ཀུན་མཁྱེན་ཕར་ཕྱིན་ལས་ཤིང་རྟའི་སྲོལ་འབྱེད།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-12-05 20:23:17     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

97058295108396316.jpg

  མཆོད་བརྗོད།

ན་མོ་གུ་རུ་ཝེ་ཤྲི་མཉྫུ་གྷོ་ཥཱ་ཡ་ཙ།

འོད་ལྡན་བཅུ་གཉིས་བདག་བཞིན་ཐུབ་པའི་བསྟན། །

སྤྱི་དང་སྲས་བཞི་མཆོག་བསྐྱེད་ཡུམ་དོན་ཀུན། །

གསལ་མཛད་ཡོངས་འཛིན་འཇམ་དབྱངས་མཆོག་ཀུན་ཞབས། །

དད་པས་སྤྱི་གཙུག་རྒྱན་བཅས་སྙིང་ནས་འདུད། །

    ལྷག་བསམ་སྙིང་སྟོབས་མཆོག་གིས་རྒྱལ་སྲས་ཐོག་མའི་དུས་ནས་ཀྱང༌། །ཟླ་བྲལ་ཁྱོད་ནི་པད་དཀར་འདྲ་ཞེས་རྒྱལ་རྣམས་རྨད་བྱུང་བའི། །བསྔགས་བརྗོད་གྲགས་སྙན་མཁའ་བཞིན་ཕྱོགས་ཀུན་ཁྱབ་མཛད་ཉི་མའི་གཉེན། །མཉམ་མེད་ཤཱཀྱ་སེང་གེའི་ཞབས་སེན་སྙིང་དབུས་པད་མཚོར་བཞུགས། །མགོན་དེའི་རྒྱལ་ཚབ་བྱེ་བ་ཕྲག་བརྒྱའི་གླིང༌། །མ་ལུས་གཅིག་ཆར་ཆོས་ཀྱིས་སྐྱོང་མཛད་པའི། །ཐུབ་པའི་གསང་གསུམ་མངོན་གྱུར་བདུད་བཞི་ལས། །རྒྱལ་བ་མི་ཕམ་མགོན་པོའི་ཞབས་ལ་འདུད། །དཔག་མེད་གདོད་ནས་མངོན་པར་སངས་རྒྱས་ཀྱང༌། །སྨོན་དབང་རྒྱལ་སྲས་ཚུལ་གྱིས་རྣམ་འདྲེན་ཀུན། །སྐྱེད་མཛད་རྒྱལ་བའི་ཡབ་གཅིག་ལ་འདུད་ཀྱེ། །ཡུམ་དོན་མ་ལུས་གསལ་བའི་བློ་གྲོས་སྩོལ། །དུང་དུང་ལན་རེ་མོས་ཀྱང་རྨོངས་པའི་སྙིང༌། །མང་མང་ཤེས་བྱའི་གཟུགས་ཀུན་གསལ་འཆར་བའི། །མཁས་མཁས་གཙུག་ནོར་མཆོག་སྟེར་དབྱངས་ཅན་1ཀྱཻ། །ལྷུག་ལྷུག་དཀའ་གནད་མདུད་གྲོལ་ངག་སྩོལ་ཅིག །ཡུམ་དོན་དཀའ་སྙམ་བཅུ་གཉིས་ལོར་བསྒྲུབས་པའི། །མི་ཕམ་གསུང་རྒྱུན་གང་གཱའི་ཆུ་ཀླུང་ཆེ། །ལྷ་ཡི་ཡུལ་ནས་མི་ཡུལ་མ་ལུས་པར། །ཁྱབ་མཛད་ཐོགས་མེད་སྐུ་མཆེད་འགྲོ་བའི་མིག །འཕགས་ཡུལ་ཤེར་ཕྱིན་འགྲེལ་མཛད་ས་འཛིན་དབུས། །འཆད་མཁས་ཙན་དན་དྲི་བསུང་ངད་འཐུལ་བའི། །ལེགས་བཤད་ནགས་ཀླུང་སྟུག་པོས་ལྷ་མིའི་ཡིད། །འཕྲོག་མཛད་འཕགས་སེང་གྲགས་སྙན་སྲིད་རྩེ་བརྒལ། །གངས་རིས་བསྐོར་ཡང་རྨོངས་པའི་མུན་འཐིབས་པའི། །ལྗོངས་འདིར་ཆོས་སྣང་སྤྲོ་མཛད་ལོ་པཎ་དང༌། །རྒྱལ་བློན་ཀུན་དང་ཁྱད་པར་ཤེར་ཕྱིན་གཞུང༌། །སྤེལ་མཛད་མཁས་མང་མ་ལུས་ཕྱག་གི་ཡུལ ཐུབ་པའི་ལུང་ལྟར་འཇམ་དབྱངས་མི་ཡི་བཟློས་གར་གྱིས། །སངས་རྒྱས་མཛད་པ་ལུང་རྟོགས་བསླབ་གསུམ་ལག་ལེན་སོགས། །མཐའ་དག་རྫོགས་ལྡན་ལ་བཀོད་བློ་བཟང་རྒྱལ་བ་ཞེས། །གྲགས་པའི་བ་དན་སྲིད་ན་མཐོ་བར་གུས་ཕྱག་འཚལ། །མགོན་དེའི་སྲས་རྣམས་ཀུན་དང་གང་གི་ལུགས། །གསུང་བཞིན་མཁྱེན་རབ་དར་བས་མ་ལུས་ཆོས། །ཇི་བཞིན་གཟིགས་པས་འགྲོ་ལ་ལེགས་སྟོན་པའི། །རྒྱལ་ཚབ་རིན་ཆེན་བདུན་ལྡན་ཆོས་ཀྱི་རྗེ། །མཁས་གྲུབ་བྱེ་བའི་རལ་པའི་ཐོར་ཅོག་རྩེར། །རིགས་བརྒྱའི་ཁྱབ་བདག་དགེ་ལེགས་དཔལ་འཆང་ཞབས། །མཁས་བཙུན་བཟང་པོས་ལེགས་བཀོད་སྐལ་ལྡན་ཀུན། །འདྲེན་མཛད་འགྲོ་བའི་གཉེན་གཅིག་ལ་ཕྱག་འཚལ། །སྤྲུལ་པའི་རབས་ཀྱིས་ཞྭ་སེར་རིང་ལུགས་བསྟན། །རྒྱ་མཚོའི་གོས་ཅན་མ་ལུས་ཁྱབ་བྱས་པས། །གྲགས་པའི་བ་དན་སྲིད་ན་ལྷང་ངེ་བ། །རྒྱལ་བ་ཡབ་སྲས་གཉིས་ལ་2གུས་ཕྱག་འཚལ། །ལུང་རིགས་རིན་ཆེན་བྱེ་བའི་དྲ་བ་འཕྱངས། །རྗོད་བྱེད་ཁྱད་འཕགས་དྲི་བཟང་ཕྱོགས་བཅུར་ཁྱབ། །དོན་གྱི་ཤེར་ཕྱིན་འདོད་པ་ཀུན་སྟེར་བའི། །རྣམ་སད་དཔག་བསམ་ལྗོན་པ་སྐལ་བས་རྙེད ལ་ལ་ཚིག་ཙམ་མཐོང་བས་རློམ་སེམས་བྱེད། །འགའ་ཞིག་ཟེར་སྒྲོས་བྲིས་ཤིང་ཕལ་ཆེར་གྱིས། །ཚིག་དོན་མུན་མདའ་འཕངས་ལ་ཆགས་སྡང་གིས། །རྩོད་ཡིག་དགག་ཡུལ་མིན་ཕྱིར་འདིར་མི་འཆད། །ཡུམ་དོན་སྟོན་པས་གསུངས་དང་རྒྱལ་ཚབ་ཀྱིས། །བཀྲལ་བཞིན་ཤིང་རྟ་ཆེན་པོའི་ལུགས་བཞིན་དུ། །དམ་པའི་དྲིན་གྱིས་རྙེད་དེ་ལུང་རིགས་ཀྱིས། །རློམ་བྲལ་བརྩེ་བས་འདིར་འཆད་བློ་ལྡན་ཉོན། །

(1) པར་ཐེངས་གཉིས་པ། ཀྱེ། །

(2) པར་ཐེངས་གཉིས་པ། ཕྱག་འཚལ་ལོ། །

 

