དངོས་པོ་བརྒྱད་དོན་བདུན་ཅུའི་རྣམ་བཞག་ལེགས་པར་བཤད་པ་མི་ཕམ་བླ་མའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-25 17:11:51     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

IMG_3303.JPG

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ་སྭ་ར་སྭ་སྟྱཻ་ཙ། ཉི་མའི་གཉེན་གྱིས་ཉི་མ་བཞིན་བཤད་པའི། །རྒྱལ་ཡུམ་དགོངས་འགྲེལ་རྒྱལ་ཚབ་བྱམས་པའི་གསུང་། །དངོས་བརྒྱད་བདུན་ཅུར་དངོས་བཏགས་ལེགས་ཕྱེ་ཕྱིར། །བླ་མ་ལྷར་བཅས་ཞབས་ལ་གུས་བཏུད་དེ། །ཉུང་ངུས་ཚིག་གིས་ཤེར་དོན་འཕགས་སེང་གཉིས། །བྱོན་ནས་གསུངས་བཞིན་གསལ་བར་འདིར་བཤད་བྱ། །བློ་གསལ་རྣམས་ཀྱིས་མགུལ་བའི་རྒྱན་བྱས་ཏེ། །ཐུབ་བསྟན་མཛེས་པའི་རྒྱན་དྲུག་རྗེས་འགྲོ་མཛོད། །དེ་ལ་འདིར་དངོས་པོ་བརྒྱད་དོན་བདུན་ཅུ་བཤད་པ་ལ། དངོས་པོ་བརྒྱད་བཤད་པ་དང་། དོན་བདུན་ཅུ་བཤད་པ་གཉིས། དང་པོ་ནི། ཤེར་རབ་ཕ་རོལ་ཕྱིན་པ་ནི། །ཞེས་པ་ནས། ཆོས་ཀྱི་སྐུ་དང་དེ་རྣམས་བརྒྱད། །ཅེས་གསུངས། དངོས་པོ་བརྒྱད་ཡོད་དེ། རྣམ་མཁྱེན་དང་། ལམ་ཤེས་དང་། གཞི་ཤེས་དང་། རྣམ་རྫོགས་སྦྱོར་བ་དང་། རྩེ་སྦྱོར་དང་། མཐར་གྱིས་སྦྱོར་བ་དང་། སྐད་ཅིག་མའི་སྦྱོར་བ་དང་། འབྲས་བུ་ཆོས་སྐུ་དང་བརྒྱད་ཡོད་པའི་ཕྱིར། དང་པོ་རྣམ་མཁྱེན་ལ་མཚན་ཉིད་དང་། དབྱེ་བ་དང་། ས་མཚམས་གསུམ། དང་པོ་ནི། ཇི་ལྟ་ཇི་སྙེད་ཀྱི་རྣམ་པ་མ་ལུས་པ་སྐད་ཅིག་མ་གཅིག་ལ་མངོན་སུམ་དུ་མཁྱེན་པའི་མཐར་ཐུག་གི་མཁྱེན་པ་དེ།རྣམ་མཁྱེན་གྱི་མཚན་ཉིད། གཉིས་པ་ནི། དབྱེ་ན། ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་དང་། ཇི་སྙེད་པ་རྟོགས་པའི་རྣམ་མཁྱེན་གཉིས་དང་། སེམས་བསྐྱེད་སོགས་རྒྱུ་འབྲས་ཀྱི་རྣམ་པ་ཀུན་མངོན་སུམ་དུ་རྟོགས་པའི་རྣམ་མཁྱེན་དང་། སངས་རྒྱས་ཀྱི་སའི་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་ཡོད། གསུམ་པ་ནི། ས་མཚམས་སངས་རྒྱས་ཀྱི་ས་ཁོ་ནར་ཡོད། གཉིས་པ་ལམ་ཤེས་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། ལམ་གསུམ་བདེན་མེད་དུ་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ཐེག་ཆེན་འཕགས་པའི་མངོན་རྟོགས་དེ། ལམ་ཤེས་ཀྱི་མཚན་ཉིད། ལམ་ཤེས་དང་། ཐེག་ཆེན་འཕགས་པའི་མངོན་རྟོགས་དོན་གཅིག། གཉིས་པ་ནི། དབྱེ་ན། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས།ཐེག་ཆེན་གྱི་ལམ་ཤེས་པའི་ལམ་ཤེས་གསུམ། དེ་རེ་རེ་ལའང་ཐབས་ཤེས་ཀྱི་རྟོགས་རིགས་གཉིས་གཉིས་ཡོད། གསུམ་པ་ནི། ས་མཚམས་ཐེག་ཆེན་མཐོང་ལམ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད། གསུམ་པ་གཞི་ཤེས་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། གཞི་ཐམས་ཅད་གང་ཟག་གི་བདག་མེད་དུ་མངོན་སུམ་དུ་རྟོགས་པའི་ཆ་ནས་བཞག་པའི་ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་འཕགས་རྒྱུད་ཀྱི་མཁྱེན་པ་དེ། གཞི་ཤེས་ཀྱི་མཚན་ཉིད། ཆ་བཞག་གིས་ཐེག་དམན་འཕགས་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་གཞི་ཤེས་སྡུད། གཉིས་པ་ནི། དབྱེ་ན། འབྲས་ཡུམ་ལ་ཉེ་རིང་གི་གཞི་ཤེས་གཉིས་ཡོད། གསུམ་པ་ནི། ས་མཚམས་ཉན་ཐོས་ཀྱི་མཐོང་ལམ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད། བཞི་པ་རྣམ་རྫོགས་སྦྱོར་བ་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། མཁྱེན་གསུམ་གྱི་རྣམ་པ་སྒོམ་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་དེ། རྣམ་རྫོགས་སྦྱོར་བའི་མཚན་ཉིད། གཉིས་པ་ནི། དབྱེ་ན། ངོ་བོ་སོགས་ཀྱི་སྒོས་སྦྱོར་བ་ཉི་ཤུ་དང་། རྣམ་པའི་སྒོས་མཁྱེན་གསུམ་གྱི་རྣམ་པ་བརྒྱ་དང་དོན་གསུམ་ཉམས་སུ་ལེན་པའི་སེམས་དཔའི་རྣལ་འབྱོར་བརྒྱ་དང་དོན་གསུམ་ཡོད། སེམས་དཔའི་རྣལ་འབྱོར་དང་། ལམ་ཤེར་ཕྱིན་དང་། བྱང་སེམས་ཀྱི་ལམ་དང་། ཐེག་ཆེན་སྒྲུབ་པ་དང་། གོ་སྒྲུབ་རྣམས་དོན་གཅིག་མིང་གི་རྣམ་གྲངས་སོ། །གསུམ་པ་ནི། ས་མཚམས་ཐེག་ཆེན་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་ཡོད། ལྔ་པ་རྩེ་སྦྱོར་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། སྟོང་ཉིད་ལ་དམིགས་པའི་སྒོམ་བྱུང་གི་ཤེས་རབ་ཀྱིས་ཟིན་པའི་ཆ་ནས་བཞག་པའི་མཁྱེན་གསུམ་གྱི་རྣམ་པ་སྒོམ་པ་ལ་དབང་ཐོབ་པའི་སྐབས་ཀྱི་སེམས་དཔའི་རྣལ་འབྱོར་དེ། རྩེ་སྦྱོར་གྱི་མཚན་ཉིད། ཆ་བཞག་གིས་ཐོས་བྱུང་གི་བྱང་སེམས་སྦྱོར་ལམ་རྣམས་སྡུད་ཚུལ་ཤེས་དགོས། གཉིས་པ་ནི་དབྱེ་བ་བསྡུས་ན། སྦྱོར་ལམ་རྩེ་སྦྱོར་དང་། མཐོང་ལམ་རྩེ་སྦྱོར་དང་། སྒྡོམ་ལམ་རྩེ་སྦྱོར་དང་། བར་ཆད་མེད་པའི་རྩེ་སྦྱོར་བཞི་འམ།དྲོད་རྩེ་སྦྱོར་སོགས་སྦྱོར་ལམ་རྩེ་སྦྱོར་བཞི། མཐོང་ལམ་སྒོམ་ལམ་བར་ཆད་མེད་པའི་རྩེ་སྦྱོར་གསུམ་དང་བདུན་ནམ། རྒྱས་པར་ན་བརྒྱ་དང་དོན་གསུམ་ཡོད། གསུམ་པ་ནི། ས་མཚམས་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ནས་རྒྱུན་མཐའི་བར་རོ། །དྲུག་པ་མཐར་གྱིས་སྦྱོར་བ་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། མཁྱེན་གསུམ་གྱི་རྣམ་པ་ལ་བརྟན་པ་ཐོབ་ཕྱིར་དུ་རིམ་གྱིས་སྒོམ་པའི་ཆ་ནས་བཞག་པའི་སེམས་དཔའི་རྣལ་འབྱོར་དེ། མཐར་གྱིས་སྦྱོར་བའི་མཚན་ཉིད། གཉིས་པ་ནི། དབྱེ་ན། མཐར་གྱིས་སྦྱོར་བ་བཅུ་གསུམ་ཡོད། གསུམ་པ་ནི། ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་སྔ་ལོགས་བར་དུ་ཡོད། བདུན་པ་སྐད་ཅིག་མའི་སྦྱོར་བ་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། མཁྱེན་གསུམ་གྱི་རྣམ་པ་མཐར་གྱིས་བསྒོམས་པ་ལས་བྱུང་བའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་དེ། སྐད་ཅིག་མའི་སྦྱོར་བའི་མཚན་ཉིད། གཉིས་པ་ནི། དབྱེ་ན། ལྡོག་པའི་སྒོས་བཞི། གསུམ་པ་ནི། ས་མཚམས་རྒྱུན་མཐའ་ཁོ་ནར་ཡོད། བརྒྱད་པ་འབྲས་བུ་ཆོས་སྐུ་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། མཁྱེན་གསུམ་གྱི་རྣམ་པ་བསྒོམས་སྟོབས་ཀྱིས་ཐོབ་པའི་འབྲས་བུ་མཐར་ཐུག་པའི་ཟག་མེད་ཀྱི་ཡོན་ཏན་དེ། འབྲས་བུ་ཆོས་སྐུའི་མཚན་ཉིད། གཉིས་པ་ནི། དབྱེ་ན། ངོ་བོ་ཉིད་སྐུ། ཡེ་ཤེས་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་བཞི་ཡོད། གསུམ་པ་ནི། ས་མཚམས་སངས་རྒྱས་ཀྱི་ས་ཁོ་ནར་ཡོད།

 

གཉིས་པ་དོན་བདུན་ཅུ་བཤད་པ་ལ། མཁྱེན་གསུམ་མཚོན་བྱེད་ཀྱི་ཆོས་སུམ་ཅུ་བཤད་པ། སྦྱོར་བཞི་མཚོན་བྱེད་ཀྱི་ཆོས་སོ་དྲུག་བཤད་པ། ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞི་བཤད་པ་གསུམ། དང་པོ་ལ་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་བཤད་པ། ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་བཤད་པ། གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ་བཤད་པ་གསུམ། དང་པོ་ནི། སེམས་བསྐྱེད་པ་དང་གདམས་ངག་དང་། །ཞེས་པ་ནས། ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཅེས་གསུངས། རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་ཡོད་དེ། ཐེག་ཆེན་སེམས་བསྐྱེད་དང་། གདམས་ངག་དང་། ངེས་འབྱེད་ཡན་ལག་དང་། ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་དང་། ཐེག་ཆེན་སྒྲུབ་པའི་དམིགས་པ་དང་། ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་དང་། གོ་སྒྲུབ་དང་། འཇུག་སྒྲུབ་དང་། ཚོགས་སྒྲུབ་དང་། ངེས་འབྱུང་སྒྲུབ་པ་དང་བཅུ་ཡོད་པའི་ཕྱིར།

 

དང་པོ་སེམས་བསྐྱེད་ཀྱི་མཚན་ཉིད་དང་། དམིགས་པ་དང་། དབྱེ་བ་དང་། ས་མཚམས་བཞིས་བཤད་པར། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཞེས་པ་ནས། རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་གསུངས། སེམས་བསྐྱེད་ལ་མཚན་ཉིད། དམིགས་པ། དབྱེ་བ། ས་མཚམས་བཞི། དང་པོ་ནི། རང་རྒྱུ་གཞན་དོན་དོན་གཉེར་གྱི་འདུན་པས་དྲངས་ཤིང་གྲོགས་བྱང་ཆུབ་འདོད་པ་དང་མཚུངས་ལྡན་གྱི་རྣམ་རིག་ཁྱད་པར་ཅན་དེ། ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད། གཉིས་པ་ནི། དམིགས་པ་ཡོད་དེ། རང་དོན་བྱང་ཆུབ་དང་གཞན་དོན་གཞན་རྒྱུད་ཀྱི་མྱང་འདས་གཉིས་ལ་དམིགས་ནས་སེམས་བསྐྱེད་པའི་ཕྱིར། གསུམ་པ་ནི། དབྱེ་ན། ངོ་བོའི་སྒོས་སྨོན་འཇུག་གཉིས་དང་། གྲོགས་ཀྱི་སྒོས་ཉེར་གཉིས་ཡོད་པའི་ཕྱིར། ས་ལྟ་བུའི་སེམས་བསྐྱེད་དང་། དེ་བཞིན་དུ་གསེར་ལྟ་བུའི་སེམས་བསྐྱེད། ཟླ་བ་ལྟ་བུའི་དེ། མེ་ལྟ་བུའི་དེ། གཏེར་ལྟ་བུའི་དེ། རིན་པོ་ཆེའི་འབྱུང་གནས་ལྟ་བུའི་དེ། མཚོ་ལྟ་བུའི་དེ། རྡོ་རྗེ་ལྟ་བུའི་དེ། རི་ལྟ་བུའི་དེ། སྨན་ལྟ་བུའི་དེ། བཤེས་གཉེན་ལྟ་བུའི་དེ། ཡིད་བཞིན་ནོར་བུ་ལྟ་བུའི་དེ། ཉི་མ་ལྟ་བུའི་དེ། གླུ་དབྱངས་ལྟ་བུའི་དེ། རྒྱལ་བོ་ལྟ་བུའི་དེ། མཛོད་ལྟ་བུའི་དེ། ལམ་པོ་ཆེ་ལྟ་བུའི་དེ། བཞོན་པ་ལྟ་བུའི་དེ། བཀོད་མའི་ཆུ་ལྟ་བུའི་དེ། སྒྲ་སྙན་ལྟ་བུའི་དེ། ཆུ་བོ་ལྟ་བུའི་དེ། སྤྲིན་ལྟ་བུའི་སེམས་བསྐྱེད་དང་ཉེར་གཉིས་ཡོད། གནས་སྐབས་སྒོས་བཞིར་ཡོད་དེ། མོས་པ་སྤྱོད་པའི་སེམས་བསྐྱེད། ལྷག་བསམ་དག་པའི་སེམས་བསྐྱེད། རྣམ་པར་སྨིན་པའི་སེམས་བསྐྱེད། སྒྲིབ་པ་སྤངས་བའི་སེམས་བསྐྱེད་དང་བཞི་ཡོད་པའི་ཕྱིར།

 

གཉིས་པ་གདམས་ངག་ནི། སྒྲུབ་པ་དང་བདེན་པ་རྣམས་དང་ནི། །ཞེས་པ་ནས། བཅུ་ཡི་བདག་ཉིད་ཤེས་པར་བྱ། །ཞེས་གསུངས། གདམས་ངག་ལ་མཚན་ཉིད། དབྱེ་བ། ས་མཚམས། ཉན་ཚུལ་བཞི། དང་པོ་ནི། ཐར་ལམ་མ་ནོར་བར་སྟོན་པའི་རྗོད་བྱེད་རྣམ་དག་དེ། གདམས་ངག་གི་མཚན་ཉིད། ཐེག་ཆེན་སེམས་བསྐྱེད་ཀྱི་དོན་དུ་གཉེར་བྱ་ཐོབ་བའི་ཐབས་མ་ནོར་བར་སྟོན་པའི་རྗོད་བྱེད་དེ། ཐེག་ཆེན་གདམས་ངག་གི་མཚན་ཉིད། གཉིས་པ་ནི། དབྱེ་ན། གདམས་ཚུལ་གྱི་སྒོས་གདམས་པའི་གདམས་ངག་དང་། རྗེས་བསྟན་གྱི་གདམས་ངག་གཉིས་ཡོད། སྐབས་འདིར་བརྗོད་བྱའི་སྒོ་ནས་བཅུ་ཡོད་དེ། སྒྲུབ་པའི་དམིགས་པའི་རྣམ་པའི་དབང་དུ་བྱས་ནས་ངོ་བོ་བདེན་གཉིས་ལ་འདོམས་པ་དང་། དམིགས་ཡུལ་བདེན་བཞི་ལ་འདོམས་པ་གཉིས་དང་། རྟེན་དཀོན་མཆོག་གསུམ་ལ་འདོམས་པ་དང་། སྒྲུབ་པ་ཁྱད་པར་དུ་འགྲོ་བའི་རྒྱུ་ཡོངས་སུ་མ་ཞེན་བ་ལ་འདོམས་པ་དང་། ཐེག་ཆེན་སྒྲུབ་པ་ལས་མི་ལྡོག་པའི་རྒྱུ་ཡོངས་སུ་མི་ངལ་བ་ལ་འདོམས་པ་དང་། སྒྲུབ་པ་མི་ཉམས་པའི་རྒྱུ་ཐེག་ཆེན་གྱི་ལམ་ཡོངས་སུ་འཛིན་པ་ལ་འདོམས་པ་དང་། ཐེག་ཆེན་གྱི་སྒྲུབ་པ་ལ་རང་དབང་དུ་འཇུག་པའི་རྒྱུ་སྤྱན་ལྔ་ལ་འདོམས་པ་དང་། འབྲས་བུ་མྱུར་དུ་འགྲུབ་པའི་རྒྱུ་མངོན་ཤེས་དྲུག་ལ་འདོམས་པ་དང་། སྤང་བྱ་ཀུན་བཏགས་ས་བོན་དང་བཅས་པ་སྤོང་བའི་མཐོང་ལམ་ལ་འདོམས་པ་དང་། སྤང་བྱ་ལྷན་སྐྱེས་ཀྱི་ས་བོན་སྤོང་པའི་སྒོམ་ལམ་ལ་འདོམས་པའི་གདམས་ངག་དང་བཅུ་ཡོད་པའི་ཕྱིར། གསུམ་པ་ནི། ས་མཚམས་ལམ་མ་ཞུགས་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད། བཞི་པ་ཐེག་ཆེན་གདམས་ངག་ནི། ལམ་དུ་མ་ཞུགས་པ་ལས་སྣང་དག་པས་ཀྱང་གསན་པ་ཡོད་ལ། སངས་རྒྱས་སམ་དགེ་པའི་བཤེས་གཉེན་བསྐལ་བ་དུ་མར་བསྟེན་པས་ཉན་པའི་སྣོད་དུ་རུང་བར་བཤད་དོ། །

 

