་སླ། འདོན་ན། དེའི་སྐྱེ་བ་ལེན་པའི་རྒྱུ་ཉོན་མོངས་ཡོད་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། ཟག་མེད་ལས་ཀྱི་དབང་གིས་མ་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། ཟག་མེད་ལས་ཀྱི་ཟག་མེད་ནི་ཉོན་མོངས་མེད་པ་ལ་བྱེད་པའི་ཕྱིར། ཕྱི་མ་ལ་སྨོན་ལམ་གྱི་དབང་གིས་བྱང་སེམས་སོ་སྐྱེའི་སྐྱེ་བ་བླངས་པའི་དག་ཞིང་གི་བྱང་སེམས་སོ་སྐྱེའི་ལུས་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། དེ་ཡོད་པའི་ཕྱིར། དེར་ཐལ། དག་ཞིང་གི་རིགས་ཅན་གསུམ་ཀ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་སྨོན་ལམ་དག་པའི་དབང་གིས་བླངས་པའི་ལུས་ཡིན་པའི་ཕྱིར།

(21) པར་ཐེངས་གཉིས་པ། བར།

(22) པར་ཐེངས་གཉིས་པ། བར།

                               སྨྲས་པ།

རྨད་བྱུང་བསྟན་པའི་བདུད་རྩི་ཐོས་བསམ་གྱིས། །

སྐབས་གསུམ་རོ་འཛིན་ཚིམ་ཀྱང་མ་སྦྱངས་པའི། །

སྒྲ་ཙམ་འཛིན་པའི་ཡིད་ཀྱི་ཟུག་རྔུ་ཀུན། །

འབྱིན་ལ་སྨན་དཔྱད་བཀླགས་པས་ནད་བཞིན་ནོ། །

    འོན་ཀྱང་སྒྲ་བཅས་སྔགས་འགས་རིམས་འཇོམས་བཞིན། །ཐུབ་གསུང་ཤེར་ཕྱིན་རིག་སྔགས་ཐོས་པས་ཀྱང༌། །ཉོན་མོངས་ནད་དང་གདོན་སེལ་ལྷའི་དབང་པོས། །སྐད་ཅིག་བསམ་དང་བརྗོད་པས་བདུད་སོགས་ཞི། །བསམ་གྱིས་མི་ཁྱབ་ཀུན་ནས་ཆེས་ཆེ་བ། །སྟོན་པས་བཀུར་དང་སངས་རྒྱས་ཐམས་ཅད་ཀྱིས། །སྐྱེས་བསྐུར་བསྔགས་པའི་ཤེར་ཕྱིན་འདི་ལྟར་དུ། །ཉིན་མཚན་སྤྱོད་པ་ངོ་མཚར་ཨེ་མ་ཧོ། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

                            རྩོམ་སྒྲིག་པ། མང་ར་བ།

            གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།