                                    ཤིང་རྟའི་སྲོལ་འབྱེད།

    དེ་ལ་འདིར་བདག་ཅག་གི་སྟོན་པ་མཉམ་མེད་དེ་ཉིད་ཀྱིས་དང་པོར་དམྱལ་བའི་རྟེན་ལ་སྨོན་སེམས་དང༌། ཁྱེའུ་སྣང་བྱེད་ཀྱི་དུས་ཤཱཀྱ་ཐུབ་པ་ཆེན་པོ་ལས་འཇུག་སེམས་བསྐྱེད་ཅིང༌། དེ་ནས་གྲངས་མེད་གསུམ་གྱི་ཚོགས་བསགས་ཤིང༌། མཐར་འོག་མིན་གྱི་རྟེན་ལ་སངས་རྒྱས་ཏེ། གླིང་འདིར་མཆོག་གི་སྤྲུལ་སྐུས་ཆོས་ཀྱི་ཕུང་པོ་དང་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་ཀྱི་མཆོག་ནི་ཤེར་མདོ་ཡིན་ཏེ། ཚིག་གསལ་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་ཀྱི་ནང་ནས་རབ་དང༌། ཕུལ་དང༌། གཙོ་བོ་དང༌། གྱ་ནོམ་པ་ཉིད་དུ་གྱུར་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ཉིད་དེ། ཞེས་གསུངས་པའི་ཕྱིར། དེའི་དགོངས་པ་འགྲེལ་པ་ལ་དུ་མ་ཡོད་དེ། བོད་སྔ་མ་ལ་ཀླུ་སྒྲུབ་ཀྱི་རིགས་ཚོགས་དང༌། ཕྱོགས་གླང་གི་བརྒྱད་སྟོང་དོན་བསྡུས་དང༌། ཁ་ཆེ་མཆེ་བའི་སྡེའི་གནོད་འཇོམས་དང༌། རྗེ་བཙུན་གྱི་མངོན་རྟོགས་རྒྱན་དང་བཞི་ལ་ཤིང་རྟའི་སྲོལ་འབྱེད་བཞིར་གྲགས་པ་དང༌། གནས་ཚོད་ལ་བློ་གྲོས་མི་ཟད་པའི་མདོ་ལྟར་དངོས་བསྟན་སྟོང་ཉིད་བཀྲལ་ཚུལ་དང༌། སྦས་དོན་མངོན་རྟོགས་བཀྲལ་ཚུལ་གཉིས་སུ་གནས་པའི་ཕྱིར། དང་པོ་བཞིས་བཀྲལ་ཚུལ་ཡོད་དེ། ཀླུ་སྒྲུབ་ཀྱིས་བསྒྲུབ་བྱ་བདེན་དངོས་འགོག་པའི་རིགས་ཚོགས་དྲུག་དང༌། ཕྱོགས་གླང་གིས་བརྒྱད་སྟོང་པའི་དོན་སོ་གཉིས་སུ་བཀྲལ། ཁ་ཆེ་མཆེ་བའི་3སྡེས་སྒོ་གསུམ་དང་རྣམ་གྲངས་བཅུ་གཅིག་ཏུ་བཀྲལ། མངོན་རྟོགས་རྒྱན་གྱིས་དངོས་པོ་བརྒྱད་དུ་བཀྲལ་བའི་ཕྱིར། ལེགས་བཤད་གསེར་ཕྲེང་ལས། འདིའི་དགོངས་པ་འགྲེལ་བའི་བསྟན་བཅོས་ལ་ཡང་དུ་མ་ཞིག་ཡོད་ཀྱང་གཙོ་བོར་གྱུར་པ་ནི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་བཞི་ཞེས་སྔ་མ་རྣམས་ལ་གྲགས་སོ། །ཞེས་གསུངས་པའི་ཕྱིར། དང་པོ་གྲུབ་སྟེ། བསྒྲུབ་བྱ་བདེན་དངོས་འགོག་པའི་རྩ་ཤེ་དང༌། དེའི་རབ་བྱེད་དང་པོའི་འཕྲོས་དོན་རྩོད་ཟློག་དང༌། རབ་བྱེད་བདུན་པའི་འཕྲོས་དོན་སྟོང་ཉིད་བདུན་ཅུ་པ་དང༌། རང་སྡེའི་བདེན་དངོས་བྱེ་བྲག་ཏུ་འགོག་པ་རིགས་པ་དྲུག་ཅུ་པ། རིན་ཆེན་ཕྲེང་བ་གཉིས་དང་ལྔ། བདེན་དངོས་སྒྲུབ་བྱེད་རྟོག་གེའི་ཚིག་དོན་བཅུ་དྲུག་འགོག་པ་ཞིབ་མོ་རྣམ་འཐག་དང་དྲུག་ཡོད་པའི་ཕྱིར། དེ་ཡང་རྗེ་བཙུན་རེད་མདའ་བས་རིགས་ཚོགས་ལྔ་དང་རྗེ་རིན་པོ་ཆེས་སྔ་མ་ལྟར་དྲུག་བཞེད་པར་རྒྱུད་སྡེ་སྤྱི་རྣམ་ལས་བཤད་དོ། །ཁ་ཅིག་ག་ལེ་འཇིགས་མེད་རིགས་ཚོགས་གཅིག་ཏུ་བྱེད་པ་མི་འཐད་པར་ཐལ། དེ་རྩ་ཤེའི་རང་འགྲེལ་མ་ཡིན་པའི་ཕྱིར་ཏེ། བཙུན་པ་འཕགས་པ་ལྷས་ཀྱང་ཞེས་ཤེས་བྱེད་དྲངས་པའི་ཕྱིར་རོ། །གཉིས་པ་ཡོད་དེ། རྟེན་སྟོན་པ་དང༌། དབང་དུ་བྱ་བ་འཁོར་ཉན་རང་བྱང་སེམས་དང༌། ལས་ནི་ཡུམ་ལ་ཇི་ལྟར་སྤྱོད་པ་དང༌། སྒོམ་པ་བཅུ་དང༌། རབ་དབྱེ་སྟོང་ཉིད་བཅུ་དྲུག་དང༌། རྟགས་ནི་བདུད་ལས་དང་ཕྱིར་མི་ལྡོག་པའི་རྟགས་དང༌། ལྟུང་བ་ནི་ཤེར་ཕྱིན་སྤངས་ན་ངན་འགྲོར་སྐྱེ་བ་དང༌། ཕན་ཡོན་སྟོང་གསུམ་རིན་པོ་ཆེ་བདུན་གྱིས་བཀང་བ་བྱིན་པས་ཤེར་ཕྱིན་བྲི་བ་བསོད་ནམས་ཆེ་བ་དང་སོ་གཉིས་སུ་བཤད་པའི་ཕྱིར། བརྒྱད་སྟོང་དོན་བསྡུས་ལས། རྟེན་དང་དབང་དུ་བྱ་བ་དང༌། །ལས་ནི་སྒོམ་པ་དང་བཅས་དང༌། །རབ་དབྱེ་རྟགས་དང་ལྟུང་བ་དང༌། །ཕན་ཡོན་བཅས་པར་ཡང་དག་བརྗོད ཅེས་གསུངས་པའི་ཕྱིར། སྒོམ་པ་བཅུ་དང་སྟོང་ཉིད་བཅུ་དྲུག་རེ་རེ་བྱས་སོ། །གསུམ་པ་ཡོད་དེ། ཡུམ་གསུམ་གྱི་དོན་གླེང་གཞི་ནས་བརྩོན་པར་བྱའོའི་བར་གྱི་མགོ་སྨོས་པས་གོ་བ་ལ་ཚུལ་བཞིར་བསྡུས་ཏེ་བསྟན་པའི་སྒོ་དང༌། དེ་ནས་རྣམ་མཁྱེན་རྫོགས་ཀྱི་བར་དུ་རྣམ་པར་སྤྲོས་ན་གོ་བ་ལ་དོན་དམ་པའི་ཚུལ་དུ་སྟོན་པ་འབྲིང་དུ་བསྟན་པའི་སྒོ། དེ་མན་ཆད་ལྷག་མས་ཚིག་ལ་འཆེལ་བའི་དོན་དུ་ལམ་ཤེས་ནས་བརྩམས་ཏེ་བདེན་གཉིས་ཀྱི་ཚུལ་དུ་བསྟན་པ་རྒྱས་པར་བཤད་པའི་སྒོ་སྟེ་སྒོ་གསུམ་དང༌། དང་པོ་ཤཱ་རིའི་བུ་ལ་བཀའ་བསྩལ་ནས་བཤད་པའི་རྣམ་གྲངས་གཅིག་དང༌། དེ་ནས་རབ་འབྱོར་གྱིས་རྒྱས་པར་བཤད་བའི་རྣམ་གྲངས་དང༌། དེ་ནས་བརྒྱ་བྱིན་དང༌། རབ་འབྱོར་དང༌། བྱམས་པ་དང༌། རབ་འབྱོར་དང༌། བརྒྱ་བྱིན་དང༌། རབ་འབྱོར་དང༌། བྱམས་པ་དང༌། རབ་འབྱོར་དང༌། དེ་ནས་ཀུན་དགའ་བོ་ལ་གཏད་པའི་རྣམ་གྲངས་དང་བཅུ་གཅིག་ཏུ་བཤད་པའི་ཕྱིར་ཏེ། གསེར་ཕྲེང་ལས། ཡུམ་རྒྱས་འབྲིང་གཉིས་དང༌། ཁྲི་བརྒྱད་སྟོང་པའི་རྒྱ་ཆེར་བཤད་པ་གཞུང་འགྲེལ་གནོད་འཇོམས་ཀྱིས་ནི་སྒོ་གསུམ་དང་རྣམ་གྲངས་བཅུ་གཅིག་གི་སྒོ་ནས་ཡུམ་འགྲེལ་བར་བྱེད་དོ། །ཞེས་གསུངས་པའི་ཕྱིར། འདི་ཁ་ཅིག་དབྱིག་གཉེན་གྱིས་མཛད་ཟེར་བ་སོགས་མི་འཐད་པར་ཐལ། འདི་དཾ་ཥྚ་སེ་ནས་མཛད་པར་སྔོན་གྱི་ཡིག་རྙིང་ལས་གྲགས་པའི་ཕྱིར། ཁྱབ་ཅིང༌། རྟགས་གྲུབ་སྟེ་ཡུམ་གསུམ་གཞུང་འགྲེལ་གནོད་འཇོམས་ལོ་ཙྪ་བ་ཡེ་ཤེས་སྡེས་བསྒྱུར་བ་དེ་མཆེ་བའི་སྡེས་མཛད་ལ། འབུམ་རྐྱང་བའི་གཞུང་འགྲེལ་གནོད་འཇོམས་དེ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པར་དཀར་ཆག་འཕང་ཐང་མར་བཤད་པའི་ཕྱིར། བཞི་པ་ཡོད་དེ། རྗེ་བཙུན་བྱམས་པས་རྒྱས་འབྲིང་བསྡུས་པ་སྐོར་དགུའམ་ལྔའི་དོན་ཡུམ་གྱི་ལུས་དངོས་བརྒྱད་དོན་བདུན་ཅུར་བཀྲལ་བའི་ཕྱིར། གསེར་ཕྲེང་ལས། རྒྱལ་བ་མ་ཕམ་པས་ཡུམ་གྱི་ལུས་དངོས་བརྒྱད་དོན་བདུན་ཅུར་དྲིལ་ཏེ་རྣལ་འབྱོར་པས་ཉམས་སུ་ལེན་པའི་རིམ་པ་དང་སྦྱར་ནས་མངོན་པར་རྟོགས་པའི་རྒྱན་མཛད་དོ། །ཞེས་གསུངས་པའི་ཕྱིར། དེ་དག་ཤིང་རྟའི་སྲོལ་འབྱེད་ཡིན་མིན་འོག་ཏུ་འཆད་དོ། །