གསུམ་པ་ངེས་འབྱེད་ཡན་ལག་བཞི་ཐེག་དམན་གྱི་སྦྱོར་ལམ་བཞི་ལས་ཁྱད་པར་འཕགས་ཚུལ་འཆད་པར། དམིགས་པ་དང་ནི་རྣམ་པ་དང་། །ནས། བཅས་བ་དག་ལས་ཁྱད་པར་འཕགས། །ཞེས་གསུངས། འདི་ལ་སྦྱོར་ལམ་གྱི་མཚན་ཉིད། དབྱེ་བ། ས་མཚམས། དམིགས་རྣམ་སོགས་ཀྱི་ཁྱད་པར་བཞི། དང་པོ་ནི། རང་རྒྱུ་ཐར་པ་ཆ་མཐུན་གྱི་རྗེས་སུ་བྱུང་བའི་དོན་མངོན་རྟོགས་དེ། སྦྱོར་ལམ་གྱི་མཚན་ཉིད། སྦྱོར་ལམ་དང་དོན་མངོན་རྟོགས་དང་ངེས་འབྱེད་ཡན་ལག་དང་ངེས་འབྱེད་ཆ་མཐུན་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན། དེ་ལ་ཐེག་པ་གསུམ་གྱི་སྦྱོར་ལམ་ཡོད། དེ་གསུམ་རེ་རེ་ལ་དྲོད་རྩེ་མོ་བཟོད་པ་ཆོས་མཆོག་བཞི་རེ་ཡོད། རང་རྒྱུ་ཐེག་ཆེན་གྱི་ཚོགས་ལམ་གྱི་རྗེས་སུ་སྐྱེས་བའི་ཐེག་ཆེན་གྱི་དོན་མངོན་རྟོགས་དེ། ཐེག་ཆེན་སྦྱོར་ལམ་གྱི་མཚན་ཉིད། ཐེག་ཆེན་གྱི་སྦྱོར་ལམ། ཐེག་ཆེན་གྱི་དོན་མངོན་རྟོགས། ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་སོགས་དོན་གཅིག །གཉིས་པ་ནི། དབྱེ་ན། ཁྱད་པར་ལྔ་ལྡན་གྱི་ཐེག་ཆེན་གྱི་སྦྱོར་ལམ་དྲོད་རྩེ་མོ་བཟོད་པ་ཆོས་མཆོག་བཞི། དེ་རེ་རེ་ལ་ཆུང་འབྲིང་ཆེ་གསུམ་བྱས་པས་བཅུ་གཉིས་ཡོད། གསུམ་པ་ནི། ས་མཚམས་བདག་མེད་གསུམ་གང་རུང་ལ་དམིགས་པའི་ལྷག་མཐོང་ཐོབ་པ་ནས་ས་དང་པོ་ཐོབ་ཁའི་བར་དུ་ཡོད། བཞི་པ་ནི། ཐེག་དམན་གྱི་སྦྱོར་ལམ་དེ་ལས་ཐེག་ཆེན་གྱི་སྦྱོར་ལམ་ཁྱད་པར་དྲུག་གིས་འཕགས་པ་ཡིན་སྟེ། དམིགས་པ་དང་། རྣམ་པ་དང་། རྒྱུ་བྱེད་ཚུལ་དང་། ཡོངས་འཛིན་དང་། སྤང་བྱར་རྣམ་རྟོག་ལྡན་ཚུལ་དང་། ཆུང་འབྲིང་ཆེ་གསུམ་གྱི་དབྱེ་བ་དྲུག་གིས་ཁྱད་པར་དུ་འཕགས་པའི་ཕྱིར་ཏེ། དམིགས་པ་མི་རྟག་ལ་སོགས་པ། །ནས། དེ་ལྟར་ངེས་འབྱེད་ཆ་མཐུན་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །ནས། རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས་གསུངས་སོ། །

 

བཞི་པ་ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་འཆད་པར། རྟོགས་པ་ཡི་ནི་ཆོས་དྲུག་དང་། །ནས། འཇུག་པའི་རྟེན་ལ་རིགས་ཤེས་བྱ། །ཞེས་གསུངས། རིགས་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། ཆོས་དབྱིངས་གང་སྦྱངས་ན་བྱང་ཆུབ་དུ་འགྱུར་རུང་དེ་རིགས་ཀྱི་མཚན་ཉིད། ཆོས་དབྱིངས་གང་སྦྱངས་ན་བྱང་ཆུབ་དུ་འགྱུར་རུང་ཡང་ཡིན།ཐེག་ཆེན་སྒྲུབ་པའི་རྟེན་གཞི་བྱེད་པ་དེ། ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ཀྱི་མཚན་ཉིད། གཉིས་པ་ནི། རིགས་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་རང་བཞིན་གནས་རིགས་དང་རྒྱས་འགྱུར་གྱི་རིགས་གཉིས་ཡོད། ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ལ་དབྱེ་ན། བརྟེན་པའི་ཆོས་ཀྱི་སྒོས་དངོས་བསྟན་བཅུ་གསུམ་དང་། ཐེག་ཆེན་ཚོགས་ལམ་གྱི་རྟེན་རང་བཞིན་གནས་རིགས་རྣམས་ཡོད་དེ། དངོས་བསྟན་སྦྱོར་ལམ་དྲོད་སོགས་བཞི། མཐོང་ལམ་སྒོམ་ལམ་གཉིས། རྟོགས་པའི་ཆོས་དྲུག་གི་རྟེན་རང་བཞིན་གནས་རིགས་དྲུག་དང་། གཉེན་པོ་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་དང་། སྤོང་བའི་སྒྲུབ་པའི་དེ་དང་། སྤང་བྱ་དེ་དག་གཏུགས་པའི་རྣམ་གྲོལ་ལམ་གྱི་རྟེན་རང་བཞིན་གནས་རིགས་དང་། ཤེས་རབ་སྙིང་བརྩེ་བའི་རྟེན་རང་བཞིན་གནས་རིགས་དང་། སློབ་མ་ཉན་ཐོས་སོགས་དང་ཐུན་མོང་མ་ཡིན་པའི་རྟེན་རང་བཞིན་གནས་རིགས་དང་། གཞན་དོན་གོ་རིམ་དུ་བྱེད་པའི་རྟེན་རང་བཞིན་གནས་རིགས་དང་། ཡེ་ཤེས་རྩོལ་བ་མི་མངའ་བར་འཇུག་པའི་རྟེན་རང་བཞིན་གནས་རིགས་དང་བཅུ་གསུམ། ཚོགས་ལམ་གྱི་རྟེན་རང་བཞིན་གནས་རིགས་རྣམས་ཡོད་པ་དེའི་ཕྱིར།གསུམ་པ་ནི། ས་མཚམས་སྤྱིར་ཐེག་ཆེན་ཚོགས་ལམ་ནས་རྒྱུན་མཐའི་བར་དང་། དངོས་བསྟན་དྲོད་ནས་རྒྱུན་མཐའི་བར་དུ་ཡོད་དོ། །

 

ལྔ་པ་ཐེག་ཆེན་སྒྲུབ་པའི་དམིགས་པ་འཆད་པ་ནི། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ནས། གང་དག་ཐུབ་པའི་ཐུན་མོང་མིན། །ཞེས་གསུངས། ཐེག་ཆེན་སྒྲུབ་པའི་དམིགས་པ་ལ་མཚན་ཉིད། དབྱེ་བ། ས་མཚམས་ཡོད་མེད་གསུམ། དང་པོ་ནི། ཐེག་ཆེན་སྒྲུབ་པའི་ཤེས་པར་བྱ་བ་དེ། ཐེག་ཆེན་སྒྲུབ་པའི་དམིགས་པའི་མཚན་ཉིད། གཉིས་པ་ནི། དབྱེ་ན་བཅུ་གཅིག་ཡོད། དགེ་མི་དགེ་ལུང་མ་བསྟན་གསུམ་རེ་རེ་དང་། འཇིག་རྟེན་སོ་སྐྱེའི་ཕུང་པོ་དང་། འཇིག་རྟེན་ལས་འདས་པའི་འཕགས་རྒྱུད་ཀྱི་ཟག་མེད་བསམ་གཏན་དང་། ཉེར་ལེན་གྱི་ཕུང་པོ་ཟག་བཅས་དང་། བདག་ལྟའི་གཉེན་པོ་དྲན་སོགས་ཟག་མེད་དང་། ཁམས་གསུམ་ལ་མ་གཏོགས་པའི་རྒྱུས་བསྐྱེད་པ་ལམ་བདེན་དང་། རྒྱུ་རྐྱེན་གྱིས་འདུས་མ་བྱས་པའི་འགོག་བདེན་དང་།འཕགས་པ་གསུམ་གའི་རྒྱུད་ལ་ཡོད་པའི་ཐུན་མོང་གི་ཡོན་ཏན་བསམ་གཏན་དང་། སངས་རྒྱས་ཁོ་ན་ལ་ཡོད་པའི་ཐུན་མོང་མ་ཡིན་པ་སྟོབས་བཅུ་སྟེ་བཅུ་གཅིག་ཡོད་པའི་ཕྱིར། གསུམ་པ་ནི། ཐེག་ཆེན་སྒྲུབ་པའི་དམིགས་པས་ཆོས་ཐམས་ཅད་ལ་ཁྱབ་པས་ས་མཚམས་མེད།

 

དྲུག་པ་ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་འཆད་པར། སེམས་ཅན་ཀུན་མཆོག་ཉིད་སེམས་དང་། །ཞེས་སོགས་ཚིགས་བཅད་གཅིག་བྱུང་། ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། བྱང་སེམས་སྒྲུབ་པར་འཇུག་པའི་ཐོབ་བྱ་མཐར་ཐུག་དེ། ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བའི་མཚན་ཉིད། གཉིས་པ་ནི། དེ་ལ་དབྱེ་ན། སེམས་ཆེན་པོ། སྤང་བ་ཆེན་པོ། རྟོགས་པ་ཆེན་པོ་གསུམ་ཡོད། གསུམ་པ་ནི། ས་མཚམས་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་དོ། །

 

བདུན་པ་གོ་སྒྲུབ་བཤད་པར། དེ་དག་སོ་སོར་སྦྱིན་ལ་སོགས། །ནས། དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །ཅེས་གསུངས། ཐེག་ཆེན་སེམས་བསྐྱེད་ལ་བརྟེན་ནས་བླ་མེད་བྱང་ཆུབ་ཀྱི་ཆེད་དུ་དོན་གཉིས་སྒྲུབ་པའི་བྱ་བ་དེ། ཐེག་ཆེན་སྒྲུབ་པའི་མཚན་ཉིད། དབྱེ་ན། གོ་སྒྲུབ། འཇུག་སྒྲུབ། ཚོགས་སྒྲུབ། ངེས་འབྱུང་སྒྲུབ་པ་བཞི་ཡོད། དང་པོ་གོ་སྒྲུབ་ལ་མཚན་ཉིད། དབྱེ་བ།ས་མཚམས་གསུམ། དང་པོ་ནི། ཕྱིན་དྲུག་རེ་རེའི་ནང་དུ་དྲུག་དྲུག་ཚང་བར་བསྡུས་ནས་ཉམས་སུ་ལེན་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་དེ། གོ་སྒྲུབ་ཀྱི་མཚན་ཉིད། དེ་དང་བྱང་སེམས་ཀྱི་ལམ་དོན་གཅིག །གཉིས་པ་དབྱེ་ན། སྦྱིན་པའི་གོ་སྒྲུབ་ནས་ཤེས་རབ་ཀྱི་གོ་སྒྲུབ་བར་དྲུག་ཡོད། རྒྱས་པར་ཕྱེ་ན་དེ་རེ་རེ་ལ་དྲུག་དྲུག་སྟེ་སོ་དྲུག་ཡོད་དེ། སྦྱིན་པའི་སྦྱིན་པའི་གོ་སྒྲུབ་ནས། སྦྱིན་པའི་ཤེས་རབ་ཀྱི་གོ་སྒྲུབ་བར་དྲུག་དང་། དེ་བཞིན་དུ་གཞན་ལའང་ཡོད་པའི་ཕྱིར། གསུམ་པ་ནི། ས་མཚམས་བྱང་སེམས་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་ཡོད་དོ། །

 

བརྒྱད་པ་འཇུག་སྒྲུབ་བཤད་པར། བསམ་གཏན་གཟུགས་མེད་སྦྱིན་སོགས་དང་། །ནས། འཛེག་པ་ཡིན་པར་ཤེས་པར་བྱ། །ཞེས་གསུངས། འཇུག་སྒྲུབ་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། སྒོམ་བྱུང་གཙོ་བོར་གྱུར་པའི་སྒོས་ཐེག་ཆེན་གྱི་རྒྱུ་འབྲས་ཅི་རིགས་ལ་འཇུག་པའི་བྱ་བ་དེ། འཇུག་སྒྲུབ་ཀྱི་མཚན་ཉིད། གཉིས་པ་ནི། དབྱེ་ན་དགུ་ཡོད་དེ། བྱང་སེམས་ཀྱི་བསམ་གཏན་གཟུགས་མེད་ལ་འཇུག་པའི་དེ་དང་། ཕར་ཕྱིན་དྲུག་ལ་འཇུག་པའི་དེ་དང་། འཕགས་ལམ་ལ་འཇུག་པའི་དེ། ཚད་མེད་བཞི་ལ་འཇུག་པའི་དེ། མི་དམིགས་པ་དང་ལྡན་པའི་འཇུག་པའི་དེ། འཁོར་གསུམ་ཡོངས་སུ་དག་པའི་འཇུག་པའི་དེ། ཆེད་དུ་བྱ་བའི་འཇུག་པའི་དེ། མངོན་པར་ཤེས་པའི་འཇུག་སྒྲུབ་དང་། རྣམ་མཁྱེན་དུ་འཇུག་པའི་འཇུག་སྒྲུབ་སྟེ་དགུ་ཡོད་པའི་ཕྱིར། གསུམ་པ་ནི། ས་མཚམས་མོས་སྤྱོད་ཀྱི་སྦྱོར་ལམ་དྲོད་ནས་རྒྱུན་མཐའི་བར་རོ། །

 

དགུ་པ་ཚོགས་སྒྲུབ་བཤད་པ་ནི། བརྩེ་དང་སྦྱིན་ལ་སོགས་པ་དྲུག །ནས། རིམ་པ་ཡིན་པར་ཤེས་པར་བྱ། །ཞེས་གསུངས། ཚོགས་སྒྲུབ་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། རང་འབྲས་བྱང་ཆེན་དངོས་སུ་འབྱིན་པའི་རིགས་གནས་ཀྱི་བྱ་བ་དེ། ཚོགས་སྒྲུབ་ཀྱི་མཚན་ཉིད། གཉིས་པ་ནི། དབྱེ་ན་བཅུ་བདུན་ཡོད་དེ། སྙིང་རྗེ་ཆེན་པོའི་ཚོགས་དང་། སྦྱིན་པའི་ཚོགས་དང་། ཚུལ་ཁྲིམས་ཀྱི་ཚོགས་དང་། བཟོད་པའི་ཚོགས་དང་། བརྩོན་འགྲུས་ཀྱི་ཚོགས་དང་། བསམ་གཏན་གྱི་ཚོགས་དང་། ཤེས་རབ་ཀྱི་ཚོགས་དང་། ཞི་གནས་ཀྱི་ཚོགས་དང་། ལྷག་མཐོང་གི་ཚོགས་དང་། དེ་ཟུང་འབྲེལ་གྱི་ཚོགས་དང་། ཐབས་མཁས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་དང་། བསོད་ནམས་ཀྱི་ཚོགས་དང་། ལམ་གྱི་ཚོགས་དང་། གཟུངས་ཀྱི་ཚོགས་དང་། སའི་ཚོགས་དང་། གཉེན་པོའི་ཚོགས་ཀྱི་བར་ཡོད་པའི་ཕྱིར། གསུམ་པ་ནི། ས་མཚམས་ཚོགས་ཙམ་ཞིག་ལས་དང་པོ་བའི་ས་ན་ཡོད་ཀྱང་། དངོས་བསྟན་ནི་ཆོས་མཆོག་ཆེན་པོ་ནས་རྒྱུན་མཐའི་བར་ཡོད་དེ། དང་པོ་བཅོ་ལྔའི་མ་མཐའ་ཆོས་མཆོག་ཆེན་པོ་ན་ཡོད་ཅིང་། ས་དང་གཉེན་པོའི་ཚོགས་གཉིས་ས་བཅུ་ན་ཡོད་པའི་ཕྱིར།

 

བཅུ་པ་ངེས་འབྱུང་སྒྲུབ་པ་སྟོན་པར། ཆེད་དུ་བྱ་དང་མཉམ་ཉིད་དང་། །ནས། ངེས་འབྱུང་སྒྲུབ་པ་ཡིན་ཤེས་བྱ། །ཞེས་གསུངས། ངེས་འབྱུང་སྒྲུབ་པ་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། རྣམ་མཁྱེན་གདོན་མི་ཟ་བར་ངེས་པར་འབྱིན་པའི་དག་སའི་སེམས་དཔའི་རྣལ་འབྱོར་དེ། ངེས་འབྱུང་སྒྲུབ་པའི་མཚནཉིད། གཉིས་པ་ནི། དབྱེ་ན་བརྒྱད་ཡོད་དེ།ཆེད་དུ་བྱ་བ་གསུམ་གྱི་དོན་དུ་ངེས་པར་འབྱུང་བ་དང་། མཉམ་པ་ཉིད་ཀྱི་དེ། སེམས་ཅན་དོན་གྱི་དེ། ལྷུན་གྱིས་གྲུབ་པའི་དེ། མཐའ་འདས་ཀྱི་དེ། ཐོབ་པའི་མཚན་ཉིད་ཀྱི་དེ། རྣམ་མཁྱེན་དུ་ངེས་པར་འབྱུང་བའི་སྒྲུབ་པ་དང་། ལམ་གྱི་ངེས་འབྱུང་སྒྲུབ་པ་སྟེ་བརྒྱད་ཡོད་པའི་ཕྱིར། གསུམ་པ་ནི། ས་མཚམས་དག་ས་གསུམ་ན་ཡོད། རྣམ་མཁྱེན་མཚོན་བྱེད་གྱི་ཆོས་བཅུ་བཤད་ཟིན་ཏོ། །

 

གཉིས་པ་ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་སྟོན་པར། མོག་མོག་པོར་བྱེད་ལ་སོགས་དང་། །ནས། ལམ་ཤེས་ཉིད་ནི་དེ་འདྲར་བཤད། །ཅེས་གསུངས། ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ཡོད་དེ། ལམ་ཤེས་ཀྱི་ཡན་ལག་དང་། སློབ་མ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་དང་། བསེ་རུ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་དང་། འདི་ཕྱིར་ཕན་ཡོན་ཆེ་བའི་ཐེག་ཆེན་མཐོང་ལམ་དང་། སྒོམ་ལམ་གྱི་བྱེད་པ་དང་། མོས་པ་སྒོམ་ལམ་དང་། དེའི་ཕན་ཡོན་བསྟོད་བཀུར་བསྔགས་གསུམ་དང་། བསྔོ་བ་སྒོམ་ལམ་དང་། རྗེས་སུ་ཡི་རང་སྒོམ་ལམ་དང་། སྒྲུབ་པ་སྒོམ་ལམ་དང་། རྣམ་དག་སྒོམ་ལམ་སྟེ་བཅུ་གཅིག་ཡོད་པའི་ཕྱིར། དང་པོ་སྟོན་པར། ལྷ་རྣམས་རུང་བར་བྱ་བའི་ཕྱིར། །ནས། རང་བཞིན་དང་ནི་དེ་ཡི་ལས། །ཞེས་གསུངས། ལམ་ཤེས་ཀྱི་ཡན་ལག་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། ལམ་ཤེས་རྫོགས་བྱེད་ཀྱི་ཆ་ཤས་སུ་གྱུར་བའི་ཡོན་ཏན་དེ། ལམ་ཤེས་ཀྱི་ཡན་ལག་གི་མཚན་ཉིད། ལམ་ཤེས་རྫོགས་བྱེད་ཀྱི་ཆ་ཤས་སུ་གྱུར་པའི་སེམས་དཔའི་རྒྱུད་ཀྱི་ཡོན་ཏན་དེ། སྐབས་འདིར་དངོས་སུ་བསྟན་པའི་ལམ་ཤེས་ཀྱི་ཡན་ལག་གི་མཚན་ཉིད། གཉིས་པ་ནི། ལམ་ཤེས་ཀྱི་ཡན་ལག་ལ་ལྔ་ཡོད་དེ། རྟེན་གེགས་ང་རྒྱལ་མངོན་གྱུར་དང་བྲལ་བ་དང་། ལྷན་ཅིག་བྱེད་རྐྱེན་སེམས་བསྐྱེད་པ་དང་། རྒྱུ་རིགས་ཀྱིས་ཁྱབ་པ་དང་། འཁོར་བ་མི་འདོར་བའི་རང་བཞིན་དང་། གཞན་འཁོར་དུ་སྡུད་པ་སོགས་ཀྱི་བྱེད་ལས་དང་ལྔ་ཡོད་པའི་ཕྱིར། གསུམ་པ་ནི། ལམ་ཤེས་ཀྱི་ཡན་ལག་ནི་ལམ་མ་ཞུགས་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད། དངོས་བསྟན་གྱི་ཡན་ལག་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་ཡོད།