(3) པར་ཐེངས་གཉིས་པ། སྡེས་ཡུམ་གསུམ་གྱི་དོན་སྒོ།

    དེས་ན་མངོན་རྟོགས་རྒྱན་ལ་རྒྱ་འགྲེལ་ཉེར་གཅིག་ཡོད་དེ། མདོ་དང་སྦྱར་བ་བཅུ་གཉིས་མ་སྦྱར་བ་དགུ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། འཕགས་པས་ཉི་ཁྲི་སྣང་བ་དང༌། བཙུན་པས་ཉི་ཁྲི་རྣམ་འགྲེལ་དང༌། སློབ་དཔོན་གྱིས་ཉི་ཁྲི་ལེ་བརྒྱད་མ། ཤནྟི་པས་ཉི་ཁྲི་དག་ལྡན་བཞི་དང༌། ཁ་ཆེ་དྷརྨ་ཤྲིས་མཛད་པར་གྲགས་པའི་འབུམ་ཊཱིཀ་སྟེ་འབུམ་དང་སྦྱར་བ་གཅིག་དང༌། སློབ་དཔོན་གྱིས་བརྒྱད་སྟོང་འགྲེལ་ཆེན་དང༌། སྙིང་པོ་མཆོག་དང༌། གནད་ཀྱི་ཟླ་འོད་དེ་བརྒྱད་སྟོང་པར་སྦྱར་བ་གསུམ་དང༌། སྡུད་པའི་དཀའ་འགྲེལ་རྟོགས་སླ་དང༌། སྡུད་པའི་དཀའ་འགྲེལ་དང༌། ཤེར་ཕྱིན་མཛོད་ཀྱི་ལྡེ་མིག་སྟེ་སྡུད་པ་དང་སྦྱར་བ་གསུམ་དང༌། སྨྲི་ཏིས་མཛད་པར་གྲགས་པའི་འབུམ་ཉི་ཁྲི་ཁྲི་བརྒྱད་སྟོང་པ་གསུམ་གྱི་དོན་བརྒྱད་ཀྱིས་མཐུན་པར་བསྟན་པ་དང་བཅུ་གཉིས་ཡོད་པའི་ཕྱིར། གསེར་ཕྲེང་ལས། རྒྱན་འདིའི་རྗེས་སུ་འབྲང་བའི་འགྲེལ་བ་ལ་ཡང་མདོ་དང་སྦྱར་བ་བཅུ་གཉིས། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། འགྲེལ་པ་དོན་གསལ་དང༌། དེའི་འགྲེལ་བཤད་ཚིག་གསལ་དང༌། རྟོགས་དཀའི་སྣང་བ་གཉིས་དང༌། དེའི་བསྡུས་དོན་ཤེར་འབྱུང་གིས་མཛད་པ་དང༌། རྩ་བའི་བསྡུས་དོན་ཇོ་བོས་མཛད་པ་དང༌། གཞོན་ནུ་དཔལ་གྱིས་མཛད་པ་གཉིས་དང༌། གྲགས་ཆ་དང༌། ཤེར་སྒྲོན་དང༌། ཐུབ་དགོངས་ཏེ་དགུ་ཡོད་པའི་ཕྱིར། གསེར་ཕྲེང་ལས། མ་སྦྱར་བ་དགུ་སྟེ་ཉེར་གཅིག་གོ །ཞེས་གསུངས་པའི་ཕྱིར། གྲགས་ཞེས་པ་ཐེ་ཚོམ་ཅན་ནོ། །རྩ་བའི་རྟགས་གཉིས་པ་དངོས་བསྟན་དང་སྦས་དོན་བཀྲལ་ཚུལ་ཡོད་དེ། བློ་གྲོས་མི་ཟད་པའི་མདོ་ལྟར་དུ་དཔལ་མགོན་ཀླུ་སྒྲུབ་ཀྱིས་རིགས་ཚོགས་ཀྱིས་དབུ་མའི་ལུགས་ཀྱི་དྲང་ངེས་མཛད་པ་དང༌། དེ་བཞིན་དུ་རྒྱལ་བ་བྱམས་པས་ཀྱང་རྒྱུད་བླ་མ་དང་མངོན་རྟོགས་རྒྱན་དུ་བཤད་པ་རྒྱུད་བླ་མའི་འགྲེལ་པར་ཐོགས་མེད་ཀྱིས་ཀྱང་བཤད་པ་གང་ཞིག་དགོངས་འགྲེལ་གྱི་དོན་བཞིན་རྗེ་བཙུན་བྱམས་པས་མདོ་སྡེ་རྒྱན་འབྱེད་གཉིས་སུ་དྲང་ངེས་མཛད་ལ། དེའི་རྗེས་སུ་འབྲངས་ཏེ་ས་སྡེ་ལྔ་དང་སྡོམ་གཉིས་མཛད་པའི་ཕྱིར། དང་པོ་གྲུབ་སྟེ། རྣམ་བཤད་ལས། མདོ་སྔ་མའི་རྗེས་སུ་འབྲངས་ནས་མགོན་པོ་ཀླུ་སྒྲུབ་ཀྱིས་དྲང་དོན་དང་ངེས་དོན་འབྱེད་པའི། ཞེས་དང༌། ཐེག་པ་ཆེན་པོའི་རྒྱུད་བླ་མའི། ཞེས་པ་ནས། ཀླུ་སྒྲུབ་ལས་ལོགས་སུ་བསམ་པར་མི་བྱ་སྟེ་དེ་ཉིད་ཀྱི་རྗེས་སུ་འབྲངས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྣམ་བཤད་ལས། བསྟན་བཅོས་གསུམ་པོ་དེ་དག་གི་རྗེས་སུ་འབྲངས་ནས་མདོ་སྡེ་དགོངས་འགྲེལ་དུ་དྲང་ངེས་འབྱེད་པའི་ཚུལ་དང་མཐུན་པར་སློབ་དཔོན་གྱིས་ས་སྡེ་ལྔ་སྡོམ་རྣམ་གཉིས་ལ་སོགས་པར་རྣམ་པར་རིག་པ་ཙམ་གྱི་ཤིང་རྟའི་སྲོལ་ལེགས་པར་ཕྱེ་ཞིང༌། ཞེས་གསུངས་པའི་ཕྱིར། དེ་ལྟར་འཕགས་ཡུལ་གྱི་འགྲེལ་པ་ཉེར་གཅིག་གི་ཕལ་ཆེར་དང༌། གཙོ་བོར་འཕགས་སེང་གི་སྣང་བ་གཉིས་དང༌། རྗེ་རིན་པོ་ཆེའི་ལེགས་བཤད་གསེར་གྱི་ཕྲེང་བ་དང༌། དུས་ཕྱིས་རྗེ་བཙུན་ལ་ཤེར་ཕྱིན་གསན་ནས་དོན་ཞིབ་པར་ཉམས་སུ་ལེན་ཚུལ་དང་བཅས་པའི་མན་ངག་རྒྱལ་ཚབ་རིན་བོ་ཆེ་ལ་རྭ་སྒྲེང་དུ་བསྩལ་ཏེ། དེའི་ཟིན་བྲིས་སུ་མཛད་པའི་རྣམ་བཤད་སྙིང་པོའི་རྒྱན་གྱི་དོན་བཞིན་དུ་སློབ་དཔོན་གྱི་འགྲེལ་པ་འཆད་པ་ལ། མཚན་གྱི་དོན། གཞུང་གི་དོན། མཇུག་གི་དོན་གསུམ་ལས། དང་པོ་ལ་མཚན་དོན་དང་འགྱུར་ཕྱག་གཉིས་ལས། དང་པོ་ནི། རྒྱ་གར་སྐད་དུ། ནས། བྲིཏིའི་བར་བྱུང༌། གཉིས་པ་ལ་བམ་གྲངས་དང༌། འགྱུར་ཕྱག་གཉིས། དང་པོ་ནི། བམ་པོ་དང་པོ་ཞེས་བྱུང༌། གཉིས་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་བྱུང་བ་དག་སླ། གཉིས་པ་གཞུང་དོན་ལ་བཤད་པ་ལ་འཇུག་པ་དང༌། བཤད་པ་ཉིད་འགོད་པ་དང༌། བཤད་པ་མཐར་ཕྱིན་པའི་ཚུལ་གསུམ། དང་པོ་ལ། མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་དང༌། འགྲེལ་བ་རྩོམ་རིགས་པར་བསྒྲུབ་པ་དང༌། ཁེངས་སྐྱུངས་ཤིང་སྤྲོ་བ་སྐྱེ་བའི་རྒྱུ་མཚན་གསུམ། དང་པོ་ནི། ཤེས་རབ་ཕ་རོལ་ཕྱིན་པ་ལ། །ཞེས་སོགས་བྱུང༌། འདི་ལ་སྦྱོར་བ་དང༌། མཐའ་དཔྱད་པ་གཉིས། དང་པོ་ནི། སློབ་དཔོན་ཧ་རི་བྷཱ་ཏྲ་ཆོས་ཅན། ཁྱོད་ཀྱིས་གཞུང་ལམ་འབྲས་བུ་ཤེར་ཕྱིན་གསུམ་ལ་བསྟོད་ཕྱག་མཛད་པ་ཡིན་ཏེ། དེ་གསུམ་གྱི་ཕར་ཕྱིན་གྱི་ཡོན་ཏན་བརྗོད་ཅིང་སྒོ་གསུམ་འདུད་པར་མཛད་པའི་ཕྱིར། འགྲེལ་པར། ཤེས་རབ་ཕ་རོལ་ཕྱིན་པ་ལ། །གུས་ཕྱག་འཚལ། ཞེས་གསུངས་པའི་ཕྱིར་དང། ཤེར་ཕྱིན་ཞེས་པས་ཡོན་ཏན་བརྗོད་པས་བསྟོད་ཅིང༌། འདུད་པ་ཕྱག་ཡིན་པའི་ཕྱིར། བསྟོད་ཕྱག་མཛད་པ་ལ་དགོས་པ་ཡོད་དེ། རང་གཞན་གྱི་དོན་གཉིས་འགྲུབ་ཅིང་བར་ཆད་ཞི་བ་དང༌། ཡུམ་གྱི་རྒྱན་ཏེ་མངོན་རྟོགས་རྒྱན་གྱི་ཚིག་ལེའུར་བྱས་པ་ཡུམ་རྒྱས་འབྲིང་བསྡུས་གསུམ་ཀུན་གྱི་གསལ་བྱེད་ཀྱི་རྒྱན་དུ་འགྲེལ་པའི་ཆེད་ཡིན་པའི་ཕྱིར། འགྲེལ་པར། དེའི་རྒྱན་ཚིག་ལེའུར་བྱས་པ་དག །ཀུན་གྱི་རྒྱན་དུ་འགྱུར་བར་ནི། །རྣམ་པར་དབྱེ་ཕྱིར། ཞེས་གསུངས་པའི་ཕྱིར། རྣམ་པར་དབྱེ་ཞེས་རྩོམ་པར་དམ་བཅས་པ་ལ་དགོས་པ་ཡོད་དེ། རྩོམ་པ་མཐར་ཕྱིན་པའི་ཆེད་ཡིན་པའི་ཕྱིར། གསེར་ཕྲེང་ལས། རྣམ་པར་དབྱེ་བ་ནི་དོན་ཙམ་ཞིག་དབྱེ་ཞེས་པ་སྟེ་རྩོམ་པར་དམ་བཅའ་བའོ། །ཞེས་གསུངས་པའི་ཕྱིར་དང། ཤེས་རབ་སྡོང་བུ་ལས། དམ་པ་མང་པོ་ཁས་འཆེ་མི་བྱེད་ལ། །གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ལྟ་བུར་ནི། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར། འགྲེལ་པ་འདི་ཆོས་ཅན། དགོས་སོགས་བཞི་ཡོད་དེ། མདོ་དང་མངོན་རྟོགས་རྒྱན་དོན་དང་བཅས་པ་བརྗོད་བྱ་ཡིན། རྒྱན་ཡུམ་གསུམ་གྱི་གསལ་བྱེད་དུ་རྟོགས་པ་དགོོས་པ་ཡིན། འདིའི་ཆེད་དུ་བྱ་བའི་གདུལ་བྱས་ཐོབ་འགྱུར་གྱི་རྣམ་མཁྱེན་ཉིང་དགོས་ཡིན། དེ་གསུམ་ཕྱི་མ་ཕྱི་མ་སྔ་མ་དང་འབྲེལ་བ་དེ་འབྲེལ་བ་ཡིན་ལ། དེ་ཤུགས་ལ་བསྟན་པའི་ཕྱིར། དང་པོ་གྲུབ་སྟེ། མདོ་དང་བསྟན་བཅོས་ཀྱི་དོན་གཙོ་བོར་བཤད་པའི་ཕྱིར། འགྲེལ་པ་ལས། དེའི་རྒྱན། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་འགྲེལ་པས་སྒྲུབ་པའི་ཆེད་ཡིན་པའི་ཕྱིར། འགྲེལ་པ་ལས། ཀུན་གྱི་རྒྱན་དུ་འགྱུར་བར་ནི། །ཞེས་དང༌། ལེགས་བཤད་གསེར་ཕྲེང་ལས། གཉིས་པ་ནི། ཡུམ་གསུམ་གའི་རྒྱན་དུ་རྟོགས་པ་སྟེ། ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། དེ་ཐོབ་པ་དགོས་པ་མཐར་ཐུག་ཡིན་པའི་ཕྱིར། འགྲེལ་པ་ལས། ཤེས་རབ་ཕ་རོལ་ཕྱིན། ཞེས་དང༌། གསེར་ཕྲེང་ལས། གསུམ་པ་ནི། འདི་ལ་4བརྟེན་ནས་མིང་གཞན་ཤེར་ཕྱིན་ཞེས་པ་ཐོབ་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། བཞི་པ་གྲུབ་སྟེ། འདིའི་འབྲེལ་བ་ལ་ཐབས་ཐབས་བྱུང་གི་འབྲེལ་བ་དགོས་པའི་ཕྱིར། གསེར་ཕྲེང་ལས། བསྟན་བཅོས་དང་དགོས་པའམ་དགོས་པ་གཉིས་རྒྱུ་འབྲས་སུ་འབྲེལ་བ་སྟེ། དེ་ནི་ཤུགས་ཀྱིས་སོ། །ཞེས་གསུངས་པའི་ཕྱིར།