 

གཉིས་པ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་སྟོན་པར། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །ནས། ཉན་ཐོས་ལམ་འདི་ཤེས་པར་བྱ། །ཞེས་གསུངས། སློབ་མ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ལ། མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་བཟུང་བའི་ཆེད་དུ་དམིགས་པ་བདེན་བཞི་གང་རུང་ལ་དམིགས་ནས་རྣམ་པ་མི་རྟག་སོགས་གང་རུང་མངོན་སུམ་དུ་རྟོགས་པའི་ཆ་ནས་བཞག་པའི་ཉན་ཐོས་ཀྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མངོན་རྟོགས་དེ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད། གཉིས་པ་ནི། དབྱེ་ན་རྣམ་པའི་སྒོས་བཅུ་དྲུག་དང་། ལམ་གྱི་སྒོས་རང་ཡིན་གྱི་མཐོང་སྒོམ་མི་སློབ་ལམ་གསུམ་ཡོད། གསུམ་པ་ནི། ཐེག་ཆེན་མཐོང་ལམ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད། གསེར་འཕྲེང་ཚིག་ཟིན་དང་རྒྱ་གཞུང་ལ་ལ་ལྟར་ན་ཐེག་ཆེན་ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་བྱེད་དགོས་སོ། །

 

གསུམ་པ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་སྟོན་པར། རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །ནས། ཡང་དག་བསྡུས་བར་ཤེས་པར་བྱ། །ཞེས་གསུངས། བསེ་རུ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། གདུལ་བྱ་རང་རྒྱལ་གྱི་ཆེད་དུ་དམིགས་པ་སྐྱེ་མཆེད་བཅུ་གཉིས་ལ་དམིགས་ནས་རྣམ་པ་གཟུང་བྱ་ཕྱི་དོན་གྱིས་དབེན་བར་མངོན་སུམ་དུ་རྟོགས་པའི་ཆ་ནས་བཞག་པའི་རང་རྒྱལ་གྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་ལམ་དེ། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད། གཉིས་པ་ནི། དབྱེ་ན་མཐོང་སྒོམ་མི་སློབ་ལམ་གསུམ་ཡོད། གསུམ་པ་ནི། ས་མཚམས་ཐེག་ཆེན་མཐོང་ལམ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད།

 

བཞི་པ་ཐེག་ཆེན་མཐོང་ལམ་ཕན་ཡོན་དང་བཅས་པ་སྟོན་པར། བདེན་དང་བདེན་ལ་བཟོད་པ་དང་། །ནས། ལམ་ཤེས་ཉིད་ཀྱི་སྐད་ཅིག་མ། །ཞེས་གསུངས། ཐེག་ཆེན་གྱི་མཐོང་ལམ་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། སྲིད་ཞིའི་མཐའ་གཉིས་འགོག་པའི་བདེན་པ་མངོན་རྟོགས་དེ་ཐེག་ཆེན་མཐོང་ལམ་གྱི་མཚན་ཉིད། གཉིས་པ་ནི། དབྱེ་ན།མཉམ་བཞག་ཡེ་ཤེས་དང་། རྗེས་ཐོབ་ཡེ་ཤེས་གཉིས། རྟོགས་རིགས་ཀྱིས་ཕྱེ་ན་རང་ཡིན་པའི་ཉན་ཐོས་ཀྱི་ལམ་ཤེས་བའི་མཐོང་ལམ། རང་རྒྱལ་གྱི་ལམ་ཤེས་པའི་མཐོང་ལམ། ཐེག་ཆེན་གྱི་ལམ་ཤེས་པའི་མཐོང་ལམ་གསུམ་དང་། དམིགས་པ་དང་ལྡོག་པས་ཕྱེ་ན་བཟོད་པ་བརྒྱད་དང་། ཤེས་པ་བརྒྱད་དེ་བཅུ་དྲུག་ཡོད་དོ། །གསུམ་པ་ས་མཚམས་མཐོང་ལམ་ཁོ་ནར་ཡོད།

 

ལྔ་པ་སྒོམ་ལམ་གྱི་བྱེད་པ་སྟོན་པར། ཀུན་ནས་ཞི་དང་ཐམས་ཅད་ལ། །ནས། བྱང་ཆུབ་དང་ནི་རྟེན་མཆོད་ཉིད། །ཅེས་གསུངས། ཐེག་ཆེན་སྒོམ་ལམ་གྱི་བྱེད་པ་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། ཐེག་ཆེན་སྒོམ་ལམ་བསྒོམས་པའི་སྟོབས་ཀྱིས་ཐོབ་པའི་ཕན་ཡོན་དེ། ཐེག་ཆེན་སྒོམ་ལམ་གྱི་བྱེད་པའི་མཚན་ཉིད། གཉིས་པ་དབྱེ་ན་དྲུག་ཡོད་དེ། ཀུན་ནས་ང་རྒྱལ་སོགས་ཞི་བའི་བྱེད་པ་དང་། རྣམ་པ་ཐམས་ཅད་དུ་འདུད་པའི་བྱེད་པ་དང་། ཉོན་མོངས་ལས་ངེས་པར་རྒྱལ་བའི་བྱེད་པ་དང་། གནོད་བས་མི་བརྫི་བའི་བྱེད་པ་དང་། ཡང་དག་རྫོགས་པའི་བྱང་ཆུབ་ཀྱི་བྱེད་པ་དང་། ཤེར་ཕྱིན་རྟེན་པའི་ཡུལ་མཆོད་པར་བྱ་བ་ཉིད་དུ་བྱེད་པའི་སྒོམ་ལམ་བྱེད་པ་སྟེ་དྲུག་ཡོད། གསུམ་པ་ནི། ས་མཚམས་ས་དང་པོ་ནས་བཅུ་པའི་བར་ཡོད།

 

དྲུག་པ་སྒོམ་ལམ་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་དེ། ཐེག་ཆེན་སྒོམ་ལམ་གྱི་མཚན་ཉིད། རྗེས་ལ་མངོན་རྟོགས་དང་སྒོམ་ལམ་དོན་གཅིག །གཉིས་པ་ནི་དབྱེ་ན་ཟག་བཅས་སྒོམ་ལམ་དང་ཟག་མེད་སྒོམ་ལམ་གཉིས། དང་པོ་དང་རྟོག་པར་གྱུར་པའི་སྒོམ་ལམ་དོན་གཅིག།།གཉིས་པ་དང་རྟོག་བྲལ་གྱི་སྒོམ་ལམ་དོན་གཅིག །དང་པོ་ལ་མོས་བསྔོ་རྗེས་སུ་ཡི་རང་བའི་སྒོམ་ལམ་གསུམ་ཡོད། དང་པོ་མོས་པ་སྒོམ་ལམ་སྟོན་པར། མོས་པ་རང་གི་དོན་དང་ནི། །ནས། རྣམ་པ་ཉི་ཤུ་བདུན་དུ་འདོད། །ཅེས་གསུངས། ཡུམ་དོན་གསུམ་གྱི་འབྱུང་གནས་སུ་ཡིད་ཆེས་པའི་དད་པའི་ཆ་ནས་བཞག་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་དེ། ཐེག་ཆེན་གྱི་མོས་པ་སྒོམ་ལམ་གྱི་མཚན་ཉིད། དབྱེ་ན་རང་དོན་མོས་པའི་དེ། གཉིས་དོན་མོས་པའི་དེ། གཞན་དོན་མོས་པའི་དེ་གསུམ། དེ་རེ་རེ་ལའང་ཆུང་ངུ་འབྲིང་ཆེན་པོ་གསུམ་སྟེ་དགུ་དང་། དེ་རེ་རེ་ལའང་ཆུང་ངུའི་ཆུང་ངུ་སོགས་གསུམ་གསུམ་ཕྱེ་བས་ཉེར་བདུན་ཡོད། ས་མཚམས་ས་དང་པོ་ནས་ས་བཅུ་བའི་བར་དུ་ཡོད།

 

བདུན་པ་དེའི་ཕན་ཡོན་བསྟོད་བཀུར་བསྔགས་གསུམ་སྟོན་པར། ཤེས་རབ་ཕ་རོལ་ཕྱིན་པ་ལ། །ནས། བཀུར་བ་དང་ནི་བསྔགས་པར་འདོད། །ཅེས་གསུངས། མོས་པ་སྒོམ་ལམ་གསུམ་སྒོམ་པའི་བྱང་སེམས་ལ་སངས་རྒྱས་བྱང་སེམས་གོང་མ་རྣམས་དགྱེས་པའི་ཆ་དང་དེའི་དོན་གནས་ཀྱི་ཡོན་ཏན་བརྗོད་བའི་ཆ་གང་རུང་གིས་བསྡུས་པའི་ཡོན་ཏན་དེ། མོས་པ་སྒོམ་ལམ་གྱི་ཕན་ཡོན་བསྟོད་བཀུར་བསྔགས་གསུམ་གྱིས་བསྡུས་པའི་ཕན་ཡོན་གྱི་མཚན་ཉིད་དུ་འཇོག །དབྱེ་ན་ཉེར་བདུན་ཡོད། ས་མཚམས་མོས་པ་དང་འདྲ།

 

བརྒྱད་པ་བསྔོ་བ་སྒོམ་ལམ་སྟོན་པར། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །ནས། བསོད་ནམས་ཆེ་འབྱུང་བདག་ཉིད་དོ། །ཞེས་ཚིགས་བཅད་གསུམ་བྱུང་། རང་གཞན་གྱི་དགེ་རྩ་རྫོགས་བྱང་གི་ཡན་ལག་དུ་སྒྱུར་བར་བྱེད་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་རྟོག་བཅས་དེ། ཐེག་ཆེན་གྱི་བསྔོ་བ་སྒོམ་ལམ་གྱི་མཚན་ཉིད། དབྱེ་ན་བཅུ་གཉིས་ཡོད་དེ། ཡོངས་སུ་བསྔོ་བ་ཁྱད་པར་ཅན་གྱི་སྒོམ་ལམ་དང་། དམིགས་མེད་རྣམ་པ་ཅན་གྱི་བསྔོ་བ་སྒོམ་ལམ་དང་གཉིས། ཕྱིན་ཅི་མ་ལོག་པའི་མཚན་ཉིད་ཅན་གྱི་བསྔོ་བ་སྒོམ་ལམ་དང་གསུམ། དབེན་པའི་བསྔོ་བ་སྒོམ་ལམ་དང་བཞི། སངས་རྒྱས་བསོད་ནམས་རང་བཞིན་དྲན་པའི་བསྔོ་བ་སྒོམ་ལམ་དང་། ཐབས་ལ་མཁས་པའི་བསྔོ་བ་སྒོམ་ལམ་དང་། མཚན་མ་མེད་པའི་བསྔོ་བ་སྒོམ་ལམ་དང་། སངས་རྒྱས་ཀྱི་རྗེས་སུ་གནང་བའི་བསྔོ་བ་སྒོམ་ལམ་དང་། ཁམས་གསུམ་དུ་གཏོགས་པ་མ་ཡིན་པའི་བསྔོ་བ་སྒོམ་ལམ་དང་། བསོད་ནམས་ཆེན་པོ་འབྱུང་བའི་བསྔོ་བ་ཆུང་ངུའི་སྒོམ་ལམ་དང་། བསོད་ནམས་ཆེན་པོའི་འབྲིང་གི་བསྔོ་བ་སྒོམ་ལམ་དང་། བསོད་ནམས་ཆེན་པོའི་བསྔོ་བ་ཆེན་པོའི་སྒོམ་ལམ་དང་བཅུ་གཉིས་ཡོད་དོ། །ས་མཚམས་ས་དང་པོ་ནས་བཅུ་པའི་བར་རོ། །

 

དགུ་པ་རྗེས་སུ་ཡི་རང་སྒོམ་ལམ་སྟོན་པར། ཐབས་དང་མི་དམིགས་པ་དག་གིས། །ནས། སྒོམ་པ་ཡིན་པར་འདིར་བརྗོད་དོ། །ཞེས་པའི་ཚིགས་བཅད་གཅིག་བྱུང་། རང་གཞན་གྱི་དགེ་བ་ལ་མངོན་པར་དགའ་བའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་རྟོག་བཅས་དེ། ཐེག་ཆེན་གྱི་རྗེས་སུ་ཡི་རང་སྒོམ་ལམ་གྱི་མཚན་ཉིད། དབྱེ་ན་རང་གཞན་གྱི་དགེ་བ་ལ་ཡི་རང་གཉིས་སམ་ཀུན་རྫོབ་དང་དོན་དམ་པའི་ཡུལ་ཅན་གྱི་ཡི་རང་གཉིས་ཡོད། མོས་བསྔོ་ཡི་རང་གི་སྒོམ་ལམ་གསུམ་གྱི་ས་མཚམས་འདྲ།

 

བཅུ་པ་སྒྲུབ་པ་སྒོམ་ལམ་སྟོན་པར། དེ་ཡི་ངོ་བོ་ཉིད་མཆོག་ཉིད། །ནས། གཏོད་པར་བྱེད་པ་དོན་ཆེན་ཉིད། །ཅེས་ཤོ་ལོ་ཀ་གཅིག་བྱུང་། ཟག་མེད་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་གང་རྟོགས་པ་མཐར་ཐུག་གི་ལག་རྗེས་འཇོག་བྱེད་དེ། ཐེག་ཆེན་གྱི་སྒྲུབ་པ་སྒོམ་ལམ་གྱི་མཚན་ཉིད། དབྱེ་ན་ལྔ་ཡོད་དེ། ཆོས་ཐམས་ཅད་བདེན་མེད་དུ་རྟོགས་པའི་སྒྲུབ་པ་སྒོམ་ལམ་དེའི་ངོ་བོ་ཉིད་དང་། ཤེར་ཕྱིན་གྱི་སྒྲུབ་པ་སྒོམ་ལམ་གྱི་མཆོག་ཉིད་དང་། སྒོམ་ལམ་དེས་ཆོས་ཐམས་ཅད་བདེན་གྲུབ་ཏུ་འདུ་མི་བྱེད་པ་དང་། སྒོམ་ལམ་དེས་ཆོས་ཐམས་ཅད་བདེན་གྲུབ་ཀྱི་དམིགས་པ་མེད་པར་གཏོད་པ་དང་། སྒོམ་ལམ་དེས་འབྲས་བུ་སངས་རྒྱས་ཐོབ་པའི་དོན་ཆེན་པོ་ཉིད་དང་ལྔ་ཡོད་པའི་ཕྱིར། ས་མཚམས་ས་དང་པོ་ནས་བཅུ་པའི་བར་རོ། །

 

བཅུ་གཅིག་པ་རྣམ་དག་སྒོམ་ལམ་ལ་མཚན་ཉིད་དབྱེ་བ་དང་བཅས་སྟོན་པར། འབྲས་བུ་དག་པ་གཟུགས་ལ་སོགས། །ནས། སོགས་པའི་ལམ་ནི་དག་པ་ཡིན། །ཞེས་ཤོ་ལོ་ཀ་གསུམ་བྱུང་། ཟག་མེད་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་གང་སྤངས་པ་མཐར་ཐུག་གི་ལག་རྗེས་འཇོག་བྱེད་དེ། ཐེག་ཆེན་གྱི་རྣམ་དག་སྒོམ་ལམ་གྱི་མཚན་ཉིད། དབྱེ་ན། སྒོམ་སྤང་སྐོར་དགུའི་གཉེན་པོ་སྐོར་དགུ་ཡོད། སྒོམ་སྤང་ཆེན་པོའི་ཆེན་པོའི་གཉེན་པོ། ནས། ཆུང་ངུའི་ཆུང་ངུའི་གཉེན་པོ་རྣམ་དག་སྒོམ་ལམ་ཆེན་པོའི་ཆེན་པོའི་བར་དགུ་ཡོད། ས་མཚམས་ས་དང་པོ་ནས་ས་བཅུ་པའི་བར་དུ་ཡོད། ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་བཤད་ཟིན་ཏོ། །

 

གསུམ་པ་གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ་སྟོན་པར། ཤེས་པས་སྲིད་ལ་མི་གནས་ཤིང་། །ནས། དེ་འདྲ་ཀུན་ཤེས་ཉིད་དུ་འདོད། །ཅེས་སོགས་ཤོ་ལོ་ཀ་གཉིས་བྱུང་། གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ་ཡོད་དེ། ཤེས་པས་སྲིད་ལ་མི་གནས་པའི་གཞི་ཤེས་དང་། སྙིང་རྗེས་ཞི་ལ་མི་གནས་པའི་ལམ་ཤེས་དང་། འབྲས་ཡུམ་ལ་རིང་བའི་གཞི་ཤེས་དང་། འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་དང་། མཚན་འཛིན་གྱིས་བཅིངས་པའི་མི་མཐུན་ཕྱོགས་ཀྱི་གཞི་ཤེས་དང་། མཚན་འཛིན་གྱི་གཉེན་པོས་ཟིན་པའི་གཉེན་པོ་ཕྱོགས་ཀྱི་གཞི་ཤེས་དང་། གཞི་ཤེས་སྦྱོར་བ་དང་། སྦྱོར་བའི་འཛིན་སྟངས་མཉམ་པ་ཉིད་དང་། མཐོང་ལམ་དང་དགུ་ཡོད་པའི་ཕྱིར། དང་པོ་ནི། ཚུར་རོལ་ཕ་རོལ་མཐའ་ལ་མིན། །སོགས་ཤོ་ལོ་ཀ་གཅིག་བྱུང་། སྲིད་མཐའ་ལ་མི་གནས་པའི་གཞི་ཤེས་ཀྱི་མཚན་ཉིད་ནི། ཐབས་སྙིང་རྗེ་ཆེན་པོས་ཟིན་ཅིང་མི་རྟག་སོགས་གང་རུང་མངོན་སུམ་དུ་རྟོགས་པའི་ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་དེ་དེའི་མཚན་ཉིད། དབྱེ་ན་མཐོང་སྒོམ་མི་སློབ་ལམ་གསུམ་ཡོད། མཚན་གཞི་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་སྒོམ་ལམ་ལྟ་བུ། ཡང་ཀུན་རྫོབ་ལ་ལྟོས་པའི་ཞི་མཐའ་འགོག་བྱེད་ཀྱི་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མངོན་རྟོགས་དེ། སྙིང་རྗེས་ཞི་ལ་མི་གནས་པའི་ལམ་ཤེས་ཀྱི་མཚན་ཉིད། མཚན་གཞི་ཐེག་ཆེན་སྒོམ་ལམ་པའི་རྒྱུད་ཀྱི་སྙིང་རྗེ་ལྟ་བུ། སྙིང་རྗེས་ཞི་ལ་མི་གནས་པའི་གཞི་ཤེས་མི་རུང་བས་སྔ་མ་དང་མི་འདྲའོ། །དབྱེ་ན། ཐེག་ཆེན་འཕགས་པའི་སྙིང་རྗེ་ཆེན་པོ་གསུམ་དང་སེམས་བསྐྱེད་སོགས་ཡོད།འདི་གཉིས་ཀྱི་ས་མཚམས་ས་དང་པོ་ནས་ས་བཅུ་པའི་བར་དུ་ཡོད།

 

གསུམ་པ་འབྲས་ཡུམ་ལ་རིང་བའི་གཞི་ཤེས་སྟོན་པར། དེ་ནི་མཚན་མར་དམིགས་སྒོ་ནས། །ཐབས་མ་ཡིན་པས་རིང་བ་སྟེ། །ཞེས་གསུངས། དེ་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། མི་རྟག་སོགས་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་གང་། སྙིང་རྗེ་ཆེན་པོ་དང་བྲལ་ཞིང་བདེན་འཛིན་གྱིས་བཅིངས་བའི་གཞི་ཤེས་དེ་འབྲས་ཡུམ་ལ་རིང་བའི་གཞི་ཤེས་ཀྱི་མཚན་ཉིད། དབྱེ་ན་ཉན་རང་རྒྱུད་ཀྱི་མི་རྟག་སོགས་རྟོགས་པའི་གཞི་ཤེས་སོགས་ཡོད། ས་མཚམས་ཐེག་དམན་མཐོང་ལམ་ནས་དགྲ་བཅོམ་པའི་བར་དུ་ཡོད།

 

བཞི་པ་འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་སྟོན་པར། དེ་ནི་ཐབས་ལ་མཁས་པ་ཡིས། །ཡང་དག་ཉེ་བ་ཉིད་དུ་བཤད། །ཅེས་གསུངས། དེ་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། སྙིང་རྗེ་ཆེན་པོ་དང་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་གཉིས་ཀྱིས་ཟིན་པའི་མི་རྟག་སོགས་གང་རུང་རྟོགས་པའི་ཐེག་དམན་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་དེ། འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་ཀྱི་མཚན་ཉིད། གཉིས་པ་ནི། དབྱེ་ན། ཐེག་ཆེན་གྱི་མཐོང་སྒོམ་མི་སློབ་ལམ་གསུམ་ཡོད། གསུམ་པ་ནི། ས་མཚམས་ཐེག་ཆེན་མཐོང་ལམ་ནས་སངས་རྒྱས་ཀྱི་སའི་བར་རོ། །

 

ལྔ་པ་མི་མཐུན་ཕྱོགས་ཀྱི་གཞི་ཤེས་སྟོན་པར། གཟུགས་སོགས་ཕུང་པོ་སྟོང་ཉིད་དང་། །ནས། སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་གསུངས། ཐབས་སྙིང་རྗེ་ཆེན་པོ་དང་སྟོང་ཉིད་རྟོགས་པའི་ཤེས་རབ་དང་བྲལ་ཞིང་བདེན་འཛིན་གྱིས་བཅིངས་པའི་ཐེག་དམན་གྱི་གཞི་ཤེས་དེ་མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཀྱི་མཚན་ཉིད། ཐེག་དམན་གྱི་ལམ་བྱང་སེམས་ཀྱིས་སྐྱེད་མི་རུང་བས་མི་མཐུན་ཕྱོགས་ཟེར་རོ། །དབྱེ་བ་ས་མཚམས་རྣམས་རིང་བའི་གཞི་ཤེས་དང་འདྲའོ། །

 

དྲུག་པ་གཉེན་པོ་ཕྱོགས་ཀྱི་གཞི་ཤེས་སྟོན་པར། སྦྱིན་ལ་སོགས་ལ་ངར་འཛིན་མེད། །ནས། དེ་ནི་བསམ་མི་ཁྱབ་པར་འདོད། །ཅེས་ཤོ་ལོ་ཀ་གསུམ་དང་རྐང་པ་གཅིག་བྱུང་། ཐབས་སྙིང་རྗེ་ཆེན་པོ་དང་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ཐེག་ཆེན་འཕགས་རྒྱུད་ཀྱི་གཞི་ཤེས་དེ། གཉེན་པོ་ཕྱོགས་ཀྱི་གཞི་ཤེས་ཀྱི་མཚན་ཉིད། དབྱེ་བ་ས་མཚམས་འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་དང་འདྲའོ། །གཞི་ཤེས་ལ་དབྱེ་ན་འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་དང་། དེ་ལ་རིང་བའི་གཞི་ཤེས་གཉིས་ཡོད། ཐེག་དམན་སྔོན་སོང་མ་བྱས་ན་འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་དང་། ཐབས་ལ་མཁས་པས་ཉེ་བའི་གཞི་ཤེས་དང་། གཉེན་པོ་ཕྱོགས་ཀྱི་གཞི་ཤེས་དང་ཐེག་ཆེན་གཞི་ཤེས་རྣམས་དོན་གཅིག །འབྲས་ཡུམ་ལ་རིང་བའི་གཞི་ཤེས། ཐབས་མ་ཡིན་པས་རིང་བའི་གཞི་ཤེས། མཚན་འཛིན་གྱིས་བཅིངས་པའི་གཞི་ཤེས། མི་མཐུན་ཕྱོགས་ཀྱི་གཞི་ཤེས། ཐེག་དམན་གཞི་ཤེས་རྣམས་དོན་གཅིག་སྟེ། དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། །ནས། ཇི་སྐད་བཤད་པ་འདིར་ཤེས་བྱ། །ཞེས་གསུངས། འགྲེལ་ཆེན་ལས། འདི་དག་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་དབྱེ་བ་ལས་ཤེས་པར་བྱའོ་ཞེས་དང་། དེ་ལྟར་འབྲས་ཡུམ་ལ་རིང་བར་སྒྲུབ་པ་ནི་ཉན་ཐོས་ལ་སོགས་པ་རྣམས་ཀྱི་གཉེན་པོ་ཉིད་ཡིན་པ་དང་། དངོས་པོར་དམིགས་པ་ཕྱིན་ཅི་ལོག་ཏུ་འཇུག་པ་ཉིད་ཀྱིས་སྤང་བར་བྱ་བ་ཡིན་པའི་ཕྱིར་དེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་མཐུན་ཕྱོགས་ཡིན་པར་བསྟན་པའི་ཕྱིར། ཞེས་སོ། །

 

བདུན་པ་གཞི་ཤེས་སྦྱོར་བ་སྟོན་པར། གཟུགས་སོགས་དེ་མི་རྟག་སོགས་དང་། །ནས། སྣང་བ་རྣམ་བདུན་ཤེས་བྱེད་དོ། །ཞེས་ཤོ་ལོ་ཀ་གཉིས་དང་རྐང་བ་གཉིས་བྱུང་། དེ་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་བོ་ནི། གཞི་ཀུན་རྫོབ་པའི་སྡོད་ལུགས་ཀྱི་ངོ་བོ་དང་ཁྱད་པར་ལ་ཕྱིན་ཅི་ལོག་ཏུ་ཞེན་པའི་གཉེན་པོ་ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་སེམས་དཔའི་རྣལ་འབྱོར་དེ། འདིར་བསྟན་གཞི་ཤེས་སྦྱོར་བའི་མཚན་ཉིད། གཉིས་པ་ནི། དབྱེ་ན་བཅུ་ཡོད་དེ། གཟུགས་སོགས་ལ་བདེན་ཞེན་བཀག་པའི་སྦྱོར་བ་དང་། ཁྱད་ཆོས་དེ་མི་རྟག་པ་སོགས་ལ་བདེན་ཞེན་བཀག་པའི་སྦྱོར་བ་དང་། གཟུགས་སོགས་དེ་ཡོན་ཏན་གྱི་རྟེན་དུ་མ་རྫོགས་པ་དང་རྫོགས་པའི་སྦྱོར་བ་དང་། གཟུགས་སོགས་དེ་ལ་བདེན་ཞེན་གྱི་ཆགས་མེད་ཀྱི་སྦྱོར་བ་སྟེ་ཡུལ་གྱི་སྒོས་བཞི་དང་། དོན་དམ་པར་ཤེར་ཕྱིན་འཕེལ་འགྲིབ་མི་འགྱུར་བའི་སྦྱོར་བ་དང་། བྱེད་པ་པོ་དོན་དམ་པར་མེད་པའི་སྦྱོར་བ་དང་། བྱ་དཀའ་བ་རྣམ་གསུམ་གྱི་སྦྱོར་བ་དང་། དོན་དམ་པར་མེད་ཀྱང་ཐ་སྙད་དུ་འབྲས་བུ་ཡོད་པའི་སྦྱོར་བ་དང་། ཕན་ཡོན་ཆེ་བའི་བྱང་ཆུབ་གཞན་ལ་རག་མ་ལས་པའི་སྦྱོར་བ་དང་། བདེན་པར་མེད་ཀྱང་མངོན་ཞེན་གྱི་སྣང་བ་རྨི་ལམ་སོགས་ཤེས་བྱེད་སྣང་བ་རྣམ་བདུན་གྱི་སྦྱོར་བ་དང་བཅུ་ཡོད་པའི་ཕྱིར། རྣམ་བཤད་དང་ཚིག་མི་མཐུན་ཀྱང་གསེར་འཕྲེང་དང་ཉི་སྣང་ལྟར་ཡིན་པས་དོན་མཐུན་ནོ། །གསུམ་པ་ནི། ས་མཚམས་ཚོགས་ལམ་ནས་རྒྱུན་མཐའི་བར་ཏེ། གསེར་འཕྲེང་ལས། འདི་ཁ་ཅིག་སྦྱོར་ལམ་དུ་འདོད་ཀྱང་ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད་དོ་ཞེས་སོ། །

 

བརྒྱད་པ་སྦྱོར་བ་དེའི་འཛིན་སྟངས་མཉམ་ཉིད་སྟོན་པར། གཟུགས་ལ་སོགས་ལ་རློམ་མེད་པ། །རྣམ་བཞི་དེ་ཡི་མཉམ་པ་ཉིད། །ཅེས་གསུངས། དེ་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། གཞི་ཤེས་སྦྱོར་བ་སྒོམ་པའི་རྣམ་པ་གང་ཡུལ་དང་ཡུལ་ཅན་དུ་རློམ་པ་འགོག་བྱེད་དེ། སྦྱོར་བ་དེའི་འཛིན་སྟངས་མཉམ་ཉིད་ཀྱི་མཚན་ཉིད། གཉིས་པ་ནི། དབྱེ་ན་སྦྱོར་བ་དེ་བཅུ་ལ་རློམ་མེད་བཞི་བཞི་སྟེ་བཞི་བཅུ་ཡོད་དེ། ཉི་སྣང་ལས། ཇི་ལྟར་ན་རྣམ་པ་བཞི་གང་ཡིན་ཞེ་ན། གཟུགས་རློམ་སེམས་སུ་མི་བྱེད། གཟུགས་ཀྱིས་རློམ་སུ་མི་བྱེད། གཟུགས་བདག་གི་ཞེས་བྱ་བར་རློམ་སེམས་སུ་མི་བྱེད། གཟུགས་ལ་རློམ་སེམས་སུ་མི་བྱེད། ཅེས་གང་གསུངས་པ་ཞེས་སོ། །གསུམ་པ་ནི། ས་མཚམས་ཚོགས་ལམ་ནས་རྒྱུན་མཐའི་བར་སླ།

 

དགུ་པ་མཐོང་ལམ་སྟོན་པར། སྡུག་བསྔལ་ལ་སོགས་བདེན་པར། །ནས། ཀུན་ཤེས་ཉིད་ཀྱི་སྐད་ཅིག་མ། །ཞེས་ཤོ་ལོ་ཀ་ལྔ་བྱུང་། སྒྲོ་འདོགས་སོ་གཉིས་དང་བྲལ་བའི་བདེན་པ་མངོན་རྟོགས་དེ། མཐོང་ལམ་གྱི་མཚན་ཉིད། དབྱེ་ན་ཐེག་པ་གསུམ་གྱི་མཐོང་ལམ་གསུམ། ལྡོག་པས་ཕྱེ་ནས་འདིར་བསྟན་སྐད་ཅིག་མ་བཅུ་དྲུག་གསུངས་སོ། །

 

སྨྲས་པ། མཁྱེན་པའི་སྤྱན་གསུམ་མཛེས་སྡུག་རབ་རྫོགས་པས། །སྐལ་བཟང་འགུགས་པའི་མཚོན་བྱེད་སུམ་ཅུའི་ཚེམས། །ལེགས་བཤད་བིམ་པའི་མཆུ་སྒྲོས་མཉམ་བཞད་པས། །སྐྱེ་དགུའི་ཡིད་འཕྲོག་འཕགས་བཞིའི་ཡུམ་ངོ་མཚར། །ཞེས་པའང་བར་སྐབས་ཀྱི་ཚིགས་བཅད་དེ། མཁྱེན་གསུམ་མཚོན་བྱེད་ཀྱི་ཆོས་བཤད་ཟིན་ཏོ། །

 

གཉིས་པ་སྦྱོར་བཞི་མཚོན་པའི་ཆོས་སོ་དྲུག་བཤད་པ་ལ། རྣམ་རྫོགས་སྦྱོར་བ་མཚོན་པའི་ཆོས་བཅུ་གཅིག་དང་། རྩེ་སྦྱོར་མཚོན་པའི་ཆོས་བརྒྱད་དང་། མཐར་གྱིས་སྦྱོར་བ་མཚོན་པའི་ཆོས་བཅུ་གསུམ། སྐད་ཅིག་སྦྱོར་མཚོན་པའི་ཆོས་བཞི་བཤད་པ་བཞི། དང་པོ་སྟོན་པར། རྣམ་པ་སྦྱོར་བར་བཅས་རྣམས་དང་། །ནས། འདི་ནི་ཐབས་ལ་མཁས་པ་ཡིན། །ཞེས་གསུངས།མཁྱེན་གསུམ་གྱི་རྣམ་པ་བརྒྱ་དང་དོན་གསུམ་ཉམས་སུ་ལེན་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་དེ་རྣམ་རྫོགས་སྦྱོར་བའི་མཚན་ཉིད། བྱང་སེམས་ཀྱི་ལམ་དང་། ལམ་ཤེར་ཕྱིན་དང་། སེམས་དཔའི་རྣལ་འབྱོར་དང་། རྣམ་མཁྱེན་སྦྱོར་བ་དང་། ལམ་ཤེས་སྦྱོར་དང་། གོ་སྒྲུབ་རྣམས་དོན་གཅིག །དབྱེ་ན་རྣམ་པའི་སྒོས་བརྒྱ་དོན་གསུམ་དང་། སྦྱོར་བའི་སྒོས་ཉི་ཤུ་ཡོད། ས་མཚམས་ཐེག་ཆེན་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་ཡོད། རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ཡོད་དེ། རྣམ་པ་དང་། སྦྱོར་བ་དང་། ཡོན་ཏན་དང་། སྦྱོར་བའི་སྐྱོན་དང་། མཚན་ཉིད་དང་། ཐར་པ་ཆ་མཐུན་དང་། ངེས་འབྱེད་ཆ་མཐུན་དང་། སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན་དང་། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་དང་། ཞིང་དག་སྦྱོར་བ་དང་། ཐབས་མཁས་སྦྱོར་བ་སྟེ་བཅུ་གཅིག་ཡོད་པའི་ཕྱིར། དང་པོ་སྟོན་པར། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །ནས། སུམ་ཅུ་རྩ་དགུ་དག་ཏུ་བཞེད། །ཅེས་གསུངས། འདིར་བསྟན་རྣམ་པ་ལ་མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། མཁྱེན་གསུམ་བསྡུས་སྒོམ་གྱི་སྦྱོར་བའི་འཛིན་སྟངས་ཀྱི་བྱེ་བྲག་གམ་ཁྱད་པར་དེ། མཁྱེན་གསུམ་བསྡུས་སྒོམ་གྱི་སྦྱོར་པའི་རྣམ་པའི་མཚན་ཉིད། གཉིས་པ་ནི། དབྱེ་ན་བརྒྱ་དང་དོན་གསུམ་ཡོད་དེ། གཞི་ཤེས་ཀྱི་རྣམ་པ་ཉེར་བདུན། ལམ་ཤེས་ཀྱི་རྣམ་པ་སོ་དྲུག །རྣམ་མཁྱེན་གྱི་རྣམ་པ་བརྒྱ་རྩ་བཅུ་ཡོད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། བདེན་བཞིའི་བདེན་པ་དང་པོ་གསུམ་གྱི་སྟེང་གི་རྣམ་པ་བཞི་བཞི་དང་ལམ་བདེན་སྟེང་གི་རྣམ་པ་བཅོ་ལྔ་དང་ཉེར་བདུན་ཡོད་དེ། མེད་པའི་རྣམ་པ་ནས་བཟུང་སྟེ། །ནས། ལམ་ལ་དེ་ནི་བཅོ་ལྔར་བཤད། །ཅེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། རྒྱུ་ཀུན་འབྱུང་བདེན་པའི་སྟེང་གི་རྣམ་པ་བརྒྱད་དང་། ལམ་བདེན་གྱི་སྟེང་གི་རྣམ་པ་བདུན་དང་། སྡུག་བདེན་སྟེང་གི་རྣམ་པ་ལྔ་དང་། འགོག་བདེན་སྟེང་གི་རྣམ་པ་བཅུ་དྲུག་དང་སོ་དྲུག་ཡོད་པའི་ཕྱིར། རྒྱུ་དང་ལམ་དང་སྡུག་བསྔལ་དང་། །ནས། ལྔ་དང་བཅུ་དྲུག་ཅེས་བསྒྲགས་སོ། །ཞེས་གསུངས། རྟགས་གསུམ་པ་གྲུབ་སྟེ། སློབ་མ་ཉན་ཐོས་དང་རྟོགས་རིགས་ཐུན་མོང་བའི་གཞི་ཤེས་ཀྱི་རྣམ་པ་བྱང་ཕྱོགས་སོ་བདུན་དང་། བྱང་སེམས་དང་རྟོགས་རིགས་ཐུན་མོང་བའི་ལམ་ཤེས་ཀྱི་རྣམ་པ་སོ་བཞི། རྣམ་མཁྱེན་གྱི་ཐུན་མོང་མ་ཡིན་པའི་རྣམ་པ་སུམ་ཅུ་རྩ་དགུ་དང་བརྒྱ་རྩ་བཅུ་ཡོད་དེ། དྲན་པ་ཉེར་བཞག་ནས་བཟུང་སྟེ། །ནས། སུམ་ཅུ་རྩ་དགུ་དག་ཏུ་བཞེད། །ཅེས་གསུངས་པའི་ཕྱིར། ཤེས་རྣམ་ལ་དོན་རྣམ་སྔོན་དུ་ཤེས་དགོས་པས་སྔོན་ལ་དོན་རྣམ་བཤད་པ་སླའོ། །

 