(4) པར་ཐེངས་གཉིས་པ། བརྟེན་ནས་ཐོས་བསམ་སྒོམ་པ་མཐར་ཕྱིན་པ་ན། དེ་བཞིན་གཤེགས་པའི་ཡེ་ཤེས་གང་ཡིན་པ་མིང།

    མཐའ་དཔྱད་པ་ལ། སློབ་དཔོན་ཤེར་འབྱུང་དེ་ལྟར་འདོད་པ་ལ། ཚིག་གསལ་ན་རེ། དགོས་པ་དང་ཉིང་དགོས་མི་འཐད་པར་ཐལ། འགྲེལ་བ་གཅིག་པུས་རྣམ་མཁྱེན་ཐོབ་པར་བྱེད་མི་ནུས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཚིག་གསལ་ལས། དེ་ནི་དེ་ལྟར་གྲུབ་པ་ཉིད་འགྲེལ་བ་འབའ་ཞིག་གིས་མི་སྲིད་ལ། ཞེས་གསུངས་པའི་ཕྱིར། དེ་སྔ་མ་ལས་ཀྱང་མི་འཐད་པར་ཐལ། འགྲེལ་བ་ཁོ་ནས་སྒྲུབ་མི་ནུས་པས་ཉིང་དགོས་སུ་མི་འཐད་ན། རྩ་བའི་ཉིང་དགོས་སུ་མྱང་འདས་ཐོབ་པ་མི་འཐད་པའི་ཕྱིར། གསེར་ཕྲེང་ལས། དེ་ལས་ཀྱང་མི་འཐད་དེ། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། འདིའི་མཆོད་བརྗོད་ཡུལ་དུ་ཤེར་ཕྱིན་གསུམ་ཀ་ཡོད་པར་ཐལ། སྦྱོར་བ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། གཞུང་ཤེར་ཕྱིན་ཁོ་ན་ལ་མཆོད་བརྗོད་རིགས་པའི་ཕྱིར། དེར་ཐལ། གཞུང་ཤེར་ཕྱིན་ལ་བསྟོད་པས་གཞན་གཉིས་ལའང་དོན་གྱིས་བསྟོད་པར་འགྱུར་བའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། མཁྱེན་གསུམ་ལ་བསྟོད་པས་མངོན་རྟོགས་བརྒྱད་ལ་དོན་གྱིས་བསྟོད་པར་འགྱུར་བ་བཞིན་ཡིན་པའི་ཕྱིར། ཡུམ་བར་བ་ལས། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་བ་དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཕྱག་འཚལ་བའོ། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ལ་འདོད་མི་ནུས་ཏེ། དེའི་དངོས་བསྟན་གྱི་ཤེར་ཕྱིན་གསུམ་ཀ་ཡོད་པའི་ཕྱིར། རྣམ་བཤད་ལས། གུས་ཕྱག་འཚལ། གང་ལ་ན་གཞུང་ལམ་འབྲས་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། ཞེས་གསུངས་པའི་ཕྱིར། གཞན་ཡང༌། འདིའི་དངོས་བསྟན་ལ་ཤེར་ཕྱིན་གསུམ་ཀ་ཡོད་པར་ཐལ། སྤྱིར་གཞུང་ལ་བསྟོད་པ་སྨོས་པའམ་བརྗོད་པས་ཤེར་ཕྱིན་གཞན་གཉིས་ལའང་དོན་གྱིས་འགྲུབ་ཀྱང་འདིར་གསུམ་ཀ་གཙོ་བོར་བསྟོད་པའི་ཕྱིར། དེར་ཐལ། དེ་གསུམ་ཀ་གཙོ་བོར་བསྟོད་པ་ལ་རྒྱུ་མཚན་ཡང་དག་ཡོད་པ་གང་ཞིག དགོས་པ་ཡང་དག་ཀྱང་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། འདིའི་ཆེད་དུ་བྱ་བའི་གདུལ་བྱས་དེ་གསུམ་ཀ་གཙོ་བོར་ཉམས་སུ་ལེན་དགོས་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། དེར་ཐལ། དེས་འབྲས་བུ་ཤེར་ཕྱིན་ཐོབ་པ་ལ་གཞུང་ཤེར་ཕྱིན་ལ་ཐོས་བསམ་དང་ལམ་ཤེར་ཕྱིན་གྱི་ཉམས་ལེན་འཚང་རྒྱ་ཁའི་བར་དུ་དགོས་པ་ཤེས་པའི་ཆེད་ཡིན་པའི་ཕྱིར་ཏེ། དེའི་བར་དུ་དེ་ལ་ཐོས་བསམ་དང་ལམ་ལ་ཉམས་ལེན་དགོས་པའི་ཕྱིར། འགྲེལ་ཆེན་ལས། དེ་ལྟར་ན་དང་པོ་ཐོས་པ་དང༌། བསམ་པ་དང༌། སྒོམ་པའི་རང་བཞིན་ཅན་གྱི་ཤེས་པ་སྐྱེ་བའི་5རིམ་གྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྟོགས་པའི་ཕྱིར། ཕ་རོལ་ཏེ་རབ་ཀྱི་མཐར་འགྲོ་བ་ཡིན་པས་ན་ཕ་རོལ་ཏུ་ཕྱིན་པའོ། །ཞེས་སོགས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། མདོའི་བརྗོད་བྱ་ཤེར་ཕྱིན་གསུམ་ཀ་རྒྱན་རྩ་འགྲེལ་གྱི་བརྗོད་བྱར་རྟོགས་པའི་ཆེད་ཡིན་པའི་ཕྱིར། འགྲེལ་ཆེན་ལས། རྣམ་པ་གསུམ་ཀ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །ཞེས་ངེས་པར་བཟུང་བ་ཡིན་ཏེ། གཙོ་བོ་ལས་དབང་དུ་6བྱས་པ་ཡིན་པའོ། །ནས། དེ་ཡང་འདི་ཉིད་ལས་ཉན་ཐོས་ཀྱི་ས་ལ་བསླབ་པར་འདོད་པས་ཀྱང༌། ཞེས་གསུངས་པའི་ཕྱིར་དང༌། དེ་སྐད་དུ་རྣམ་བཤད་ལས། གཞུང་སྨོས་པས་གཞན་གཉིས་ཀྱང་འགྲུབ་མོད་ཀྱི་འདིར་ནི་གསུམ་ག་བཟུང་བར་བྱའོ། །ཞེས་གསུངས་པའི་ཕྱིར་དང༌། ཡང་རྣམ་བཤད་ལས། བརྗོད་བྱ་ཡོད་དེ། མདོ་དང་བསྟན་བཅོས་ཀྱི་དོན་སྟོན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག དེས་སྐྱབས་འགྲོའི་ཡུལ་ཙམ་བསྟན་པར་བཤད་པ་ཡང་མི་འཐད་པར་ཐལ། འགྲེལ་པ་ལས། ཤེས་རབ་ཕ་རོལ་ཕྱིན་པ་ལ། །ཞེས་པས་ཀྱང༌། དེ་དུས་ཀྱི་སྤྱོད་ལམ་དང༌། དམིགས་ཡུལ་དཀོན་མཆོག་གསུམ་དང་ཐོས་བསམ་སྒོམ་པ་ཀུན་བསྟན་པའི་ཕྱིར་ཏེ། དཔེར་ན། ཡུམ་བསྡུས་པའི་ཚིག་དེས་བཤད་པ་བཞིན་ཡིན་པའི་ཕྱིར། དེར་ཐལ། དེས་དང་པོ་བཤད་པ་གང་ཞིག གཉིས་པ་ཡང་བསྟན། ཐོས་པ་བྱེད་ཚུལ་ཡང་བཤད། བསམ་ཚུལ་ཡང་བཤད། སྒོམ་ཚུལ་ཡང་བཤད་པའི་ཕྱིར། དང་པོ་གྲུབ་སྟེ། ཐོས་བསམ་སྒོམ་གསུམ་ཀའི་སྐབས་སུ་སྤྱོད་ལམ་བག་ལྡན་དགོས་པས་སྐྱིལ་ཀྲུང་དགོས་པའི་ཕྱིར་ཏེ། འགྲེལ་ཆེན་ལས། བྱང་ཆུབ་སེམས་དཔའ་ས་ཕྱོགས་གཙང་མར་སྐྱིལ་མོ་ཀྲུང་བཅས་ཏེ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། སངས་རྒྱས་བྱང་སེམས་ཐམས་ཅད་ལ་དམིགས་པར་བསྟན་པའི་ཕྱིར། འགྲེལ་ཆེན་ལས། སངས་རྒྱས་དང་བྱང་ཆུབ་7སེམས་དཔའ་ཐམས་ཅད་ལ་དམིགས་པ་སྔོན་དུ་འགྲོ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི། ཞེས་པ་ནས། ལེའུ་ལ་སོགས་པའི་བྱེ་བྲག་གིས་བརྟག་པར་བྱའོ། །ཞེས་གསུངས་པའི་ཕྱིར་དང༌། སངས་རྒྱས་སོགས་དམིགས་དད་པ་དང༌། །ཞེས་པའི་སྐབས་སུ་ཡང་བཤད་དོ། །གསུམ་པ་གྲུབ་སྟེ། དེ་འདྲའི་སྒོ་ནས་ཚིག་གམ་མིང་རྩ་བ་འམ་དང་པོའི་སེམས་ཀྱིས་འཛིན་པའི་ཕྱིར། འགྲེལ་ཆེན་ལས། རྩ་བའི་སེམས་ཀྱིས་མིང་གི་8སྒོ་ནས་དམིགས་ལ། ཞེས་གསུངས་པའི་ཕྱིར། བཞི་པ་གྲུབ་སྟེ། དེ་ལྟ་བུའི་སྤྱོད་ལམ་དང་སྐྱབས་སོགས་སྔོན་དུ་བཏང་ནས་རྗེས་སུ་སྤྱོད་པའི་ཚིག་དང་དོན་ཡོད་མེད་སོགས་དཔྱོད་པའི་ཕྱིར། འགྲེལ་ཆེན་ལས། རྣམ་པ་9བཞིས་ཕ་རོལ་ཏུ་ཕྱིན་པའི་དོན་ལ་དང༌། སོ་སོ་བ་དང་བསྡུས་པ་གོ་རིམ་བཞིན་དུ། ཞེས་པ་ནས། རྣམ་པར་སྤྱོད་པའི་སེམས་ཀྱིས་དཔྱད་པར་བྱའོ། །ཞེས་སོ། །ལྔ་པ་གྲུབ་སྟེ། རྩ་བའམ་དང་པོའི་སེམས་དང་རྣམ་པར་དཔྱད་པའི་མཚན་མ་དེ་ཡིད་ལ་བྱེད་པས་སྒོམ་དགོས་པའི་ཕྱིར། འགྲེལ་ཆེན་ལས། དེའི་འོག་ཏུ་ཇི་ལྟར་རྣམ་པར་དཔྱད་པའི་མཚན་མ་དེ་ངེས་པར་འཛིན་པའི་སེམས་ཀྱིས་བཟུང་ལ། ནས། འདུན་པ་དང་10ལྷན་ཅིག་པ་རེ་བའི་སེམས་ཀྱིས་བསྒོམ་པར་བྱའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདི་དག་མདོ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ། ཞེས་པའི་དོན་ཡིན་པའི་ཕྱིར། འགྲེལ་ཆེན་ལས། དེ་ལྟར་ན་དང་པོ་ཐོས། ནས། ཕ་རོལ་ཏེ་རབ་ཀྱི་མཐར་འགྲོ་བ་ཡིན་པས་ན་ཕ་རོལ་ཏུ་ཕྱིན་པའོ། །ཞེས་སོ། །གཞན་ཡང༌། སྐབས་འདིར་ཤེར་ཕྱིན་གསུམ་ཀར་མཆོད་བརྗོད་མཛད་པ་ལ་དགོས་པ་གཞན་ཡང་ཡོད་པར་ཐལ། དེ་ལྟར་མཛད་པས་ཐེག་ཆེན་གྱི་སྐྱབས་འགྲོ་རྟོགས་པའི་དགོས་པ་ཡོད་པའི་ཕྱིར། དེར་ཐལ། དེའི་དངོས་བསྟན་གྱི་འབྲས་བུ་ཤེར་ཕྱིན་གྱིས་བསྡུས་པའི་སངས་རྒྱས་དཀོན་མཆོག་དང༌། ལམ་ཤེར་ཕྱིན་གྱིས་བསྡུས་པའི་ཆོས་དཀོན་མཆོག་དངོས་སུ་བསྟན་ནས། དེ་ཚུལ་བཞིན་སྒྲུབ་པའི་དགེ་འདུན་སྐྱབས་ཀྱི་ཟླ་གྲོགས་སུ་གོ་བའི་ཐེག་ཆེན་གྱི་སྐྱབས་འགྲོ་ཤེས་པའི་དགོས་པ་ཡོད་པའི་ཕྱིར། དེར་ཐལ། ཐོས་བསམ་སོགས་ཀྱི་ཐོག་མར་སྐྱབས་འགྲོ་སྔོན་དུ་འགྲོ་དགོས་པ་ཤེས་པའི་ཆེད་དུ་རྩ་འགྲེལ་གཉིས་ཀའི་མཆོད་བརྗོད་མཛད་པའི་ཕྱིར། རྣམ་བཤད་ལས། ཐོས་བསམ་སྒོམ་གསུམ་སོགས་ཆོས་ལྡན་གྱི་བྱ་བ་གང་བྱེད་པའི་ཐོག་མར་སྐྱབས་སུ་འགྲོ་བ་སྔོན་དུ་འགྲོ་དགོས་པར་ཤེས་པའི་ཆེད་དུ་བསྟན་བཅོས་མཛད་པ་རྣམས་ཀྱིས་མཆོད་བརྗོད་ཐོག་མར་བཀོད་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར།