གཉིས་པ་སྦྱོར་བ་སྟོན་པར། གཟུགས་ལ་སོགས་ལ་མི་གནས་ཕྱིར། །ནས། དེ་ནི་དག་པ་མཚམས་དང་བཅས། །ཞེས་གསུངས། སྦྱོར་བ་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། ཡུལ་ཡུལ་ཅན་དང་གཞི་ལམ་རྣམ་གསུམ་བདེན་སྟོང་དུ་རྟོགས་པའི་ཞི་ལྷག་ཟུང་འབྲེལ་དེ། དངོས་བསྟན་གཙོ་བོའི་སྦྱོར་བའི་མཚན་ཉིད། མཁྱེན་གསུམ་གྱི་རྣམ་པ་ཇི་སྙེད་པ་ལ་ཞི་ལྷག་ཟུང་འབྲེལ་ཐོབ་པའི་ཤེས་རབ་གྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་དེ། འདིར་བསྟན་སྦྱོར་བའི་མཚན་ཉིད་བྱས་ན་ལེགས་ཏེ། ཚེགས་ཆེན་ཡུན་རིང་རྟོགས་པའི་སྦྱོར་བ་ཚོགས་ལམ་ནས་འཇོག་དགོས་ཤིང་འདིའི་དབྱེ་བ་ཡིན་པའི་ཕྱིར་ཏེ། ཉི་སྣང་ལས། སྦྱོར་བ་མ་ཡིན་པ་བྱེད་པ་ཉིད་ཀྱིས་ནི་ལས་དང་པོ་བ་ཚེགས་ཆེན་པོས་དང་ཞེས་གསུངས་པའི་ཕྱིར་དང་། རྣམ་བཤད་གསེར་འཕྲེང་དང་ཡང་མཐུན་ཞིང་ལེགས། གཉིས་པ་ནི། དབྱེ་ན་ཉི་ཤུ་ཡོད་དེ། གཞི་ལམ་རྣམ་པས་བསྡུས་པའི་གཟུགས་སོགས་བདེན་པར་ཞེན་ཞིང་མི་གནས་པའི་སྦྱོར་བ་དང་། གཟུགས་སོགས་ལ་བདེན་ཞེན་དཀག་པའི་སྦྱོར་བ་དང་། གཟུགས་སོགས་གཞིའི་དེ་ཉིད་རྟོགས་པའི་ཟབ་པའི་སྦྱོར་བ་དང་། ལམ་གྱི་ཆོས་ཀྱི་རང་བཞིན་རྟོགས་པའི་གཏིང་དཔག་དཀའ་བའི་སྦྱོར་བ་དང་། གཟུགས་སོགས་ཀྱི་རྣམ་པའི་རང་བཞིན་ཚད་མེད་པ་རྟོགས་པའི་ཚད་མེད་པའི་སྦྱོར་བ་ལྔ་ངོ་བོའི་སྒོས་དང་། སྟོང་ཉིད་ཟབ་མོ་ལ་སྐྲག་པས་ལས་དང་པོ་བ་བྱང་ཆུབ་ཡུན་རིང་པོ་ནས་རྟོགས་པའི་སྦྱོར་བ་དང་། དྲོད་ནས་ཆོས་ཉིད་ལ་མི་སྐྲག་ཤིང་རྨི་ལམ་ན་ཡང་ཕྱིན་དྲུག་སྤྱོད་པའི་ལུང་བསྟན་ཐོབ་པའི་སྦྱོར་བ་དང་། རྩེ་མོ་ནས་ཆོས་ཉིད་རྟོགས་པའི་ཡུམ་རང་ལ་བྱུང་བས་ཕྱིར་མི་ལྡོག་བརྟན་པའི་སྦྱོར་བ་དང་། བཟོད་པ་ནས་ཐབས་ཤེས་ཀྱི་རྟོགས་པ་བརྟན་པོ་ཉན་རང་གི་བར་ཆད་ལས་འདས་པ་ངེས་བར་འབྱུང་བའི་སྦྱོར་བ་དང་། ཆོས་མཆོག་ནས་ཆོས་དབྱིངས་མངོན་སུམ་དུ་མཐོང་བའི་རྒྱ་མཚོར་འཇུག་པར་མཐོང་ནས་བར་མེད་པ་དང་བཅས་པའི་སྦྱོར་བ་དང་། རྣམ་མཁྱེན་གྱི་རྒྱུ་ཟག་མེད་ཀྱི་ཆོས་གསར་པ་སྐྱེ་རུང་བའི་བྱང་ཆུབ་ཉེ་བའི་སྦྱོར་བ་དང་། འབྲས་བུ་མྱུར་དུ་འབྱུང་བའི་མྱུར་བར་འཚང་རྒྱ་བའི་སྦྱོར་བ་དང་། སྙིང་རྗེས་གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འཇུག་པ་གཞན་དོན་གྱི་སྦྱོར་བ་དང་བརྒྱད་པོ་འདི་རྟེན་གང་ཟག་སྒོས་དང་། དོན་དམ་པར་སྐྱོན་དང་ཡོན་ཏན་འཕེལ་མེད་འགྲིབ་མེད་དུ་རྟོགས་པའི་སྦྱོར་བ་དང་། དོན་དམ་པར་དགེ་སོགས་ཆོས་དང་ཆོས་མིན་པ་སོགས་མི་མཐོང་བའི་སྦྱོར་བ་དང་། གཟུགས་སོགས་ལ་བདེན་བར་རློམ་པ་མེད་པའི་བསམ་མི་ཁྱབ་ཀྱིས་མི་མཐོང་བའི་སྦྱོར་བ་དང་། གཟུགས་སོགས་མཚན་མཚོན་དུ་བདེན་པར་མི་རྟོགས་པས་རྣམ་པར་མི་རྟོག་པའི་སྦྱོར་བ་དང་བཞི་ནི་ཡུམ་སྒོམ་པ་རྫོགས་པའི་ཐབས་ཀྱི་སྒོས་དང་། ཡོན་ཏན་འཕེལ་བར་བྱེད་པ་འབྲས་བུ་རིན་ཆེན་སྦྱིན་པའི་སྦྱོར་བ་དང་། ཉེས་བ་སེལ་བར་བྱེད་པ་རྣམ་པར་དག་པའི་སྦྱོར་བ་དང་གཉིས་ནི་འབྲས་བུའི་སྒོས་དང་། ཡུམ་མྱུར་དུ་སྒོམ་པའི་ས་མཚམས་ཀྱི་སྦྱོར་བ་དང་ཉི་ཤུ་ཡོད་པའི་ཕྱིར།

 

གསུམ་པ་སྦྱོར་བའི་ཡོན་ཏན་སྟོན་པར། བདུད་ཀྱི་མཐུ་བཅོམ་ལ་སོགས་པ། །ཡོན་ཏན་རྣམ་པ་བཅུ་བཞི་འོ། །ཞེས་གསུངས། སྦྱོར་བ་བསྒོམས་པའི་སྟོབས་ཀྱིས་ཐོབ་པའི་ཕན་ཡོན་དེ། སྦྱོར་བའི་ཡོན་ཏན་གྱི་མཚན་ཉིད། དབྱེ་ན་བཅུ་བཞི་ཡོད། སྦྱོར་བ་སྟེ་ཤེར་ཕྱིན་འདྲི་འདོན་སྒོམ་པ་ལ་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པས་བར་ཆད་བདུད་ཀྱི་མཐུ་བཅོམ་པ་དང་། སྦྱོར་བ་བསྒོམས་པ་དགོངས་ཤིང་མཁྱེན་པའི་ཡོན་ཏན་དང། སངས་རྒྱས་ཀྱིས་མངོན་སུམ་དུ་མཛད་པའི་ཡོན་ཏན་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་པའི་ཡོན་ཏན་དང་། དོན་ཆེ་བ་ཉིད་ལ་སོགས་པའི་ཡོན་ཏན་དང་། ཤེར་ཕྱིན་ཡུལ་སོ་སོར་དར་བ་ལྟ་བུ་ཡུལ་སྤྱད་པའི་ཡོན་ཏན་དང་། ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་རྫོགས་པའི་ཡོན་ཏན་དང་།སྨྲ་བའི་སྐྱེས་བུའི་ཡོན་ཏན་དང་། མི་ཕྱེད་པའི་ཡོན་ཏན་དང་། དགེ་རྩ་ཐུན་མོང་མ་ཡིན་པ་སྐྱེས་པའི་ཡོན་ཏན་དང་། དམ་བཅའི་དོན་བསྒྲུབ་བའི་ཡོན་ཏན་དང་། འབྲས་བུ་རྒྱ་ཆེན་པོ་ཡོངས་སུ་འཛིན་པའི་ཡོན་ཏན་དང་། སེམས་ཅན་གྱི་དོན་བྱས་བའི་ཡོན་ཏན་དང་། ཤེར་ཕྱིན་ཚང་བ་རྙེད་པའི་ཡོན་ཏན་དང་བཅུ་བཞི་ཡོད་པའི་ཕྱིར།

 

བཞི་པ་སྦྱོར་བའི་སྐྱོན་སྟོན་པར། སྐྱོན་ནི་བཅུ་ཚན་བཞིར་བཅས་པ། །དྲུག་དུ་ངེས་པར་རྟོགས་པར་བྱ། །ཞེས་གསུངས། སྦྱོར་བ་སྐྱེ་བ་དང་གནས་པ་དང་ཁྱད་པར་དུ་འགྲོ་བ་གང་རུང་ལ་བར་དུ་གཅོད་པའི་གེགས་དེ། སྦྱོར་པའི་སྐྱོན་གྱི་མཚན་ཉིད། དབྱེ་ན་ཞེ་དྲུག་ཡོད་དེ། སྦྱོར་བ་མ་སྐྱེས་བ་སྐྱེད་པའི་འགལ་རྐྱེན་ཉེར་གསུམ་དང་། མཐུན་རྐྱེན་མ་ཚང་བ་ཉེར་གསུམ་ཡོད་པའི་ཕྱིར། བཅུ་ཚན་དང་པོ་ཡོད་དེ། ཚེགས་ཆེན་པོས་རྟོགས་དགོས་པའི་དེ་དང་། སྤོབས་པ་མྱུར་ཆེ་བའི་དེ་དང་། ལུས་ཀྱི་གནས་ངན་ལེན་གྱི་དེ་དང་། སེམས་ཀྱི་གནས་ངན་ལེན་གྱི་དེ་དང་། རིགས་མིན་གྱིས་ཁ་ཏོན་སོགས་བྱེད་པའི་དེ་དང་། ཕྱིར་ཕྱོགས་པའི་རྒྱུ་ལུང་མ་བསྟན་པས་མི་དགའ་བ་དང་། རྩ་བའི་རྒྱུ་བོར་ནས་དམན་པ་འཛིན་པའི་དེ་དང་། གྱ་ནོམ་པའི་རོ་མྱང་བ་བོར་བའི་དེ་དང་། རྣམ་པ་ཐམས་ཅད་དུ་ཐེག་པའི་མཆོག་ཀུན་ཏུ་འཛིན་པ་ཉམས་པའི་དེ་དང་། ཆེད་དུ་བྱ་བ་ཉམས་པའི་དེ་དང་བཅུ་ཡོད། བཅུ་ཚན་གཉིས་པ་ཡོད་དེ། རྒྱུ་འབྲས་ཀྱི་འབྲེལ་བ་ཉམས་པ་དང་། གོང་ན་མེད་པའི་གནས་ལས་ཉམས་པ་དང་། ཡུལ་མང་པོ་ལ་རྣམ་པར་རྟོག་པ་དང་། ཡི་གེ་འདྲི་བ་ལ་མངོན་པར་ཞེན་པ་དང་། དངོས་མེད་ལ་མངོན་པར་ཞེན་པ་དང་། ཡི་གེ་ལ་མངོན་པར་ཞེན་པ་དང་། ཡི་གེ་མེད་པར་ཞེན་པ་དང་། ཡུལ་སོགས་ལ་ཞེན་པ་དང་། རྙེད་བཀུར་ཚིགས་བཅད་ཀྱི་རོ་མྱང་བ་དང་། ལམ་མ་ཡིན་པ་ལས་ཐབས་ཚོལ་བ་དང་བཅུ་ཡོད། བཅུ་ཚན་གསུམ་པ་ཡོད་དེ། ཉན་པ་པོ་དང་སྟོན་པ་པོ་འདུན་པ་དང་སྙོམས་ལས་ཀྱིས་བྲལ་བ་དང་། དེ་གཉིས་འདུན་ཡུལ་ཐ་དད་པས་བྲལ་བ་དང་། ཉན་པ་པོ་དང་སྟོན་པ་པོ་རྙེད་པ་ལ་འདོད་པ་དང་མི་འདོད་པས་བྲལ་བ་དང་། སྦྱངས་བའི་ཡོན་ཏན་ལྡན་མི་ལྡན་གྱིས་དེ་དང་། དགེ་མི་དགེའི་ཆོས་ཅན་གྱིས་དེ་དང་། གཏོང་བ་དང་སེར་སྣས་དེ་དང་། སྟེར་བ་དང་མི་ལེན་པས་དེ་དང་། མགོ་སྨོས་པ་དང་དོན་སྤྲོས་པའི་གོ་བས་དེ་དང་། མདོ་སོགས་ཤེས་མི་ཤེས་ཀྱིས་དེ་དང་། ཕྱིན་དྲུག་ལྡན་མི་ལྡན་གྱིས་དེ་དང་བཅུ་ཡོད་པའི་ཕྱིར། བཅུ་ཚན་བཞི་པ་ཡོད་དེ། ཐབས་ལ་མཁས་མི་མཁས་ཀྱི་དེ་དང་། གཟུངས་ཐོབ་མ་ཐོབ་ཀྱི་དེ་དང་། ཡི་གེ་འདྲི་འདོད་མི་འདོད་ཀྱི་དེ་དང་། འདོད་ཆགས་དང་བྲལ་མ་བྲལ་གྱི་དེ་དང་། རང་ཉིད་ངན་འགྲོའི་འགྲོ་བ་ལས་ཕྱིར་ཕྱོགས་པའི་དེ་དང་། རང་ཉིད་བདེ་འགྲོ་ལ་ཕྱོགས་པའི་དེ་དང་། ཉན་པ་པོ་དང་འཆད་པ་པོ་གཅིག་པུ་ཉིད་དང་འཁོར་ལ་དགའ་བའི་དེ་དང་། རྗེས་སུ་འབྲེལ་འདོད་ཅིང་གོ་སྐབས་མི་འབྱེད་པའི་དེ་དང་། ཟང་ཟིང་ཅུང་ཟད་འདོད་ཅིང་སྦྱིན་མི་འདོད་པའི་དེ་དང་། སྲོག་གི་བར་ཆད་དུ་འགྱུར་བ་དང་མི་འགྱུར་བའི་ཕྱོགས་སུ་འགྲོ་མི་འགྲོའི་དེ་དང་བཅུ་ཡོད་པའི་ཕྱིར། ལྷག་མ་དྲུག་ཡོད་དེ། དེ་བཞིན་དུ་ལོ་ལེགས་དང་མུ་གེའི་ཕྱོགས་སུ་འགྲོ་མི་འགྲོའི་དེ་དང་། ཆོམ་རྐུན་གྱིས་དཀྲུགས་པའི་ཕྱོགས་སུ་དེ་འདྲ་དང་། འཆད་པ་པོ་དང་ཉན་པ་པོ་ཁྱིམ་ལ་ལྟ་བས་ཡིད་བདེ་མི་བདེ་དང་། བདུད་ཀྱིས་ཤེར་ཕྱིན་དང་འབྱེད་པའི་སྤྱོར་བ་དང་། བཅོས་མ་སྒྲུབ་པ་དང་། ཡུལ་ཇི་བཞིན་མིན་པ་ལ་དགའ་བ་སྐྱེད་པའི་སྐྱོན་དང་དྲུག་ཡོད་པའི་ཕྱིར། དེ་ལྟར་རིན་པོ་ཆེ་ལ་དགྲ་མང་བའི་དཔེ་བཞིན་དུ་སྦྱོར་བའི་བར་ཆད་མང་ཡང་བར་ཆད་བསལ་བའི་དཀར་པོའི་ཕྱོགས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་དགོངས་པས་བསྲུངས་ཏེ་བར་ཆད་ཐམས་ཅད་ལས་རྒྱལ་བའི་ཕྱིར། བུ་མང་པོ་ཡོད་པའི་མའི་དཔེ་བཞིན་ནོ། །ཉི་སྣང་ལས། མ་བུ་མང་པོ་ཡོད་པའི་མའི་དཔེས་དེ་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་བྱང་སེམས་ལ་སོགས་པ་འཕགས་པའི་གང་ཟག་ཐམས་ཅད་ཀྱིས་དགོངས་པས་དེ་ལ་བརྩོན་པ་རྣམས་ལ་དེ་རྣམས་ཀྱིས་བསྲུངས་པ་ལ་སོགས་པ་མཛད་པ་ཉིད་དང་། ཞེས་གསུངས་པའི་ཕྱིར།

 

ལྔ་པ་སྦྱོར་བའི་མཚན་ཉིད་སྟོན་པར། གང་གིས་མཚོན་དེ་མཚན་ཉིད་དུ། །ཞེས་སོགས་ཀྱི་ཚིགས་བཅད་གཅིག་གིས་མདོར་བསྟན་ནས། རྒྱས་པར་འཆད་པ་ལ། དེ་བཞིན་གཤེགས་པ་འབྱུང་བ་དང་། །ནས། མཚན་ཉིད་བཞི་བར་བཞེད་པ་ཡིན། །ཞེས་གསུངས། དེ་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། སྦྱོར་བའི་ངོ་བོའམ་ནུས་པའི་ཆ་ནས་མཚོན་པར་བྱེད་པའི་སེམས་དཔའི་རྣལ་འབྱོར་དེ། ལམ་ཤེར་ཕྱིན་གྱི་སྦྱོར་བའི་མཚན་ཉིད། གཉིས་པ་ནི། དབྱེ་ན་གོ་གཅིག་ཡོད་དེ། ཤེས་མཚན་ཞེ་བརྒྱད་དང་། ཁྱད་མཚན་བཅུ་དྲུག་དང་། བྱེད་པའི་མཚན་ཉིད་བཅུ་གཅིག་དང་། ངོ་བོ་ཉིད་མཚན་བཅུ་དྲུག་ཡོད་པའི་ཕྱིར། དང་པོ་སྟོན་པར། དེ་བཞིན་གཤེགས་པ་འབྱུང་བ་དང་། ནས། ཤེས་པའི་མཚན་ཉིད་ཅེས་བཤད་དོ། །ཞེས་གསུངས། མཚན་ཉིད་ནི། སྙིང་རྗེ་ཆེན་པོ་དང་སྟོང་ཉིད་རྟོགས་པའི་ཤེས་རབ་སོགས་ཐབས་ཤེས་ཁྱད་པར་ཅན་གྱི་རིགས་རྫོགས་པ་མ་ཡིན་པའི་སེམས་དཔའི་ཡེ་ཤེས་དེ། སྦྱོར་བའི་ངོ་བོར་གྱུར་པའི་ཤེས་པའི་མཚན་ཉིད། མཚན་གཞི་ཉོན་མོངས་རྟགས་སོགས་ཀྱིས་དབེན་པའི་སེམས་དཔའི་རྣལ་འབྱོར་བཅུ་དྲུག་ལྟ་བུ། ཤེས་མཚན་དེ་ལ་དབྱེ་ན། སེམས་དཔའི་གཞི་ཤེས་སྦྱོར་བའི་ཤེས་རྣམ་དང་། སེམས་དཔའི་ལམ་ཤེས་སྦྱོར་བའི་ཤེས་རྣམ་དང་། སེམས་དཔའི་རྣམ་མཁྱེན་སྦྱོར་བའི་ཤེས་རྣམ་གསུམ། དང་པོ་ནི། ཉོན་མོངས་རྟགས་སོགས་བཞི་སྤོང་ཞིང་། དེ་བཞིན་གཤེགས་པ་འབྱུང་བ་ཤེས་པ་སོགས་གཞི་ཤེས་ཀྱི་རྣམ་པ་གང་ཡང་རུང་བ་ལ་དམིགས་པའི་སེམས་དཔའི་རྣལ་འབྱོར་དེ། སེམས་དཔའི་གཞི་ཤེས་སྦྱོར་བར་མཚོན། དེ་བཞིན་གཤེགས་པ་འབྱུང་བ་ཤེས་པ་སོགས་གང་རུང་གི་རྣམ་པ་ཅན་གྱི་སེམས་དཔའི་ཡེ་ཤེས་དེ་དེའི་མཚན་ཉིད་བྱས་པས་སོ། །དབྱེ་ན་བཅུ་དྲུག་ཡོད་དེ། དེ་བཞིན་གཤེགས་པ་འབྱུང་བ་ཤེས་པ་དང་། འཇིག་རྟེན་འཇིག་མེད་ཤེས་པ་དང་། སེམས་ཅན་གྱི་སེམས་སྤྱོད་ཤེས་པ་དང་། སེམས་བསྡུས་པ་ཤེས་པ་དང་། སེམས་གཡེང་བ་ཤེས་པ་དང་། སེམས་མི་ཟད་པའི་རྣམ་པ་ཤེས་པ་དང་། སེམས་འདོད་ཆགས་དང་བྲལ་བ་ཤེས་པ་དང་། སེམས་ཆགས་སོགས་དང་བཅས་པ་ཤེས་པ་དང་། སེམས་རྒྱ་ཆེན་ཤེས་པ་དང་། སེམས་ཆེན་པོ་ཤེས་པ་དང་། སེམས་ཚད་མེད་ཤེས་པ་དང་། སེམས་བསྟན་མེད་ཤེས་པ་དང་། སེམས་བལྟར་མེད་ཤེས་པ་དང་། སེམས་གཡོ་སོགས་གསུམ་ཤེས་པ་དང་། དེ་བཞིན་ཉིད་ཀྱི་རྣམ་པ་ཤེས་པ་དང་། ཐུབ་དབང་གིས་དེ་ཉིད་རྟོགས་ནས་གཞན་ལ་སྟོན་པ་ཤེས་པ་དང་བཅས་པ་བཅུ་དྲུག་ཡོད་པའི་ཕྱིར། གཉིས་པ་ནི། སྟོང་ཉིད་མཚན་མེད་སོགས་ལམ་ཤེས་ཀྱི་ཤེས་པའི་རྣམ་པ་གང་ཡང་རུང་བའི་ཁྱད་པར་དུ་བྱས་པའི་སེམས་དཔའི་ཡེ་ཤེས་དེ། འདིར་བསྟན་ལམ་ཤེས་སྦྱོར་བའི་ཤེས་མཚན་གྱི་མཚན་ཉིད། མཚན་གཞི་གཞན་དོན་གྱི་གོ་ཆ་བྱ་དཀའ་བ་སོགས་སྒྲུབ་པའི་ཁྱད་པར་དུ་བྱས་ཤིང་སྟོང་ཉིད་མཚན་མེད་སོགས་ལམ་ཤེས་ཀྱི་རྣམ་པ་གང་རུང་གི་རྣམ་ཅན་གྱི་སེམས་དཔའི་སྦྱོར་བ་ལྟ་བུ་སྟོན་པར། སྟོང་ཉིད་མཚན་མ་མེད་བཅས་དང་། །ནས། ལམ་ཤེས་ཉིད་ཀྱི་སྐབས་ཀྱི་ནི། །ཤེས་པའི་མཚན་ཉིད་བསྡུས་པ་ཡིན། །ཞེས་གསུངས། དབྱེ་ན་བཅུ་དྲུག་ཡོད་དེ། སྟོང་ཉིད་ཤེས་པ་དང་། དེ་བཞིན་དུ་མཚན་མེད་དང་། སྨོན་མེད་དང་། དོན་དམ་པར་སྐྱེ་མེད་དང་།འགགས་མེད་དང་། སོགས་པའི་སྒྲས་བསྡུས་པ་ཀུན་ཉོན་མེད་པ་དང་། རྣམ་བྱང་མེད་པ་དང་། དངོས་པོ་མེད་པ་དང་། ངོ་བོ་ཉིད་དང་། རྟེན་མེད་དང་། ནམ་མཁའི་མཚན་ཉིད་དྲུག་དང་། ཆོས་ཉིད་རྣམ་པར་འཁྲུག་མེད་དང་། འདུ་མི་བྱེད་པ་དང་། རྣམ་པར་མི་རྟོག་པ་དང་། རབ་དབྱེ་དང་། མཚན་ཉིད་མེད་པ་ཤེས་པ་དང་བཅུ་དྲུག་ཡོད་པའི་ཕྱིར། གསུམ་པ་ནི།དེ་བཞིན་གཤེགས་པ་ཉིད་ཀྱི་མཐོང་ཆོས་ལ་བདེར་གནས་སོགས་རྣམ་མཁྱེན་གྱི་རྣམ་པ་གང་རུང་ལ་དམིགས་པའི་རྣམ་ཅན་གྱི་སེམས་དཔའི་ཡེ་ཤེས་དེ། རྣམ་མཁྱེན་སྦྱོར་བའི་ལམ་ཤེས་སྦྱོར་བའི་མཚན་ཉིད། མཚན་གཞི་འདིར་བསྟན་བཅུ་དྲུག་གམ། དེ་བདུན་དུ་བསྡུས་པ་ལྟ་བུ་སྟེ། གསེར་འཕྲེང་ལས། འདིར་ནས། བསྟན་པའི་ཡུལ་ཕལ་ཆེར་སངས་རྒྱས་ཀྱི་རྒྱུད་ལ་སྐྱེས་པའི་རང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་འབྲས་བུའི་རྣམ་བཞག་ཡིན་པས། དེ་ཤེས་པའི་ཡུལ་ཅན་བཅུ་དྲུག་ནི་རྣམ་མཁྱེན་གྱི་ཤེས་མཚན་ནོ། །ཞེས་གསུངས་པའི་ཕྱིར། འདིར་དོན་ལྟ་བུ་ལས་མཚོན་ཚུལ་གཙོ་བོར་མ་བྱས་སོ། །དབྱེ་ན་བཅུ་དྲུག་ཡོད་དེ། དེ་ནས་ཡུམ་ལ་བརྟེན་ནས་བདེར་གནས་ཤེས་པ་དང་། ཡུམ་ལ་གུས་པར་ཤེས་པ་དང་། ཡུམ་ལ་བླ་མར་ཤེས་པ་དང་།ཡུམ་ལ་མཉེས་པར་དེ་དང་། ཡུམ་ལ་མཆོད་པར་དེ་དང་། དོན་དམ་པར་དེ་ལྟར་བྱེད་པ་མེད་པར་དེ་དང་། ཡུལ་ཐམས་ཅད་དུ་འཇུག་པར་དེ་དང་། དེ་ཁོ་ནར་མ་མཐོང་བ་ཉིད་དུ་དེ་དང་། འཇིག་རྟེན་སྟོང་ཉིད་རྣམ་པར་དེ་དང་། འཇིག་རྟེན་རང་གི་ངོ་བོས་སྟོང་པར་བརྗོད་པར་དེ་དང་། སྟོང་ཉིད་ཤེས་པར་དེ་དང་། སྟོང་ཉིད་མངོན་སུམ་དུ་མཛད་པར་དེ་དང་།དོན་དམ་པར་བསམ་མི་ཁྱབ་པ་ཉིད་དུ་སྟོན་པ་དང་། དོན་དམ་པར་སྤྲོས་པ་ཉེ་བར་ཞི་བ་ཉིད་དུ་སྟོན་པ་དང་། འཇིག་རྟེན་བདེན་པར་གྲུབ་པ་འགོག་པ་དང་། འཇིག་རྟེན་ཕུང་པོའི་འདུ་ཤེས་འགོག་པ་ཤེས་པ་དང་བཅུ་དྲུག་ཡོད་པའི་ཕྱིར་ཏེ། དེ་ནས་ཉིད་ཀྱི་ཆོས་བརྟེན་ནས། །ནས། ཤེས་པའི་མཚན་ཉིད་ཅེས་བཤད་དོ། །ཞེས་སོ། །

 

གཉིས་པ་ཁྱད་མཚན་སྟོན་པར། བསམ་མི་ཁྱབ་སོགས་ཁྱད་པར་གྱིས། །ནས། ཁྱད་དུ་འཕགས་པའི་ཁྱད་པར་ལམ། །ཞེས་གསུངས། ཁྱད་མཚན་ལ། མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། བསམ་མི་ཁྱབ་སོགས་ཀྱིས་ཁྱད་པར་དུ་བྱས་པའི་སེམས་དཔའི་ཡེ་ཤེས་དེ། སེམས་དཔའི་སྦྱོར་བའི་ཁྱད་པར་ཞུགས་པའི་མཚན་ཉིད། མཚན་གཞི་ངོ་བོ་ཉིད་ཀྱི་སྦྱོར་བ་བཅུ་དྲུག་ལྟ་བུ།ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་འཕགས་པའམ་ཁྱད་ཞུགས་པ་མཚོན་པ་དེ་ཁྱད་པར་གྱིས་མཚོན་ཚུལ་ཡིན། གཉིས་པ་ནི། དབྱེ་ན། ཐེག་ཆེན་གྱི་མཐོང་ལམ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཉན་རང་ལས་ཁྱད་པར་འཕགས་པའི་མཚོན་བྱེད་བཅུ་དྲུག་ཡོད་དེ། སྡུག་བདེན་ལ་དམིགས་པའི་ཤེས་བཟོད་བཞི་ནི། བསམ་གྱིས་མི་ཁྱབ་པའི་བདག་ཉིད་དང་། མི་མཉམ་པའི་བདག་ཉིད་དང་། དེ་ཁོ་ནར་ཚད་མས་གཞལ་བ་ལས་འདས་པའི་དེ་དང་། སྒྲས་བགྲང་ལས་འདས་པའི་དེ་དང་བཞི་ཡིན་ལ། ཀུན་འབྱུང་ལ་དམིགས་པའི་འཕགས་པའི་གང་ཟག་གསུམ་གྱི་སྤངས་རྟོགས་སྡུད་པའི་དེ་དང་། མཁས་པས་ཤེས་པར་བྱ་བའི་དེ་དང་། ཉན་རང་དང་ཐུན་མོང་མ་ཡིན་པའི་དེ་དང་། ཉན་རང་ལས་མྱུར་བའི་ཤེས་པའི་དེ་དང་བཞི་ཡིན་ལ། འགོག་བདེན་ལ་དམིགས་པའི་དོན་དམ་པར་བྲི་གང་མེད་པའི་དེ་དང་། ཕར་ཕྱིན་དྲུག་ཏུ་སྒྲུབ་པའི་དེ་དང་། འཁོར་གསུམ་རྣམ་དག་གིས་བསྐལ་བར་ཡང་དག་པར་སྒྲུབ་པའི་དེ་དང་། ཐབས་ཀྱིས་ཟིན་པའི་ཆོས་ཐམས་ཅད་ལ་མི་དམིགས་པའི་དེ་བཞི་ཡིན་ལ། ལམ་ལ་དམིགས་པའི་ཆོས་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་བྱང་སེམས་ལམ་གྱི་རྟེན་རིགས་དང་ལྡན་པའི་དེ་དང་། ཕར་ཕྱིན་ཡོངས་སུ་རྫོགས་པའི་རྒྱུ་ཚོགས་པའི་དེ་དང་། ཕྱི་ནང་གི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའི་དེ་དང་། ཆོས་ཐམས་ཅད་མངོན་ཞེན་གྱི་རོ་མྱང་མེད་པའི་དེ་དང་བཞི་སྟེ་བཅུ་དྲུག་པོ་ཉན་རང་གི་ཤེས་བཟོད་བཅུ་དྲུག་ལས་ཁྱད་པར་འཕགས་པའི་མཚན་ཉིད་ཡིན་པའི་ཕྱིར།

 

གསུམ་པ་སྦྱོར་བའི་བྱེད་མཚན་སྟོན་པར། ཕན་དང་བདེ་དང་སྐྱོབ་པ་དང་། །ནས། འདི་ནི་བྱེད་པའི་མཚན་ཉིད་ཡིན། །ཞེས་བྱུང་། ཕན་བདེ་སྐྱོབ་སོགས་ཀྱི་བྱེད་ལས་ཁྱད་པར་ཅན་དང་ལྡན་པའི་སེམས་དཔའི་ཡེ་ཤེས། སེམས་དཔའི་སྦྱོར་བ་གཞན་དོན་སྒྲུབ་པའི་བྱེད་པ་ཁྱད་པར་ཅན་དང་ལྡན་པའི་སྦྱོར་བའི་མཚན་ཉིད། མཚན་གཞི་ངོ་བོ་ཉིད་མཚན་བཅུ་དྲུག་ལྟ་བུ།འདིར་གཞན་དོན་གྱི་བྱེད་ལས་མཚོན་ཚུལ་ལོ། །དབྱེ་ན་བཅུ་གཅིག་ཡོད་དེ། སེམས་དཔའི་གཞི་ཤེས་སྦྱོར་བའི་བྱེད་པ་གསུམ་དང་། ལམ་ཤེས་སྦྱོར་བའི་བྱེད་པ་བདུན་དང་། རྣམ་མཁྱེན་སྦྱོར་བའི་བྱེད་པ་གཅིག་དང་བཅུ་གཅིག་ཡོད་པའི་ཕྱིར། དང་པོ་གསུམ་ཡོད་དེ། སེམས་དཔའི་གཞི་ཤེས་སྦྱོར་བས་སེམས་ཅན་ཐམས་ཅད་ཐར་པའི་བདེ་བ་ལ་འགོད་པའི་ཕན་པ་དང་།སྡུག་བསྔལ་དང་ཡིད་མི་བདེ་བ་སོགས་མེད་པའི་ཚེ་འདིའི་བདེ་བ་དང་། འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་སྐྱོབ་པ་དང་གསུམ་ཡོད་པའི་ཕྱིར། བར་པ་བདུན་ཡོད་དེ། མྱང་འདས་ལ་འགོད་པའི་སྐྱབས་ཀྱི་བྱེད་པ་དང་། སྡུག་བསྔལ་གྱི་རྒྱུ་བཟློག་པའི་གནས་ཀྱི་བྱེད་པ་དང་། འཁོར་འདས་དོན་དམ་པར་རོ་མཉམ་དུ་རྟོགས་པའི་དཔུང་གཉེན་གྱི་བྱེད་པ་དང་། གཞན་དོན་རྟོགས་པའི་གླིང་གི་བྱེད་པ་དང་། དོན་གཉིས་སྒྲུབ་པའི་ཡོངས་འདྲེན་གྱི་བྱེད་པ་དང་། སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་པར་བྱེད་པ་དང་། ཐེག་པ་གསུམ་གྱི་འབྲས་བུ་དུས་མ་ཡིན་པར་མངོན་སུམ་དུ་མི་བྱེད་པ་དང་བདུན་ཡོད་པའི་ཕྱིར། རྣམ་མཁྱེན་གྱི་སྦྱོར་བའི་བྱེད་པ་གཅིག་ཡོད་དེ། ཆོས་ཐམས་ཅད་ཇི་བཞིན་སྟོན་པའི་འཇིག་རྟེན་གྱི་རྟེན་བྱེད་པ་དེ་ཡིན་པའི་ཕྱིར།

 

བཞི་པ་ངོ་བོ་ཉིད་མཚན་སྟོན་པར། ཉོན་མོངས་རྟགས་དང་མཚན་མ་དང་། །ནས། མཚན་ཉིད་བཞི་བར་བཞེད་པ་ཡིན། །ཞེས་གསུངས། མཚན་ཉིད་སྔར་སྦྱོར་བའི་ངོ་བོར་བཤད་པ་དེ་ཡིན་ལ། དབྱེ་ན་བཅུ་དྲུག་ཡོད་དེ། གཞི་ཤེས་སྦྱོར་བའི་ངོ་བོ་ཉིད་བཞི་དང་། ལམ་ཤེས་སྦྱོར་བའི་ངོ་བོ་ཉིད་ལྔ་དང་། རྣམ་མཁྱེན་སྦྱོར་བའི་ངོ་བོ་ཉིད་བདུན་ཡོད་པའི་ཕྱིར། དང་པོ་བཞི་ཡོད་དེ། ཉོན་མོངས་ལས་དབེན་པའི་ངོ་བོ་ཉིད་དང་། དེའི་རྟགས་ལུས་ཀྱི་གནས་ངན་ལེན་མེད་པའི་ངོ་བོ་ཉིད་དང་། དེའི་མཚན་མ་ཚུལ་བཞིན་མིན་པ་མེད་པའི་དེ་དང་། བླང་དོར་གྱི་རྣམ་རྟོག་གིས་དབེན་པའི་ངོ་བོ་ཉིད་དང་བཞི་ཡོད་པའི་ཕྱིར། ལམ་ཤེས་ཀྱི་དེ་ལྔ་ཡོད་དེ། སྒྲུབ་དཀའ་བའི་སྦྱོར་བ་དང་། གཅིག་ཏུ་འཚང་རྒྱ་བར་ངེས་པའི་སྦྱོར་བ་དང་། ཆེད་དུ་བྱ་བ་ཆེན་པོ་གསུམ་སྒྲུབ་པའི་སྦྱོར་བ་དང་། སྒོམ་པའི་འཁོར་གསུམ་དོན་དམ་པར་མི་དམིགས་པའི་སྦྱོར་བ་དང་། བདེན་པའི་དངོས་པོར་ཞེན་པ་བཀག་པའི་སྦྱོར་བ་དང་ལྔ་ཡོད་པའི་ཕྱིར། རྣམ་མཁྱེན་སྦྱོར་བའི་ངོ་བོ་ཉིད་བདུན་ཡོད་དེ། གཞི་ལམ་ལ་དམིགས་པའི་དེ་དང་། འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་དེ་དང་། ཐོགས་པ་མེད་པའི་དེ་དང་། གཞི་མེད་པའི་དེ་དང་། འགྲོ་བ་མེད་པའི་དེ་དང་། སྐྱེ་བ་མེད་པའི་ངོ་བོ་ཉིད་དང་། དེ་བཞིན་ཉིད་མི་དམིགས་པའི་ངོ་བོ་ཉིད་དང་བདུན་ཡོད་པའི་ཕྱིར།

 

དྲུག་པ་ཐར་པ་ཆ་མཐུན་སྟོན་པར། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ནས། ཐར་པའི་ཆ་དང་མཐུན་པར་འདོད། ཅེས་གསུངས། ཐར་པ་ཆ་མཐུན་ལ་མཚན་ཉིད། སྒྲ་བཤད། དབྱེ་བ། ས་མཚམས། དེའི་རྟགས་དང་ལྔ། དང་པོ་ནི། རྣམ་མཁྱེན་རང་རྒྱུད་ལ་སྒྲུབ་པར་མཁས་པའི་སེམས་དཔའི་རྒྱུད་ཀྱི་ཆོས་མངོན་རྟོགས་དེ། ཐེག་ཆེན་གྱི་ཐར་པ་ཆ་མཐུན་གྱི་མཚན་ཉིད།ཐེག་ཆེན་གྱི་ཆོས་མངོན་རྟོགས། ཐེག་ཆེན་གྱི་ཐར་པ་ཆ་མཐུན་དང་། ཐེག་ཆེན་གྱི་ཚོགས་ལམ་སོགས་དོན་གཅིག །གཉིས་པ་སྒྲ་བཤད་ནི། ཉོན་མོངས་སྤངས་པས་ན་ཐར་པ་དང་དེའི་ཕྱོགས་གཅིག་ཡིན་པས་ཐར་པའི་ཆ་དང་དེ་ལ་ཕན་འདོགས་པས་ན་ཐར་པའི་ཆ་དང་མཐུན་པ་ཞེས་བྱའོ། །གསུམ་པ་ནི། དུས་ཀྱིས་དབྱེ་ན་ཆུང་ངུ་འབྲིང་ཆེན་པོ་གསུམ་དང་། ངོ་བོས་དབྱེ་ན། རང་ཡིན་པའི་ཐོས་བསམ་སྒོམ་གསུམ་ཡོད། བཞི་པ། ས་མཚམས་ཐེག་ཆེན་ཚོགས་ལམ་ཁོ་ནར་ཡོད་དེ། སེམས་བསྐྱེད་རྒྱུད་ལ་སྐྱེས་ནས་དབང་པོ་ལྔ་མ་ཐོབ་ཚུན་ཆད་ན་ཡོད་དགོས་པས་སོ། །ལྔ་པ་རྟགས་ནི། འཁོར་བའི་ཉེས་པ་དང་ཐར་པའི་ཕན་ཡོན་ཐོས་ན་སྤུ་ལྡང་ཞིང་མཆི་མ་འབྱིན་པ་སོགས་དང་། ཁྱད་པར་སེམས་མི་ཞུམ་ཞིང་མི་དངངས་བ་དང་། མི་སྐྲག་ཅིང་མ་འགོང་བ་དང་། ཟབ་མོ་ལ་མི་སྐྲག་ཅིང་མི་འགྱོད་པའི་མཚན་ཉིད་གསུམ་མོ། །

 