(5) པར་ཐེངས་གཉིས་པ། རིམ་གྱིས་རྣམ་པ་ཐམས་ཅད།

(6) པར་ཐེངས་གཉིས་པ། བྱས་པ་ཡིན་ནོ། །

(7) པར་ཐེངས་གཉིས་པ། སེམས་དཔའ་ལ་དམིགས་པ།

(8) པར་ཐེངས་གཉིས་པ། སྒོ་ནས་ཡང་དག་པར་དམིགས་ལ།

(9) པར་ཐེངས་གཉིས་པ། བཞི་ཤེས་རབ་ཀྱི་ཕ་རོལ་ཏུ།

(10) པར་ཐེངས་གཉིས་པ། ལྷན་ཅིག་བརྩེ་བའི།

    གཉིས་པ་འཆད་པ་ལ། སློབ་དཔོན་སྔ་མའི་མན་ངག་ལྡན་ཚུལ། འགྲེལ་པ་ལས། འགྲོ་ལ་ཆགས་པས་ཀུན་ཆགས་མཛད། །སོགས་ཤོ་ལོ་ཀ་བཞི་བྱུང༌། ནང་གི་དོན་རྟོགས་ཤེས་རབ་ལྡན་ཚུལ་དང༌། དེས་ན་རྩོམ་རིགས་པ་གཉིས་ནི། འགྲེལ་པ་ལས། དེ་ལྟར་མཁས་པས་སྣང་བྱས་ཤིང༌། །ནས། མཁས་པ་རྣམས་ཀྱིས་དབྱེ་བའི་རིགས། །ཞེས་པའི་ཚིགས་བཅད་གཉིས་བྱུང༌། སྔོན་གྱི་བོད་དག་ན་རེ། འགྲེལ་བྱེད་གཞན་ལ་མ་བརྟེན་པའི་ཤིང་རྟའི་སྲོལ་འབྱེད་ཀླུ་སྒྲུབ་ཕྱོགས་གླང་དབྱིག་གཉེན་རྗེ་བཙུན་བྱམས་པ་བཞིར་ངེས་ཟེར་ན། ཕྱོགས་གླང་དང་ཡུམ་གསུམ་གྱི་གནོད་འཇོམས་མཁན་པོ་གཉིས་ཤིང་རྟའི་སྲོལ་འབྱེད་མ་ཡིན་པར་ཐལ། ཕྱོགས་གླང་གི་བརྒྱད་སྟོང་དོན་བསྡུས་ཐོགས་མེད་ཀྱི་ལུགས་ཀྱི་རྗེས་སུ་འབྲང་ལ། ཡུམ་གསུམ་གནོད་འཇོམས་ཀྱིས་ཀླུ་སྒྲུབ་ཀྱི་ལུང་དྲངས་པའི་ཕྱིར། དང་པོ་གྲུབ་སྟེ། དེས་སྟོང་ཉིད་སྒོམ་པ་རྣམ་གཡེང་གི་རྟོག་པ་སྟེ་ཆོས་ཀྱི་བདག་འཛིན་བཅུའི་གཉེན་པོར་སྒྲུབ་པའི་མདོའི་འགྲེལ་ཚུལ་དང༌། མཚན་ཉིད་གསུམ་གྱི་དོན་དང་མདོའི་འགྲེལ་ཚུལ་གཉིས་དབུས་མཐའ་དང་ཐེག་བསྡུས་གཉིས་ཀྱི་རྗེས་སུ་འབྲང་བའི་ཕྱིར། གསེར་ཕྲེང་ལས། དེ་ལྟར་གྲགས་ཀྱང་བརྒྱད་སྟོང་དོན་བསྡུས་ཀྱི། ཞེས་པ་ནས། རིམ་པ་ལྟར་དབུས་མཐའ་དང་ཐེག་པ་ཆེན་པོ་བསྡུས་པ་ཇི་ལྟ་བ་བཞིན་སྣང་བས། བྱམས་ཆོས་ལས་ལོགས་སུ་བཀྲལ་བ་མིན་ཞིང༌། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་རྩོམ་པ་པོ་དབྱིག་གཉེན་མ་ཡིན་པ་གང་ཞིག སྟོང་ཉིད་བཅུ་དྲུག་དང་སྐྱེ་འགག་ཀུན་ཉོན་དང་རྣམ་བྱང་བདེན་མེད་སྐབས་སུ་རྩ་ཤེ་དྲངས་པའི་ཕྱིར། དང་པོ་གྲུབ་སྟེ། ཁ་ཆེ་མཆེ་བའི་སྡེས་མཛད་པ་ཡིན་པའི་ཕྱིར། གསེར་ཕྲེང་ལས། གནོད་འཇོམས་འདི་སྔོན་གྱི་ཡི་གེ་རྙིང་པ་རྣམས་ལས་ཁ་ཆེ་མཆེ་བའི་སྡེས་མཛད་པར་གྲགས་ལ། ཞེས་གསུངས་པའི་ཕྱིར་དང༌། ལྔ་བརྒྱ་ཐ་མའི་འགྲེལ་པར་ཞི་འཚོའི་བཤད་ཚུལ་བཀོད་པའི་ཕྱིར། གཉིས་པ་གྲུབ་སྟེ། གསེར་ཕྲེང་ལས། གཞུང་འགྲེལ་ནི་སྟོང་ཉིད་བཅུ་དྲུག་དང༌། སྐྱེ་འགག་ཀུན་བྱང་མེད་པར་བཤད་པའི་སྐབས་སུ་རྩ་ཤེའི་ལུང་དྲངས་ནས། ཞེས་གསུངས་པའི་ཕྱིར་དང༌། སྟོང་ཉིད་ཀྱི་སྟོང་ཚུལ་གྲངས་ཅན་གྱི་གཞན་སྟོང་ལྟར་བཤད་11པས་དབུ་སེམས་གང་དང་མི་མཐུན་པས་ལེགས་བཤད་སྙིང་པོར་རྒྱས་པར་བཀག་པའི་ཕྱིར་རོ། །