བདུན་པ་ངེས་འབྱེད་ཆ་མཐུན་སྟོན་པར། སངས་རྒྱས་སོགས་དམིགས་དད་པ་དང་། །ནས། སྨིན་བྱེད་སོགས་ཀྱིས་ཤེས་པར་བྱ། །ཞེས་གསུངས། ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་ལ་མཚན་ཉིད། སྒྲ་བཤད། དབྱེ་བ། ས་མཚམས་བཞི། དང་པོ་ནི། ཐབས་ཀྱི་ཁྱད་པར་དུ་བྱས་པའི་སེམས་དཔའི་དོན་མངོན་རྟོགས་དེ། ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་གྱི་མཚན་ཉིད།གཉིས་པ་སྒྲ་བཤད་ནི་མཐོང་སྤང་གི་ས་བོན་ངེས་པར་འབྱེད་པའི་མཐོང་ལམ་གྱི་ཆའམ་ཕྱོགས་གཅིག་ལ་ཕན་འདོགས་པས་ན་ངེས་འབྱེད་ཆ་མཐུན་ཞེས་བྱའོ། །གསུམ་པ་ནི། དབྱེ་ན། བཅུ་གཉིས་ཡོད་དེ། ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་དྲོད་དང་། རྩེ་མོ་དང་། བཟོད་པ་དང་། ཆོས་མཆོག་བཞི་ལ་ཆུང་འབྲིང་ཆེན་པོ་གསུམ་གསུམ་ཡོད་པའི་ཕྱིར། བཞི་པ་ནི། ས་མཚམས་སྟོང་ཉིད་རྟོགས་པའི་ལྷག་མཐོང་ཐོབ་པ་ནས་མཐོང་ལམ་མ་ཐོབ་ཀྱི་བར་དུ་ཡོད།

 

བརྒྱད་པ་ཕྱིར་མི་ལྡོག་པའི་དགེ་འདུན་སྟོན་པར། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །ནས། དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །ཞེས་གསུངས། ཕྱིར་མི་ལྡོག་པའི་དགེ་འདུན་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། གཟུགས་སོགས་འདུ་ཤེས་ལྡོག་པ་སོགས་ཀྱི་རྟགས་གང་རུང་ཐོབ་པའི་སེམས་དཔའ་དེ། ཕྱིར་མི་ལྡོག་པའི་དགེ་འདུན་གྱི་མཚན་ཉིད།གཉིས་པ་ནི། དབྱེ་ན། དབང་རྣོན་སྦྱོར་ལམ་ནས་རྟགས་ཐོབ་པ་དང་། དབང་འབྲིང་མཐོང་ལམ་ནས་རྟགས་ཐོབ་པ་དང་། དབང་རྟུལ་སྒོམ་ལམ་ནས་རྟགས་ཐོབ་པའི་སེམས་དཔའ་གསུམ་མོ། །གསུམ་པ་ནི། ས་མཚམས་སྦྱོར་ལམ་དྲོད་ནས་རྒྱུན་མཐའི་བར་དུ་ཡོད།

 

དགུ་པ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་སྟོན་པར། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །ནས། ལན་ནི་ཇི་སྐད་བཤད་པར་ཟད། །ཅེས་གསུངས། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ལ་མཚན་ཉིད། དབྱེ་ན། ས་མཚམས་གསུམ་ལས། དང་པོ་ནི། རྗེས་ཐོབ་ཏུ་ཡང་བདེན་འཛིན་མངོན་གྱུར་དུ་སྐྱེ་བའི་གོ་སྐབས་བཅོམ་པའི་དག་སའི་སེམས་དཔའི་ཡེ་ཤེས་དེ། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བའི་མཚན་ཉིད། གཉིས་པ་ནི། དབྱེ་ན། དག་ས་གསུམ་གྱི་ཡེ་ཤེས་གསུམ་ཡོད། གསུམ་པ་ནི། ས་མཚམས་ས་བརྒྱད་པ་ནས་རྒྱུན་མཐའི་བར་དུ་ཡོད།

 

བཅུ་པ་ཞིང་དག་སྦྱོར་བ་སྟོན་པར། སེམས་ཅན་འཇིག་རྟེན་དེ་བཞིན་དུ། །ནས། སངས་རྒྱས་ཞིང་ནི་དག་པ་ཉིད། །ཅེསགསུངས། ཞིང་དག་སྦྱོར་བ་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ་ལས། དང་པོ་ནི། རང་གང་དུ་འཚང་རྒྱ་འགྱུར་གྱི་ཞིང་ཁྱད་པར་ཅན་འགྲུབ་པའི་སྨོན་ལམ་སོགས་ཀྱི་དགེ་རྩ་མཐུ་ཅན་གྱི་དག་སའི་སེམས་དཔའི་ཡེ་ཤེས་དེ། ཞིང་དག་སྦྱོར་བའི་མཚན་ཉིད། གཉིས་པ་ནི། དབྱེ་ན། སངས་རྒྱས་ཀྱི་ཞིང་གི་སྣོད་དག་པའི་སྦྱོར་བ། བཅུད་དག་པའི་སྦྱོར་བ་དང་གཉིས་ཡོད། གསུམ་པ་ནི། ས་མཚམས་དག་པ་ས་གསུམ་ན་ཡོད།

 

བཅུ་གཅིག་པ་ཐབས་མཁས་སྦྱོར་བ་སྟོན་པར། ཡུལ་དང་སྦྱོར་བ་ཅན་འདི་ནི། །ནས། ཐབས་ལ་མཁས་པ་རྣམ་པ་བཅུ། །ཞེས་གསུངས། ཐབས་མཁས་སྦྱོར་བ་ལ། མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། འབད་རྩོལ་རགས་པ་ཞི་བའི་སྒོ་ནས་འཕྲིན་ལས་ལྷུན་གྱིས་གྲུབ་པའི་དག་སའི་སེམས་དཔའི་ཡེ་ཤེས་དེ། ཐབས་མཁས་སྦྱོར་བའི་མཚན་ཉིད། གཉིས་པ་ནི།དབྱེ་ན་བཅུ་ཡོད་དེ། བར་ཆད་ཀྱི་ཆོས་ལས་འདས་པའི་ཐབས་མཁས་སྦྱོར་བ་དང་། མི་གནས་པའི་ཐབས་མཁས་སྦྱོར་བ་དང་། སྨོན་ལམ་གྱི་ཤུགས་ཀྱིས་འཕངས་པའི་ཡེ་ཤེས་དང་། ཐུན་མོང་མ་ཡིན་པའི་དེ་དང་། མ་ཆགས་པའི་དེ་དང་། མི་དམིགས་པའི་དེ་དང་། མཚན་མ་མེད་པའི་དེ་དང་། སྨོན་པ་མེད་པའི་དེ་དང་། ཕྱིར་མི་ལྡོག་པའི་རྟགས་ཀྱི་དེ་དང་། ཚད་མེད་པའི་ཐབས་མཁས་སྦྱོར་བ་དང་བཅུ་ཡོད་པའི་ཕྱིར། གསུམ་པ་ནི། ས་མཚམས་ས་བརྒྱད་པ་ནས་རྒྱུན་མཐའི་བར་དུ་ཡོད། རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་བཤད་ཟིན་ཏོ། །

 

གཉིས་པ་རྩེ་སྦྱོར་མཚོན་བྱེད་ཀྱི་ཆོས་བརྒྱད་སྟོན་པར། དེ་ཡི་རྟགས་དང་རྣམ་འཕེལ་དང་། །ནས། རྩེ་མོའི་མངོན་རྟོགས། ཞེས་གསུངས། རྩེ་སྦྱོར་མཚོན་པའི་ཆོས་བརྒྱད་ཡོད་དེ། དྲོད་རྩེ་སྦྱོར། རྩེ་མོའི་རྩེ་སྦྱོར། བཟོད་པའི་རྩེ་སྦྱོར། ཆོས་མཆོག་གི་རྩེ་སྦྱོར། མཐོང་ལམ་རྩེ་སྦྱོར། སྒོམ་ལམ་རྩེ་སྦྱོར། བར་ཆད་མེད་པའི་རྩེ་སྦྱོར། བསལ་བྱ་ལོག་སྒྲུབ་དང་བརྒྱད་ཡོད་པའི་ཕྱིར།དང་པོ་དྲོད་རྩེ་སྦྱོར་སྟོན་བར། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །ནས། རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཅེས་གསུངས། དྲོད་རྩེ་སྦྱོར་ལ་གསུམ་ལས། དང་པོ་ནི། རྨི་ལམ་ན་ཡང་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ལྟ་བ་སོགས་དེའི་རྟགས་བཅུ་གཉིས་གང་རུང་ཐོབ་པའི་ཆ་ནས་བཞག་པའི་སེམས་དཔའི་ངེས་འབྱེད་ཆ་མཐུན་དེ། དྲོད་རྩེ་སྦྱོར་གྱི་མཚན་ཉིད། གཉིས་པ་ནི།དབྱེ་ན་དྲོད་ཆུང་འབྲིང་ཆེ་གསུམ་ཡོད། གསུམ་པ་ནི། ས་མཚམས་དྲོད་ན་ཡོད། གཉིས་པ་རྩེ་མོའི་རྩེ་སྦྱོར་སྟོན་པར། འཛམ་བུ་གླིང་གི་སྐྱེ་བོ་སྙེད། །ནས། རྣལ་འཕེལ་བཅུ་དྲུག་བདག་ཉིད་དོ། །ཞེས་གསུངས། རྩེ་མོའི་རྩེ་སྦྱོར་ལ་གསུམ་ལས། དང་པོ་ནི། བསོད་ནམས་རྣམ་པར་འཕེལ་བ་བཅུ་དྲུག་ཚང་བའི་རིགས་གནས་ཀྱི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་གཉིས་པ་དེ།རྩེ་མོའི་རྩེ་སྦྱོར་གྱི་མཚན་ཉིད། དེ་དང་ཐེག་ཆེན་གྱི་སྦྱོར་ལམ་རྩེ་མོ་དོན་གཅིག །གཉིས་པ་ནི། དབྱེ་ན། རྩེ་མོའི་རྩེ་སྦྱོར་ཆུང་འབྲིང་ཆེ་གསུམ་ཡོད། གསུམ་པ་ནི། ས་མཚམས་ཐེག་ཆེན་གྱི་སྦྱོར་ལམ་རྩེ་མོ་ན་ཡོད།

 

གསུམ་པ་བཟོད་པའི་རྩེ་སྦྱོར་སྟོན་པར། ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱི། །ནས། བརྟན་པ་ཞེས་ནི་མངོན་པར་བརྗོད། །ཅེས་གསུངས། བཟོད་པའི་རྩེ་སྦྱོར་ལ་གསུམ་ལས། དང་པོ་ནི། མཁྱེན་གསུམ་རྗེས་མཐུན་པ་རྫོགས་པའི་ཤེས་རབ་དང་གཞན་དོན་ལ་མི་ཕྱེད་པའི་ཐབས་བརྟན་པོ་ཐོབ་པའི་ངེས་འབྱེད་ཆ་མཐུན་གསུམ་པ་དེ། བཟོད་པའི་རྩེ་སྦྱོར་གྱི་མཚན་ཉིད། དེ་དང་ཐེག་ཆེན་གྱི་སྦྱོར་ལམ་བཟོད་པ་དོན་གཅིག །རྩེ་སྦྱོར་སྔ་མ་གཉིས་ལའང་འདི་ལྟར་སེམས་དཔའི་མ་སྦྱར་ནའང་རུང་སྟེ། ཐེག་དམན་ལ་དེ་འདྲའི་སྦྱོར་ལམ་མེད་པའི་ཕྱིར། དེ་ལྟར་ནའང་དོགས་པ་སེལ་སླ་ཆེད་དུ་སྦྱར་རོ། །གཉིས་པ་ནི། དབྱེ་ན། ཐེག་ཆེན་གྱི་བཟོད་པ་ཆུང་འབྲིང་ཆེ་གསུམ་ཡོད། གསུམ་པ་ནི། ས་མཚམས་ཐེག་ཆེན་གྱི་སྦྱོར་ལམ་བཟོད་པ་བཞིན་ནོ། །

 

བཞི་པ་ཆོས་མཆོག་གི་རྩེ་སྦྱོར་སྟོན་པར། གླིང་བཞི་པ་དང་སྟོང་དག་དང་། །ནས། ཏིང་འཛིན་ཡོངས་སུ་བསྒྲགས་པ་ཡིན། །ཞེས་གསུངས། ཆོས་མཆོག་གི་རྩེ་སྦྱོར་ལ་གསུམ་ལས། དང་པོ་ནི། མཐོང་ལམ་སྐྱེད་པའི་ནུས་ལྡན་གྱི་ཏིང་ངེ་འཛིན་མཐའ་ཡས་པས་སེམས་ཀུན་ཏུ་གནས་པ་ཐོབ་པའི་ངེས་འབྱེད་ཆ་མཐུན་བཞི་པ་དེ། ཆོས་མཆོག་གི་རྩེ་སྦྱོར་གྱི་མཚནཉིད། གཉིས་པ་ནི། དབྱེ་ན། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཆུང་འབྲིང་ཆེ་གསུམ་ཡོད། གསུམ་པ་ནི། ས་མཚམས་ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་དང་འདྲ།

 

ལྔ་པ་མཐོང་ལམ་རྩེ་སྦྱོར་སྟོན་པར། འཇུག་པ་དང་ནི་ལྡོག་པ་ལ། །ནས། བསྡུས་པ་དེ་འདིར་མཐོང་བའི་ལམ། །ཞེས་གསུངས། མཐོང་ལམ་རྩེ་སྦྱོར་ལ་གསུམ་ལས། དངཔོ་ནི། མཐོང་སྤང་བདེན་འཛིན་གྱི་གཉེན་པོ་བྱེད་པའི་ཆ་ནས་བཞག་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དེ། མཐོང་ལམ་རྩེ་སྦྱོར་གྱི་མཚན་ཉིད། དེ་དང་ཐེག་ཆེན་གྱི་མཐོང་ལམ་དོན་གཅིག །གཉིས་པ་ནི། དབྱེ་ན་མཉམ་རྗེས་གཉིས་དང་། སྤང་བྱའི་སྒོས་མཐོང་སྤང་རྣམ་རྟོག་བཞིའི་གཉེན་པོ་མཐོང་ལམ་རྩེ་སྦྱོར་བཞི་དང་། མཉམ་བཞག་ཡེ་ཤེས་ལ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཡོད། གསུམ་པ་ནི། ས་མཚམས་ཐེག་ཆེན་གྱི་མཐོང་ལམ་དང་འདྲའོ། །

 

དྲུག་པ་སྒོམ་ལམ་རྩེ་སྦྱོར་སྟོན་པར། འགོག་དང་བཅས་པའི་སྙོམས་འཇུག་དགུར། །ནས། མི་མཐུན་ཕྱོགས་གཞན་རྣམ་པ་དགུ །ཞེས་གསུངས། སྒོམ་ལམ་རྩེ་སྦྱོར་ལ་གསུམ་ལས། དང་པོ་ནི། མཁྱེན་གསུམ་བསྡུས་སྒོམ་གྱི་རབ་ཏུ་གྱུར་བའི་ཤེས་རབ་ཀྱིས་ཟིན་པའི་སྒོམ་སྤང་རྟོག་པའི་གཉེན་པོ་བྱེད་པའི་ཆ་ནས་བཞག་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་དེ། སྒོམ་ལམ་རྩེ་སྦྱོར་གྱི་མཚན་ཉིད། གཉིས་པ་ནི། དབྱེ་ན་སྒོམ་སྤང་རྣམ་རྟོག་སྐོར་དགུའི་དངོས་གཉེན་བར་ཆད་མེད་ལམ་སྐོར་དགུ་དང་། སྒོམ་ལམ་རྣམ་གྲོལ་ལམ་སྒོར་དགུ་ཡོད། གསུམ་པ་ནི། ས་མཚམས་ས་དང་པོ་ནས་བཅུ་པའི་བར་དུ་ཡོད།

 

བདུན་པ་བར་ཆད་མེད་པའི་རྩེ་སྦྱོར་སྟོན་པར། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང་། །ནས། བར་ཆད་མེད་པའི་ཏིང་ངེ་འཛིན། །ཞེས་གསུངས། བར་ཆད་མེད་པའི་རྩེ་སྦྱོར་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། མཁྱེན་གསུམ་བསྡུས་སྒོམ་རབ་ཏུ་གྱུར་བའི་རང་འབྲས་རྣམ་མཁྱེན་བར་མ་ཆད་པར་དངོས་སུ་སྐྱེད་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་དེ།བར་ཆད་མེད་པའི་རྩེ་སྦྱོར་གྱི་མཚན་ཉིད། དེ་དང་རྒྱུན་མཐའི་ཡེ་ཤེས་དོན་གཅིག །གཉིས་པ་ནི། དབྱེ་ན། སྐད་ཅིག་སྦྱོར་བཞི་ཡོད། གསུམ་པ་ནི། ས་མཚམས་རྒྱུན་མཐའ་ཁོ་ན་ཡིན་ནོ། །

 

བརྒྱད་པ་བསལ་བྱ་ལོག་སྒྲུབ་སྟོན་པར། དམིགས་པ་འཐད་དང་དེ་ཡི་ནི། །ནས། རྣམ་པ་བཅུ་དྲུག་དག་ཏུ་བཞེད། །ཅེས་གསུངས། བསལ་བྱ་ལོག་སྒྲུབ་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། བདེན་གཉིས་ངོ་བོ་གཅིག་ལ་འདུ་མི་རུང་བར་འཛིན་པའི་ས་བོན་དང་མངོན་གྱུར་གང་རུང་དེ། བསལ་བྱ་ལོག་སྒྲུབ་ཀྱི་མཚན་ཉིད། གཉིས་པ་ནི། དབྱེ་ན།བཅུ་དྲུག་ཡོད་དེ། ལམ་བསྒོམས་པའི་དམིགས་པ་མི་རུང་སྙམ་པ་དང་། རྣམ་པ་མི་རུང་སྙམ་པ་གཉིས་དང་། ལམ་བསྒོམས་པའི་འབྲས་བུ་མི་རུང་སྙམ་པ་དང་། གཞིའི་དོན་དམ་གྱི་སྒོ་ནས་ཀུན་རྫོབ་སུན་འབྱིན་པ་དང་། ཀུན་རྫོབ་སྒོས་དོན་དམ་སུན་འབྱིན་པའི་རྩོད་པ་གཉིས་དང་། སྤྱོད་པའི་ངོ་བོ་སྦྱིན་སོགས་མི་འཐད་པར་ཐལ་བ་གཅིག་དང་། སྤྱོད་པའི་རྟེན་སངས་རྒྱས་མི་འཐད་པར་ཐལ་བ་དང་། ཆོས་མི་འཐད་པར་ཐལ་བ་དང་། དགེ་འདུན་མི་འཐད་པར་ཐལ་བ་གསུམ་དང་། སྤྱོད་པའི་ཁྱད་པར་ཐབས་མཁས་པ་མི་འཐད་པར་ཐལ་བ་དང་། མངོན་རྟོགས་མི་འཐད་པར་ཐལ་བ་དང་། དེའི་སྤང་བྱ་རྟོག་པ་མི་འཐད་པར་ཐལ་བ་གཉིས་དང་། ལམ་གྱི་ངོ་བོ་མི་འཐད་པར་ཐལ་བ་གཅིག་དང་། སྤང་གཉེན་གྱི་དབྱེ་བ་མི་འཐད་པར་ཐལ་བ་གཅིག་དང་། བསྒོམ་བྱ་རང་སྤྱི་མི་འཐད་པར་ཐལ་བ་གཅིག་དང་། སྒོམ་པ་མི་འཐད་པར་ཐལ་བ་སྟེ་བཅུ་དྲུག་ཡོད་པའི་ཕྱིར། དེ་ལྟར་འཛིན་པའི་ལོག་རྟོག་ནི་ལོག་སྒྲུབ་དངོས་ཡིན་ལ། དེ་ལྟར་ཐལ་བ་འཕེན་པའི་སྒྲ་ནི་ཕལ་བའོ། །ཡང་ལོག་སྒྲུབ་ལ་སྒྲས་བརྗོད་ཀྱིས་དབྱེ་ན་རྟོག་པ་དང་རྗོད་བྱེད་ཀྱི་སྒྲ་གཉིས། བདེན་གཉིས་གང་རུང་རྒྱུ་མཚན་དུ་བྱས་ནས་ཅིག་ཤོས་སུན་འབྱིན་པའི་ཞེན་རིག་དེ་དང་པོའི་མཚན་ཉིད། བདེན་གཉིས་གང་རུང་རྒྱུ་མཚན་དུ་བྱས་ནས་ཅིག་ཤོས་སུན་འབྱིན་པའི་རྩོད་ངག་དེ་གཉིས་པའི་མཚན་ཉིད། དེ་དག་བསྡུ་ན་ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀའི་རྩོད་པ་དང་། དོན་དམ་སྒོ་ཅན་གྱི་ཀླན་ཀའི་རྩོད་པ་གཉིས་སུ་འདུའོ། །གསུམ་པ་ནི། ས་མཚམས་ལམ་མ་ཞུགས་ནས་མ་དག་ས་བདུན་གྱི་བར་དུ་ཡོད་དེ། ས་བོན་ཡང་དེར་བཤད་པས་སྒོམ་སྤང་ཡོད་པའི་ཕྱིར། རྩེ་སྦྱོར་མཚོན་བྱེད་ཀྱི་ཆོས་བརྒྱད་བཤད་ཟིན་ཏོ། །