(11) པར་ཐེངས་གཉིས་པ། པ།

    ཡང་ཁ་ཅིག་ན་རེ། གསུང་རབ་ཀྱི་དགོངས་པ་རང་དབང་དུ་འགྲེལ་བའི་གང་ཟག་ཤིང་རྟའི་སྲོལ་འབྱེད་ཀྱི་མཚན་ཉིད་དུ་འཇོག་ཟེར། དེ་ལ་ཁ་ཅིག་ན་རེ། རབ་འབྱོར་སྐྱོན་དུ་འཕེན་ནོ། །སྔ་མ་ལ་ཐོགས་མེད་ཆོས་ཅན། གསུང་རབ་ཀྱི་དགོངས་པ་རང་དབང་དུ་འགྲེལ་བར་ཐལ། ཤིང་རྟའི་སྲོལ་འབྱེད་ཡིན་པའི་ཕྱིར། དེར་ཐལ། སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་ཡིན་པའི་ཕྱིར་ཏེ། དགོངས་འགྲེལ་ལྟར་ས་སྡེར་སེམས་ཙམ་པའི་སྲོལ་འབྱེད་པ་ཡིན་པའི་ཕྱིར། རྣམ་བཤད་ལས། སློབ་དཔོན་གྱིས་ས་སྡེ་ལྔ་སྡོམ་རྣམ་གཉིས་ལ་སོགས་པར་རྣམ་པར་རིག་པ་ཙམ་གྱི་ཤིང་རྟའི་སྲོལ་ལེགས་པར་ཕྱེ་ཞིང༌། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། རྗེ་བཙུན་གྱིས་བཀྲལ་བའི་འབྱེད་གཉིས་མདོ་སྡེ་རྒྱན་གསུམ་གྱི་རྗེས་སུ་འབྲང་བའི་ཕྱིར། རྣམ་བཤད་ལས། བསྟན་བཅོས་གསུམ་པོ་དེ་དག་གི་རྗེས་སུ་འབྲངས་ནས། ཞེས་གསུངས་པའི་ཕྱིར། ཕྱི་མ་ལ། འོ་ན། རབ་འབྱོར་གྱིས་ཤེར་ཕྱིན་གྱི་དོན་གཞན་ལ་མ་བརྟེན་པར་བཤད་ཐུབ་པར་ཐལ། དེས་ཤེར་ཕྱིན་གྱི་དོན་རང་དབང་དུ་འགྲེལ་བ་དེའི་ཕྱིར། འདོད་ན། རྒྱལ་སྲས་ཀྱི་ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་དང༌། ཆོས་ཉིད་དེས་རང་དབང་དུ་སྟོན་མི་ཐུབ་ཀྱང་སངས་རྒྱས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པར་ཤེས་པའི་ཆེད་དུ་དེའི་ངག་བྱིན་གྱིས་བརླབས་པ་མ་ཡིན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། འགྲེལ་ཆེན་ལས། དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་ལ་མཁས་པའི་མཐུ་ནི་བསམ་གྱིས་མི་ཁྱབ་སྟེ། གང་གི་ཕྱིར་རྣམ་པ་ཐམས་ཅད་དུ་མི་ནུས་པ་ཡང་སྟོན་ཏོ། །ཞེས་མཐུ་ཡང་དག་པར་མཐོང་བའི་གདུལ་བྱ་རྣམས་ལ་ཕན་12གདགས་པའི་ཕྱིར་ཞེས་གསུངས་པ་མི་འཐད་པར་ཐལ། དེས་རང་དབང་དུ་སྟོན་མི་ཐུབ་ཀྱང་དེ་ལ་མོས་པ་ལ་ཕན་གདགས་པའི་ཆེད་དུ་ངག་བྱིན་གྱིས་བརླབས་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་པ་ཐམས་ཅད་དུ་མི་ཐུབ་པ་ཡང་སྟོན་ཏོ་ཞེས་པའི་དོན་ཡོད་པའི་ཕྱིར། གཞན་ཡང༌། འགྲེལ་ཆེན་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་ལ་ངག་བྱིན་གྱིས་བརླབས་པའི་སྒོ་ནས་འཕགས་པ་རབ་འབྱོར། ཞེས་པའི་དོན་མ་གྲུབ་པར་ཐལ། རབ་འབྱོར་གྱིས་དེ་ལྟར་སྟོན་པའི་ངག་བྱིན་གྱིས་བརླབས་པ་དེ་དེའི་དོན་མ་ཡིན་པའི་ཕྱིར། རྟགས་སོང༌།

(12) པར་ཐེངས་གཉིས་པ། གདགས་པར་བྱ་བའི་ཕྱིར།

    གཞན་ཡང༌། བརྒྱད་སྟོང་པ་ལས། ཉན་ཐོས་རྣམས་ནི་གང་ཅི་སྨྲ་བ་དང༌། སྟོན་པ་དང། ཉེ་བར་སྟོན་པ་དང༌། བརྗོད་པར་བྱེད་པ་དང༌། གསལ་བར་བྱེད་པ་དང༌། ཡང་དག་པར་གསལ་བར་བྱེད་པ་དེ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ་ཡིན་པར་རིག་པར་བྱའོ། །ཞེས་པའི་ལུང་དོན་མ་གྲུབ་པར་ཐལ། ཉན་ཐོས་ཀྱིས་དེ་ལྟར་སྟོན་པ་དེ་བཞིན་གཤེགས་པའི་མཐུ་ཡིན་པ་དེའི་དོན་མ་ཡིན་པའི་ཕྱིར། མ་གྲུབ་ན་སོང༌། མ་ཁྱབ་ན། དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ་ཅིག་མེད་པར་ཐལ་ལོ། །གཞན་ཡང༌། མདོ་དུ་མ་ལས། སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་རིའི་བུས། ཞེས་པ་དུ་མ་དང༌། གཟུང་རྒྱལ་གྱིས་ཞུས་པ་ལས། ཉན་ཐོས་རྣམས་ཀྱི་རྣམ་གྲོལ་13སྒྲ་སྤྱིར་འགྲོ །ཞེས་དང༌། རྩ་བ་ལས་ཀྱང༌། དངོས་པོ་ལྡན་དང་མི་ལྡན་དང༌། །ཞེས་བཤད་པ་རྣམས་མི་འཐད་པར་ཐལ་ལོ། །དེ་དག་གི་རང་དབང་དུ་ཤེར་ཕྱིན་སྟོན་པ་དེའི་ཕྱིར། དེས་ན་འདིས་ནི་ཀླུ་སྒྲུབ་དང་ཐོགས་མེད་ཀྱིས་ཀྱང༌། རང་དབང་དུ་བཤད་མི་ཐུབ་པར་གྲུབ་སྟེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་མ་ཐོབ་པར་དེ་མི་ཐུབ་པའི་ཕྱིར་ཏེ། རིགས་པ་དྲུག་ཅུ་པའི་འགྲེལ་པར་ཟླ་བས་བཤད་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཤིང་རྟའི་སྲོལ་འབྱེད་ལ་ཀླུ་སྒྲུབ་ཐོགས་མེད་གཉིས་སུ་གྲངས་ངེས་པར་ཐལ། ལེགས་བཤད་སྙིང་པོ་ལས། བདེ་གཤེགས་གསུང་རབ་ཚུལ་གཉིས་ཤིང་རྟའི་སྲོལ། །ལེགས་པར་ཕྱེ་བས་རྒྱལ་བའི་བསྟན་པ་མཆོག །ས་གསུམ་འགྲོ་ལ་ཉི་ལྟར་གསལ་མཛད་པ། །ཀླུ་སྒྲུབ་ཐོགས་མེད། ཅེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དྲང་ངེས་འབྱེད་པའི་མིའི་རྟེན་ཅན་ལ་དེ་གཉིས་སུ་ངེས་པར་བསྟན་པ་ཙམ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྒྱན་རྩོམ་པ་པོའི་རྗེ་བཙུན་བྱམས་པ་ཤིང་རྟའི་སྲོལ་འབྱེད་ཡིན་པའི་ཕྱིར། དེར་ཐལ། ཡུམ་གྱི་དངོས་བསྟན་གྱི་ཟབ་དོན་དབུ་མར་འགྲེལ་བའི་ཤིང་རྟའི་སྲོལ་འབྱེད་ཀླུ་སྒྲུབ་དང༌། སྦས་དོན་མངོན་རྟོགས་དབུ་མར་དངོས་པོ་བརྒྱད་དོན་བདུན་ཅུར་འགྲེལ་བའི་ཤིང་རྟའི་སྲོལ་འབྱེད་རྗེ་བཙུན་བྱམས་པ་གཉིས་ཁོ་ནར་ངེས་པའི་ཕྱིར། ལེགས་བཤད་གསེར་ཕྲེང་ལས། རྗེ་བཙུན་དང་ཀླུ་སྒྲུབ་ཞབས་གཉིས་ཀྱིས་ཤེར་ཕྱིན་འགྲེལ་ཚུལ་གཉིས་བྱུང་ངོ༌། །ཞེས་བྱ་བར་ཡང་གནས་སོ ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཐོགས་མེད་ཤིང་རྟའི་སྲོལ་འབྱེད་མ་ཡིན་པར་ཐལ། དེས་ཤིང་རྟའི་སྲོལ་འབྱེད་རྗེ་བཙུན་བྱམས་པ་དང༌། ཀླུ་སྒྲུབ་ཀྱི་རྗེས་སུ་འབྲངས་ནས་དབུ་སེམས་ཀྱི་ལུགས་གཉིས་བཀྲལ་བའི་ཕྱིར་ན་མ་ཁྱབ་སྟེ། དེ་མིའི་ཤ་ཚུགས་ཅན་གྱི་འགྲེལ་བྱེད་ལ་མ་བརྟེན་པར་སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། རྗེ་བཙུན་གྱི་བྱམས་ཆོས་འབྱེད་གཉིས་རྒྱན་དང་གསུམ་ལ་བརྟེན་ནས་སེམས་ཙམ་པའི་ཤིང་རྟའི་སྲོལ་ཕྱེ་ལ། ཀླུ་སྒྲུབ་ཀྱི་ལུང་མ་དྲངས་ཀྱང་རིགས་པའི་རྗེས་སུ་འབྲངས་ནས་རྒྱུད་བླ་མ་དབུ་མའི་ལུགས་སུ་བཀྲལ་བའི་ཕྱིར། དང་པོ་གྲུབ་སྟེ། རྣམ་བཤད་ལས། བསྟན་བཅོས་གསུམ་པོ་དེ་དག་གི་ནས། རྣམ་པར་རིག་པ་ཙམ་གྱི་ཤིང་རྟའི་14སྲོལ་ཕྱེ་ཞིང༌། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཤེར་མདོ་དང་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་གཉིས་ཀྱིས་བདེན་མེད་བསྟན་པར་མཚུངས་པར་བཤད་པའི་ཕྱིར། རྣམ་བཤད་ལས། རྒྱུད་བླ་མའི་བསྟན་བཅོས་ལས་ནི། ནས། མགོན་པོ་ཀླུ་སྒྲུབ་ལས་ལོགས་སུ་བསམ་པར་མི་བྱ་སྟེ། དེ་ཉིད་ཀྱི་རྗེས་སུ་འབྲངས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཐོགས་མེད་མིའི་ཤ་ཚུགས་ཅན་གྱི་འགྲེལ་བྱེད་གཞན་ལ་མ་བརྟེན་པའི་ཤིང་རྟའི་སྲོལ་འབྱེད་མ་ཡིན་པར་ཐལ། ཀླུ་སྒྲུབ་ཀྱི་རྗེས་སུ་འབྲངས་ནས་རྒྱུད་བླ་མ་བཀྲལ་བའི་ཕྱིར་ན་མ་ཁྱབ་སྟེ། དེའི་རྒྱུ་མཚན་གྱིས་དབུ་མའི་ཤིང་རྟའི་སྲོལ་འབྱེད་མ་ཡིན་ལ། སེམས་ཙམ་པའི་ཤིང་རྟའི་སྲོལ་ཀླུ་སྒྲུབ་སོགས་མིའི་འགྲེལ་བྱེད་ལ་མ་བརྟེན་པར་ཕྱེ་བའི་ཕྱིར། དེ་ལ་ཁོ་ན་རེ། དབུ་མ་པའི་ཤིང་རྟའི་སྲོལ་འབྱེད་ཡིན་ན་ཤིང་རྟའི་སྲོལ་འབྱེད་ཡིན་དགོས་པར་ཐལ། སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་ཡིན་ན་ཤིང་རྟའི་སྲོལ་འབྱེད་ཡིན་དགོས་པའི་ཕྱིར། དེར་ཐལ། ཐོགས་མེད་དེ་ཡིན་པའི་ཕྱིར། འདོད་ན། སློབ་དཔོན་སངས་རྒྱས་བསྐྱངས་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། ཐལ་འགྱུར་པའི་ཤིང་རྟའི་སྲོལ་འབྱེད་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། རྩ་ཤེའི་དགོངས་པ་གཙོ་བོར་ཐལ་འགྱུར་གྱིས་བདེན་མེད་དུ་སྒྲུབ་པའི་ཤིང་རྟའི་ལམ་སྲོལ་ལྟ་བུའི་ལུགས་སྲོལ་ཐོག་མར་འབྱེད་མཁན་ཡིན་པའི་ཕྱིར། དེར་ཐལ། དེ་ལྟར་སྲོལ་ཕྱེ་བར་ཟླ་གྲགས་ཀྱིས་བཤད་པའི་ཕྱིར། དྲང་ངེས་རྣམ་འབྱེད་ལས། ཚིག་གསལ་ལས། སངས་རྒྱས་བསྐྱངས་རང་རྒྱུད་མི་བཞེད་པ་དང༌། དབུ་མ་པས་རང་རྒྱུད་བྱ་མི་རིགས་པའི་སྒྲུབ་བྱེད་དང་བཟློག་ཕྱོགས་ལ་གནོད་བྱེད་མང་དུ་བསྟན་ནས། ཤིང་རྟའི་སྲོལ་ཕྱེ་ལ། ཞེས་གསུངས་པའི་ཕྱིར།

(13) པར་ཐེངས་གཉིས་པ། སྒྲ་ཕྱིར་འགྲོ།

(14) པར་ཐེངས་གཉིས་པ། སྲོལ་ལེགས་པར་ཕྱེ་ཞིང།

    དེ་ལ་ཁོ་ན་རེ། འདིའི་དབུ་མ་པས་རང་རྒྱུད་བྱ་མི་རིགས་པའི་སྒྲུབ་བྱེད་དང༌། བཟློག་ཕྱོགས་རང་རྒྱུད་ལ་གནོད་བྱེད་མང་དུ་སྟོན་མཁན་སངས་རྒྱས་བསྐྱངས་ཡིན་པར་ཐལ། ཤིང་རྟའི་སྲོལ་ཕྱེ་ལ། ཞེས་པའི་ཤིང་རྟའི་སྲོལ་འབྱེད་མཁན་སངས་རྒྱས་བསྐྱངས་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། སྒྲུབ་བྱེད་དང་གནོད་བྱེད་སྟོན་མཁན་ཟླ་གྲགས་ཡིན་ཀྱང་སངས་རྒྱས་བསྐྱངས་ཀྱིས་ཐལ་འགྱུར་བའི་ཤིང་རྟའི་སྲོལ་ཕྱེ་བའི་ཕྱིར། དེར་ཐལ། དེས་རྩ་ཤེའི་དོན་རྣམས་གཙོ་བོར་ཐལ་འགྱུར་གྱི་སྒོ་ནས་སྒྲུབ་པར་མཛད་པའི་ཕྱིར། བུདྡྷ་པཱ་ལི་ཏ་ལས། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། ནས། གཉིས་ཀའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ནས། ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྩ་བར། ཐལ་འགྱུར་ལས་མེད་པས་འགྲེལ་བར་ཡང་ཐལ་འགྱུར་ལས་གཙོ་བོར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མ་བཤད་པའི་ཕྱིར། ཚིག་གསལ་ལས། འོན་ཏེ་སྦྱོར་བའི་ངག་རྒྱས་པར་བརྗོད་པར་བྱེད་པ་འདི་ནི་འགྲེལ་པ་མཁན་པོ་རྣམས་ཀྱི་ལུགས་ཡིན་ནོ་ཞེ་ན། དེ་ཡང་ཡོད་པ་མ་ཡིན་ཏེ། རྩོད་པ་བཟློག་པའི་འགྲེལ་པ་མཛད་པ་ན་སློབ་དཔོན་གྱིས་སྦྱོར་བའི་ངག་མ་གསུངས། ཞེས་གསུངས་པའི་ཕྱིར། རྩ་བའི་མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། ལེགས་བཤད་སྙིང་པོ་ལས། རང་སྡེའི་གཞུང་འགྱུར་བ་རྣམས་ལས་ཐལ་རང་གང་འདོད་བརྟགས་ནས་རང་རྒྱུད་མི་འཐད། ཐལ་འགྱུར་འཐད་ཅེས་པ་ནི་ཟླ་བའི་གཞུང་15རྗེས་འབྲང་མིན་པ་ནས་དངོས་སུ་མ་བྱུང་ངོ༌། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སངས་རྒྱས་བསྐྱངས་ཀྱིས་ཐལ་འགྱུར་གྱི་སྒོ་ནས་བཤད་པ་མི་འཐད་པར་ཐལ། ལེགས་ལྡན་གྱིས་སངས་རྒྱས་བསྐྱངས་ཡང་རང་རྒྱུད་བཞེད་པར་འདོད་པའི་ཕྱིར་ན་མ་ཁྱབ་སྟེ། རང་རྒྱུད་མི་གསལ་བས་ཐལ་འགྱུར་མང་ཡང་དེ་ཙམ་གྱིས་དོན་གྲུབ་མི་ནུས་པར་དགོངས་པའི་ཕྱིར། ལེགས་བཤད་སྙིང་པོ་ལས། ལེགས་ལྡན་ལ་ཡང་སངས་རྒྱས་བསྐྱངས་དང་རང་ཉིད་རང་རྒྱུད་ཁས་ལེན་མི་ལེན་མི་མཐུན་སྙམ་པ་མི་འདུག་ཅེས་པ་ནས། དགག་བྱ་ལ་ཡང་ཁྱད་པར་ཡོད་པར་མི་བཞེད་དོ། །ཞེས་གསུངས་པའི་ཕྱིར། སྟོང་ཐུན་ན་གསལ་པོར་ཡོད། ཡང་ཁོ་ན་རེ། རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་ཡིན་ན་ཤིང་རྟའི་སྲོལ་འབྱེད་ཡིན་དགོས་པར་ཐལ། སེམས་ཙམ་པ་ལ་དེའི་ཕྱིར་ན་མ་ཁྱབ། འདོད་ན། སློབ་དཔོན་ལེགས་ལྡན་འབྱེད་16ཆོས་ཅན། ཤིང་རྟའི་སྲོལ་འབྱེད་ཡིན་པར་ཐལ། རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་ཡིན་པའི་ཕྱིར། དེར་ཐལ། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་ཡིན་པའི་ཕྱིར། ཁྱབ་སྟེ། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་སྲོལ་དང༌། དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་གཅིག་ཆར་ཕྱེ་བའི་ཕྱིར། དེར་ཐལ། སེམས་ཙམ་པའི་མཚན་ཉིད་གསུམ་བཞག་པ་ལྟར་མདོའི་དགོངས་དོན་མིན་ལ་གཞན་དབང་ཡོངས་གྲུབ་དང་ཀུན་བཏགས་ཀྱི་ཆོས་རྣམས་བདེན་པར་མེད་ཀྱང་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ལམ་སྲོལ་ཆེན་པོ་ཐོག་མར་ལེགས་ལྡན་གྱིས་ཕྱེ་བའི་ཕྱིར། ལེགས་བཤད་སྙིང་པོ་ལས། དགོངས་འགྲེལ་ལས། མཚན་ཉིད་གསུམ་གསུངས་པའི་དོན། རྣལ་འབྱོར་སྤྱོད་པ་བ་དག་གིས་ཇི་ལྟར་བཀྲལ་བ་མདོའི་དོན་མིན་པར་དབུ་མའི་དོན་དུ་འགྲེལ་བའི་ལམ་སྲོལ་འདི་ནི་ལེགས་ལྡན་འབྱེད་ཀྱིས་ཕྱེ་བ་ཞིབ་ཏུ་དབུ་མ་སྣང་བ་ལས་བཤད། ཅེས་གསུངས་པའི་ཕྱིར།

(15) པར་ཐེངས་གཉིས་པ། རྗེས་འབྲང་དང་བཅས་པ་མིན་པ།

(16) པར་ཐེངས་གཉིས་པ། ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། མདོ་སྡེ།

    ཡང་ཁོ་ན་རེ། སློབ་དཔོན་ཞི་བ་འཚོ་ཆོས་ཅན། དབུ་མ་པའི་ཤིང་རྟའི་སྲོལ་འབྱེད་ཡིན་པར་ཐལ། དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་ཡིན་པའི་ཕྱིར། དེར་ཐལ། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ལེགས་ལྡན་གྱིས་རང་རྒྱུད་ཕྱེ་བའི་རྗེས་སུ་ཕྱི་དོན་མེད་པའི་དབུ་མ་པའི་རང་རྒྱུད་ཀྱི་ལུགས་སྲོལ་ཕྱེ་བའི་ཕྱིར། ལེགས་བཤད་སྙིང་པོ་ལས། ཐ་སྙད་དུ་ཕྱི་རོལ་མེད་པའི་ཚུལ་གྱི་དབུ་མའི་གྲུབ་མཐའ་ནི་སློབ་དཔོན་ཞི་བ་འཚོས་སྲོལ་ཕྱེ་བར་སློབ་དཔོན་ཡེ་ཤེས་སྡེས་བཞེད་པ་ལྟར་ལེགས་སོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། ཞི་འཚོ་རྣལ་འབྱོར་སྤྱོད་བའི་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་མ་ཡིན་པར་ཐལ། ཞི་འཚོའི་སྔོན་ནས་འཕགས་གྲོལ་སོགས་ཀྱིས་ཕྱི་དོན་མེད་པའི་དབུ་མ་བཤད་ཅིང༌། ལེགས་ལྡན་གྱིས་དེ་བཀག་པའི་ཕྱིར་ན་མ་ཁྱབ། རྟགས་དང་པོ་གྲུབ་སྟེ། འགྲེལ་པ་ལས། དེས་བྱས་བྱས་པ་མིན་མཐོང་ནས། །དབུ་མར་གནས་པའི་བློས་རྣམ་ཕྱེ། །ཞེས་གསུངས་པའི་ཕྱིར། རྟགས་ཟུར་གཉིས་པ་གྲུབ་སྟེ། དེའི་སྔོན་ནས་དབུ་མ་པ་ཁ་ཅིག དང་པོ་སེམས་ཙམ་པ་ལྟར་ཕྱི་དོན་བདེན་མེད་དང༌། དེ་ནས་སེམས་བདེན་མེད་རྗེས་སུ་སྒྲུབ་དགོས་པར་བཤད་པ་བཀག་པའི་ཕྱིར། ཤེས་རབ་སྒྲོན་མེ་ལས། དང་པོ་རྣམ་པར་རིག་པ་ཙམ་བླངས་ནས་ཕྱིས་དེ་ཡོངས་སུ་གཏོང་བར་འདོད་ན་ཡང༌། ཞེས་པ་ནས། རྣམ་ཤེས་ཀྱང་17བདག་མེད་དང་སྐྱེ་བ་མེད་པར་བྱར་རུང་ངོ༌། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཕྱོགས་སྔ་འདི་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་སེམས་ཙམ་པ་ལ་འདོད་ཀྱང་དབུ་མ་པ་ཁ་ཅིག་ཡིན་པའི་ཕྱིར། ལེགས་བཤད་སྙིང་པོ་ལས། དབུ་མ་པ་ཁ་ཅིག་གདུལ་བྱ་ལ་རིམ་པ་དེ་ལྟར་ངེས་པར་སྟོན་དགོས་ཞེས་འདོད་པ་འགོག་པར་མངོན་ནོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེའི་སྔ་རོལ་དེ་འདྲའི་ལུགས་རེ་གཉིས་ཡོད་ཀྱང་སྲོལ་ཆེན་པོ་མ་བཏོད་པ་ལ་ཤིང་རྟའི་སྲོལ་མི་རུང་བའི་ཕྱིར་ཏེ། དཔེར་ན་ལམ་ཆུང་ངུ་ཡོད་ཀྱང་ཤིང་རྟ་ཆེན་པོའི་འགྲོ་ལམ་དུ་མི་འཇོག་པ་བཞིན་ཡིན་པའི་ཕྱིར། ལེགས་བཤད་སྙིང་པོ་ལས། དེས་ན་འདི་འདྲ་བའི་18ལུགས་རེ་རེ་ཙམ་བྱུང་མོད་ཀྱང་གཞུང་རྒྱས་པར་བརྩམས་ནས་ཐ་སྙད་དུ་ཕྱི་རོལ་མེད་པའི་ཚུལ་གྱི་དབུ་མའི་གྲུབ་མཐའ་ནི། ཞེས་གསུངས་པའི་ཕྱིར། དེས་ན་རྣལ་འབྱོར་སྤྱོད་པའི་དབུ་མ་པའི་ཡང་19སྲོལ་དུ་མ་ཡོད་དེ། རྣམ་བདེན་པ་ལྟ་བུའི་དབུ་མ་པ་ནི་ཞི་འཚོ་དང་ཀ་མ་ལ་ཤཱི་ལ་དང་ཆོས་གྲགས་ལྟ་བུ། རྣམ་རྫུན་དྲི་བཅས་ལྟ་བུའི་དབུ་མ་རང་རྒྱུད་པ་སློབ་དཔོན་སེང་བཟང་དང་ཛེ་ཏཱ་རི་གཉིས་ལྟ་བུ་དང༌། རྣམ་རྫུན་དྲི་མེད་དང་མཐུན་པའི་དབུ་མ་རང་རྒྱུད་པ་ལྭ་བ་པ་ལྟ་བུ་ཡིན་པ་རྗེ་རིན་པོ་ཆེས་བཞེད་པའི་ཕྱིར། དང་པོ་གྲུབ་སྟེ། དེ་ཉིད་བཅུ་པ་ལས། དེ་བཞིན་ཉིད་ནི་ཤེས་འདོད་པས། །རྣམ་བཅས་མ་ཡིན་རྣམ་མེད་མིན། །ཞེས་དང༌། པཎ་ཆེན་ལྷན་སྐྱེས་རྡོ་རྗེའི་འགྲེལ་པ་ལས། ཞི་བ་འཚོའི་ཞལ་སྔ་ནས་ལ་སོགས་པ་རྣམ་པ་དང་བཅས་པའི་དབུ་མ་ཉིད་ཁས་ལེན་པར་བྱེད་དེ། དེ་སྐད་དུ། བདག་དང་གཞན་སྨྲས་དངོས་པོ་ཡིས། །ཞེས་སོགས་དབུ་མ་རྒྱན་ཡོངས་རྫོགས་དྲངས་པའི་ཕྱིར། ལེགས་བཤད་སྙིང་པོ་ལས། ལུགས་འདིས་སྔོ་སེར་ལ་སོགས་པའི་རྣམ་པ་དངོས་པོར་འདོད་དེ་ཆོས་ཀྱི་གྲགས་པའི་བཞེད་པ་ཡང་དེ་ལྟར་འགྲེལ་པས་ཐ་སྙད་དུ་རྣམ་བདེན་པ་ལྟར་འདོད་པའི་དབུ་མ་པའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སྔོ་སེར་སོགས་རང་མངོན་སུམ་དུ་རྟོགས་པའི་མྱོང་བྱའི་ཆ་སྣང་བ་ལྟར་དུ་གྲུབ་པའི་ཡང་དག་ཀུན་རྫོབ་ཏུ་འདོད་པའི་ཕྱིར་ཏེ། དབུ་མ་རྒྱན་ལས། སྐྱེ་དང་འཇིག་པའི་ཆོས་ཅན་པ། །དོན་བྱེད་པ་དག་ནུས་རྣམས་ཀྱི། །རང་བཞིན་ཀུན་རྫོབ་པ་ཡིན་རྟོགས། །ཞེས་དང༌། དེའི་རང་འགྲེལ་ལས། ཀུན་རྫོབ་འདི་ནི་སྒྲའི་ཐ་སྙད་ཙམ་གྱིས་བདག་ཉིད་མ་ཡིན་གྱི། མཐོང་བ་དང་འདོད་པའི་དངོས་པོ། ཞེས་གསུངས་པའི་ཕྱིར།

(17) པར་ཐེངས་གཉིས་པ། བདེན་མེད་དང་སྐྱེ་བ་མེད་པ་རྟོགས་པར་བྱ་བར་རུང་ངོ་། །

(18) པར་ཐེངས་གཉིས་པ། ལུགས་ཀྱང་རེ་རེ།

(19) པར་ཐེངས་གཉིས་པ། སྲོལ་འཛིན།

    གཉིས་པ་གྲུབ་སྟེ། འགྲེལ་པ་ལས། འཛིན་པའི་རྣམ་པའི་མཚན་ཉིད་རྣམ་པར་རིག་པ་ཙམ་དེ་ཡང་བསལ་ཏེ་གཉིས་སུ་མེད་པའི། ཞེས་དང༌། རྣམ་བཤད་ལས། འཛིན་པའི་མཚན་ཉིད་རྣམ་པར་རིག་པ་མ་འཁྲུལ་བར་འཛིན་པ་ཙམ་དེ་ཡང་བསལ་ཏེ། ཞེས་གསུངས་པའི་ཕྱིར་དང༌། ཛེ་ཏཱ་རིའི་བདེ་གཤེགས་གཞུངགི་རང་འགྲེལ་ལས། འདི་ལས་ཀྱང་དབུ་མ་པ་ཡིན་ཏེ། སྣ་ཚོགས་སྣང་ཅན་དོན་རྣམས་ལས། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་གསལ་བར་མཛད་པ་སློབ་དཔོན་ཆོས་ཀྱི་གྲགས་པའི་ཞལ་སྔ་ནས་བཞེད་པའི་དབུ་མའི་དེ་ཁོ་ན་ཉིད་འདི། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྣམ་རྫུན་པས་རྣམ་འགྲེལ་གྱི་ལུང་དྲངས་ནས་བཤད་ལ། ཐེག་བསྡུས་ལས། ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །དག་པ་བཞིན་དུ་དག་པར་འདོད ཅེས་པ་ལྟར། དྲི་མ་སེམས་ཀྱི་རང་བཞིན་ལ་མ་ཞུགས་ཀྱང་ཤེས་པའི་ངོ་བོ་ཉོན་མོངས་ཀྱིས་བསླད་པར་བཤད་པའི་ཕྱིར། རྟགས་གསུམ་པ་གྲུབ་སྟེ། དེ་ཉིད་བཅུ་པའི་འགྲེལ་བ་ལས། རྣམ་པ་མེད་པའི་དབུ་མ་ཡང་ལྭ་བའི་ན་བཟའ་ཅན་ལ་སོགས་པས་ཁས་ལེན་ཏེ། དེ་སྐད་དུ་དེ་ཡིས། ཉེར་ལེན་ལས་སྐྱེས་དྲི་མ་ཡིས། །བདག་ཉིད་དབྱེར་མེད་པ་བསྒྲིབ་སྟེ། །ཞེས་སོགས་ལྭ་བ་པས་མཛད་པའི་ཕར་ཕྱིན་ཚུལ་དགུ་པའི་ལུང་དྲངས་པའི་ཕྱིར། ཁྱབ་སྟེ། ལེགས་བཤད་སྙིང་པོ་ལས། ཐ་སྙད་དུ་སྔོ་སེར་ལ་སོགས་པའི་རྣམ་པ་རྣམས་དངོས་པོར་མེད་པ་རྣམ་རྫུན་པ་ལྟར་འདོད་པའི་དབུ་མ་པ་ནི་སློབ་དཔོན་ལྭ་བ་པས་བཀྲལ་བ་ལྟར་ཡིན་ནོ། །ཞེས་པཎྚི་ཏ་ལྷན་ཅིག་སྐྱེས་པའི་རྡོ་རྗེས་བཤད་དོ། །ཞེས་གསུངས་པའི་ཕྱིར་དང། ཚུལ་དགུ་པ་དྲངས་པ་ལས་ཀྱང༌། སེམས་ཀྱི་རྣམ་པ་འཁྲུལ་བའི་ཕྱིར། །གཟུང་དང་འཛིན་པ་ཐ་དད་དོ། །ཞེས་སོགས་གསུངས་པའི་ཕྱིར

   རང་ལུགས་ལ། མིའི་ཤ་ཚུགས་ཅན་གྱི་འགྲེལ་བྱེད་གཞན་ལ་མ་བརྟེན་པར་རྒྱལ་བའི་གསུང་རབ་ཀྱི་དགོངས་པ་ལེགས་པར་འགྲེལ་བའི་བྱང་འཕགས་ཀྱི་རྣམ་ཅན་དེ་ཤིང་རྟའི་སྲོལ་འབྱེད་ཀྱི་མཚན་ཉིད། དེ་ལ་གསུམ་ཡོད་དེ། དབུ་མ་པའི་ཤིང་རྟའི་སྲོལ་འབྱེད་ལ་དངོས་བསྟན་སྟོང་ཉིད་ཀྱི་སྲོལ་འབྱེད་ཀླུ་སྒྲུབ་དང༌། སྦས་དོན་མངོན་རྟོགས་དངོས་པོ་བརྒྱད་དུ་འགྲེལ་བ་རྒྱན་རྩོམ་པ་པོ་གཉིས་ཡོད་ལ། ཡུམ་གྱི་མདོའི་དོན་སེམས་ཙམ་དུ་འགྲེལ་བའི་སློབ་དཔོན་ཐོགས་མེད་གསུམ་ཡོད་པར་ལུང་རིགས་ཀྱིས་སྒྲུབ་ཟིན་པའི་ཕྱིར། ཡང་རྒྱལ་བའི་གསུང་རབ་ཀྱི་དྲང་ངེས་འབྱེད་པའི་མིའི་རྟེན་ཅན་གྱི་ཤིང་རྟའི་སྲོལ་འབྱེད་ལ་གཉིས་སུ་ངེས་ཏེ། དེ་ལ་སློབ་དཔོན་ཀླུ་སྒྲུབ་དང་ཐོགས་མེད་གཉིས་སུ་ངེས་པའི་ཕྱིར།

                                                                                                                        རྩོམ་སྒྲིག་པ། མང་ར་བ།

 

            གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།