 

གསུམ་པ་མཐར་གྱིས་སྦྱོར་བ་སྟོན་པར། མཐར་གྱིས་པ། །རྣམ་གསུམ་རྣམ་བཅུ། ཞེས་མདོར་བསྟན་ནས་དེ་ལན་ལག་གི་སྒོས་རྒྱས་པར་སྟོན་པར། སྦྱིན་པ་ཤེས་རབ་བར་དག་དང་། །ནས། མཐར་གྱིས་པ་ཡི་བྱ་བར་བཞེད། །ཅེས་གསུངས། མཐར་གྱིས་སྦྱོར་བ་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ་ལས། དང་པོ་ནི། མཁྱེན་གསུམ་གྱི་རྣམ་པ་རིམ་ཅན་དུ་སྒོམ་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་དེ། མཐར་གྱིས་སྦྱོར་བའི་མཚན་ཉིད། གཉིས་པ་ནི། དབྱེ་ན། བཅུ་གསུམ་ཡོད་དེ། སྦྱིན་པ་ནས་ཤེས་རབ་ཀྱི་བར་དྲུག་དང་། སངས་རྒྱས་ཆོས་དགེ་འདུན་ཚུལ་ཁྲིམས་གཏོང་བ་ལྷ་བླ་མ་རྗེས་སུ་དྲན་པ་དྲུག་དང་ངོ་བོ་ཉིད་མེད་རྟོགས་ཀྱི་བར་བཅུ་གསུམ་ཡོད་པའི་ཕྱིར། གསུམ་པ་ནི། ས་མཚམས་ཚོགས་ལམ་ནས་སྐད་ཅིག་སྦྱོར་གྱི་སྔ་རོལ་བར་དུ་ཡོད། །

 

བཞི་པ་སྐད་གཅིག་མའི་སྦྱོར་བ་ནི། སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཅེས་མདོར་བསྟན་ནས། རྒྱས་བར་སྟོན་པར། སྦྱིན་པ་ལ་སོགས་རེ་རེས་ཀྱང་། །ནས། དེ་ཉིད་སྐད་ཅིག་གཅིག་གིས་མཐོང་། །ཞེས་གསུངས། སྐད་ཅིག་མའི་སྦྱོར་བ་ལ་མཚན་ཉིད། དབྱེ་བ། སྒྲ་དོན། ས་མཚམས་བཞི། དང་པོ་ནི། མཁྱེན་གསུམ་གྱི་རྣམ་པ་ལ་གོམས་པ་བརྟན་པོ་ཐོབ་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་དེ། སྐད་ཅིག་མའི་སྦྱོར་བའི་མཚན་ཉིད། སྐད་ཅིག་མའི་སྦྱོར་བ་དང་། རྒྱུན་མཐའི་ཡེ་ཤེས་དང་། བར་ཆད་མེད་པའི་རྩེ་སྦྱོར་གསུམ་དོན་གཅིག་ལ་འཕགས་ཡུལ་ནའང་འདོད་ཚུལ་མང་ངོ་། །གཉིས་པ་ནི། དབྱེ་ན། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་བཞི་ཡོད་དེ། རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་སྦྱོར་དང་། རྣམ་པར་སྨིན་པའི་སྐད་ཅིག་སྦྱོར་དང་། མཚན་ཉིད་མེད་པའི་སྐད་ཅིག་སྦྱོར་དང་། གཉིས་སུ་མེད་པའི་སྐད་ཅིག་སྦྱོར་དང་བཞི་ཡོད་པའི་ཕྱིར། དང་པོ་སྟོན་པར། སྦྱིན་པ་ལ་སོགས་རེ་རེས་ཀྱང་། །ནས། རྟོགས་པ་འདི་ནི་ཤེས་པར་བྱ། །ཞེས་གསུངས། རྣམ་པར་སྨིན་པ་མ་ཡིན་པའི་ཟག་མེད་ཀྱི་སྦྱིན་པ་ནས་དཔེ་བྱད་བརྒྱད་ཅུའི་བར་གྱི་ཡོན་ཏན་གྱི་རིགས་རྣམས་སྐད་ཅིག་མ་གཅིག་ལ་མངོན་དུ་བྱེད་ནུས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་དེ། རྣམ་པར་སྨིན་པ་མིན་པའི་སྐད་ཅིག་སྦྱོར་གྱི་མཚན་ཉིད། མ་དག་ས་བདུན་དུ་སྒོམ་གྱི་ནུས་པ་ལྷུན་འགྲུབ་མ་སྨིན་པས་དེའི་ཡུལ་གྱི་ལྡོག་ཆས་བསྟན་པ་ཡིན་ཏེ། འཕགས་སེང་དང་རྗེ་ཡབ་སྲས་བཞི་ཀའི་དགོངས་པ་ཡིན་པའི་ཕྱིར་ཏེ། རྒྱན་སྣང་ལས། གདུལ་བྱའི་སྐྱེ་བོ་ཉེ་བའི་ངོར་ལྡོག་པས་དབྱེ་ན་རྣམ་པ་བཞིར་ཇི་ལྟར་བསྟན་པར་མཛད་པས་སོ། །ཞེས་དང་། གསེར་འཕྲེང་ལས། སྐད་ཅིག་སྦྱོར་དེ་ལ་མཚན་ཉིད་དམ་ལྡོག་པས་ཕྱེ་ན། ཞེས་དང་། རྣམ་བཤད་ལས་ཀྱང་། ལྡོག་འཚམས་མི་འདྲ་བའི་མཚན་ཉིད་ཀྱིས་ནས་ངོ་བོ་གཅིག་ལ། ལྡོག་པ་ཐ་དད་པ་རྣམ་པ་བཞིའོ། །ཞེས་སོ། །

 

གཉིས་པ་རྣམ་པར་སྨིན་པའི་སྐད་ཅིག་སྦྱོར་སྟོན་པར། གང་ཚེ་ཆོས་དཀར་ཐམས་ཅད་ཀྱི། །ནས། དེ་ཚེ་སྐད་ཅིག་གཅིག་ཡེ་ཤེས། །ཞེས་གསུངས། རྣམ་པར་སྨིན་པའི་ཟག་མེད་ཀྱི་སྦྱིན་སོགས་ནས་དཔེ་བྱད་བརྒྱད་ཅུའི་བར་གྱི་ཡོན་ཏན་གྱི་རིགས་རྣམས་སྐད་ཅིག་མ་གཅིག་ལ་མངོན་དུ་བྱེད་ནུས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་དེ། རྣམ་པར་སྨིན་པའི་སྐད་ཅིག་སྦྱོར་གྱི་མཚན་ཉིད། འདིའི་རྣམ་པར་སྨིན་པ་ས་བརྒྱད་པ་ཡན་ཆད་ཀྱི་ཡུལ་གྱི་ལྡོག་པས་བཤད་དེ། ཉི་སྣང་ལས། རྣམ་པར་སྨིན་པའི་ཆོས་ཉིད་ཀྱིས་གནས་སྐབས་ཀྱི་ཟག་པ་མེད་པའི་ཆོས་ཐམས་ཅད། ཅེས་དང་། རྣམ་བཤད་ལས། སྐད་ཅིག་མ་བཞིའི་དང་པོ་ས་བདུན་པ་མན་ཆད་དུ་རྩོལ་བས་སྒྲུབ་པས་ན་རྣམ་པར་སྨིན་པ་མིན་པའི་ཟག་པ་མེད་པའི་ཆོས་ཐམས་ཅད་མངོན་དུ་བྱེད་པ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཉི་སྣང་གི་གནས་སྐབས་ལ། རྣམ་བཤད་ཀྱི་ས་བདུན་པ་མན་ཆད་རྣམ་པར་མ་སྨིན་པར་བཤད་པའི་ཕྱིར་དང་། ཤུགས་ལ་ས་བརྒྱད་པ་ཡན་ཆད་རྣམ་པར་སྨིན་ཚུལ་ཡང་གོ་ནུས་པའི་ཕྱིར།

 

གསུམ་པ་མཚན་ཉིད་མེད་པའི་སྐད་ཅིག་སྦྱོར་སྟོན་པར། སྦྱིན་པ་ལ་སོགས་སྤྱོད་པ་ཡིས། །ནས། སྐད་ཅིག་མ་ནི་གཅིག་གིས་རྟོགས། ཞེས་གསུངས། སྦྱིན་སོགས་ཆོས་ཐམས་ཅད་བདེན་སྟོང་དུ་སྐད་ཅིག་མ་གཅིག་ལ་མངོན་སུམ་དུ་རྟོགས་པའི་ཆ་ནས་བཞག་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་དེ། མཚན་ཉིད་མེད་པའི་སྐད་ཅིག་སྦྱོར་གྱི་མཚན་ཉིད།

 

བཞི་པ་གཉིས་སུ་མེད་པའི་སྐད་ཅིག་སྦྱོར་སྟོན་པར། རྨི་ལམ་དང་ནི་དེ་མཐོང་ཉིད། །ནས། དེ་ཉིད་སྐད་ཅིག་གཅིག་གིས་མཐོང་། །ཞེས་གསུངས། ཆོས་ཐམས་ཅད་གཟུང་འཛིན་རྫས་ཐ་དད་དུ་མ་གྲུབ་པར་སྐད་ཅིག་མ་གཅིག་ལ་མངོན་སུམ་དུ་རྟོགས་ནུས་པའི་ཆ་ནས་བཞག་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་དེ། གཉིས་སུ་མེད་པའི་སྐད་ཅིག་སྦྱོར་གྱི་མཚན་ཉིད།གསུམ་པ་ནི། དུས་མཐའི་བྱ་རྫོགས་ཀྱི་སྐད་ཅིག་མ་གཅིག་ལ་སྦྱིན་སོགས་མངོན་སུམ་དུ་ཕྱོགས་པར་མ་འཁྲུལ་བའམ། ཡང་དག་པར་རྟོགས་པས་ན་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་ཞེས་བྱ་སྟེ། དུས་མཐའི་སྐད་ཅིག་མ་གཅིག་གི་ཡུན་ལ་ཨ་བྷི་ས་མ་ཡའི། ཨ་བྷི་མངོན་དུ་ཕྱོགས་པ་དང་། ས་མ་ཡང་དག་པ་སྟེ་དྲི་མ་ཟད་པས་མ་འཁྲུལ་བ་དང་། ཨ་ཡ་རྟོགས་པ་དང་གཞལ་བའི་དོན་ཡིན་པའི་ཕྱིར་ཏེ། ཉི་སྣང་ལས། མངོན་པར་རྟོགས་པ་ཞེས་བྱ་བའི་དོན་ཅི་ཞེ་ན། མངོན་དུ་ཕྱོགས་པ་ནི་མངོན་དུ་རྟོགས་པའམ་ས་མ་གྱི་སྒྲ་ནི་ངེས་པར་མངོན་པར་བརྗོད་པའོ། །ཨ་ཡ་ནི་རྟོགས་པ་ལའོ་ཞེས་གསུངས་པའི་ཕྱིར། བཞི་པ་ནི། བཞི་ཀའི་ས་མཚམས་རྒྱུན་མཐའ་ཁོ་ནར་ཡོད། སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ལེགས་པར་བཤད་ཟིན་ཏོ། །

 

གསུམ་པ་འབྲས་བུ་ཆོས་སྐུ་སྟོན་པར། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ནས། རྣམ་པ་ཉི་ཤུ་བདུན་དུ་བཞེད། །ཅེས་གསུངས། ཚོགས་གཉིས་བསགས་སྟོབས་ཀྱིས་ཐོབ་པའི་མཐར་ཐུག་གི་ཡོན་ཏན་དེ། འབྲས་བུ་ཆོས་སྐུའི་མཚན་ཉིད། དེ་ལ་དབྱེ་ན། བཞི་ཡོད་དེ། ངོ་བོ་ཉིད་སྐུ། ཡེ་ཤེས་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་བཞི་ཡོད་པའི་ཕྱིར་ཏེ། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་སོ། །ཆོས་སྐུ་ཞེས་པས་ཡེ་ཤེས་ཆོས་སྐུ་ཡང་བསྟན་ཏོ། །དང་པོ་ངོ་བོ་ཉིད་སྐུ་སྟོན་པར། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ནས། དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་གསུངས། དེ་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། རང་བཞིན་གྱིས་དག་པ་དང་གློ་བུར་གྱི་དྲི་མས་དག་པ་གཉིས་དང་ལྡན་པའི་དབྱིངས་མཐར་ཐུག་དེ། ངོ་བོ་ཉིད་སྐུའི་མཚན་ཉིད། གཉིས་པ་ནི། དབྱེ་ན། རང་ཡིན་གྱི་རང་བཞིན་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་དང་། གློ་བུར་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་གཉིས་ཡོད། གསུམ་པ་ནི། ས་མཚམས་སངས་རྒྱས་ཀྱི་ས་ཁོ་ནར་ཡོད།

 

གཉིས་པ་ནི། ཡེ་ཤེས་ཆོས་སྐུ་སྟོན་པར། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །ནས། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་གསུངས། དེ་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། ཇི་ལྟ་བ་དང་ཇི་སྙེད་པ་ལ་ལྟོས་ནས་གཟིགས་པ་མཐར་ཐུག་པའི་ཡེ་ཤེས་དེ། ཡེ་ཤེས་ཆོས་སྐུའི་མཚན་ཉིད། དེ་དང་རྣམ་མཁྱེན་དོན་གཅིག །གཉིས་པ་ནི། དབྱེ་ན།སངས་རྒྱས་ཀྱི་སའི་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་ཡོད་དེ། སངས་རྒྱས་ཀྱི་སའི་བྱང་ཕྱོགས་སོ་བདུན་སྡེ་ཚན་དང་པོ་དང་། དེའི་ཚད་མེད་བཞི་སྡེ་ཚན་གཉིས་པ་དང་། དེའི་རྣམ་ཐར་བརྒྱད་སྡེ་ཚན་གསུམ་པ་དང་། དེའི་སྙོམས་འཇུག་དགུ་སྡེ་ཚན་བཞི་པ་དང་། དེའི་ཟད་པར་བཅུ་སྡེ་ཚན་ལྔ་པ་དང་། དེའི་ཟིལ་གནོན་བརྒྱད་སྡེ་ཚན་དྲུག་པ་དང་། དེའི་ཉོན་མོངས་མེད་པའི་ཏིང་ངེ་འཛིན་སྡེ་ཚན་བདུན་པ་དང་། དེའི་སྨོན་གནས་མཁྱེན་པ་སྡེ་ཚན་བརྒྱད་པ་དང་། དེའི་མངོན་ཤེས་དྲུག་སྡེ་ཚན་དགུ་པ་དང་། དེའི་སོ་སོ་ཡང་དག་པར་རིག་པ་བཞི་སྡེ་ཚན་བཅུ་པ་དང་། དེའི་ལུས་སོགས་དག་པ་བཞི་སྡེ་ཚན་བཅུ་གཅིག་པ་དང་། དེའི་དབང་བཅུ་སྡེ་ཚན་བཅུ་གཉིས་པ་དང་། དེའི་སྟོབས་བཅུ་སྡེ་ཚན་བཅུ་གསུམ་པ་དང་། དེའི་མི་འཇིགས་པ་བཞི་སྡེ་ཚན་བཅུ་བཞི་པ་དང་། དེའི་བསྲུང་བ་མེད་པ་གསུམ་སྡེ་ཚན་བཅོ་ལྔ་པ་དང་། དེའི་དྲན་པ་ཉེར་བཞག་གསུམ་སྡེ་ཚན་བཅུ་དྲུག་པ་དང་། དེའི་སེམས་ཅན་གྱི་དོན་ལ་བསྙེལ་བ་མི་མངའ་བའི་ཆོས་ཉིད་སྡེ་ཚན་བཅུ་བདུན་པ་དང་། དེའི་སྒོ་གསུམ་གྱི་བག་ཆགས་ཡང་དག་པར་བཅོམ་པ་སྡེ་ཚན་བཅོ་བརྒྱད་པ་དང་། དེའི་སྐྱེ་བོ་ཀུན་ལ་ཐུགས་རྗེ་ཆེ་བ་སྡེ་ཚན་བཅུ་དགུ་པ་དང་། དེའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་སྡེ་ཚན་ཉི་ཤུ་པ་དང་། དེའི་མཁྱེན་གསུམ་སྡེ་ཚན་ཉེར་གཅིག་པ་ཡིན་པའི་བར་ཡོད་པའི་ཕྱིར། གསུམ་པ་ནི། ས་མཚམས་སངས་རྒྱས་ཀྱི་ས་ཁོ་ནར་ཡོད།

 

གསུམ་པ་ལོངས་སྐུ་སྟོན་པར། མཚན་ནི་སུམ་ཅུ་རྩ་གཉིས་དང་། །ནས། ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་གསུངས། དེ་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། ངེས་པ་ལྔའི་ཆ་ནས་བཞག་པའི་སྐུ་དེ། ལོངས་སྐུའི་མཚན་ཉིད། གཉིས་པ་ནི། སྒྲས་བརྗོད་ཀྱིས་དབྱེ་ན་ལོངས་སྐུ་ཆེ་ཆུང་གཉིས་ཡོད། དང་པོ་དང་འོག་མིན་གྱི་ལོངས་སྐུ་དོན་གཅིག །གཉིས་པ་དང་འོག་མིན་གྱི་སྤྲུལ་སྐུ་དོན་གཅིག །གསུམ་པ་ནི། ས་མཚམས་སངས་རྒྱས་ཀྱི་ས་དང་གནས་འོག་མིན་ཁོ་ནར་ཡོད་པའོ། །

 

བཞི་པ་སྤྲུལ་སྐུ་སྟོན་པར། གང་གིས་སྲིད་པ་ཇི་སྲིད་པར། །ནས། ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་གསུངས། དེ་ལ་མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། ངེས་པ་ལྔ་དང་མི་ལྡན་པའི་ཆ་ནས་བཞག་པའི་གཟུགས་སྐུ་མཐར་ཐུག་དེ། སྤྲུལ་སྐུའི་མཚན་ཉིད། དེ་དང་ལོངས་སྐུས་སྤྲུལ་པའི་སྐུ་གཉིས་དོན་གཅིག །གཉིས་པ་ནི། དབྱེ་ན་བཟོ་བ་སྤྲུལ་སྐུ། སྐྱེ་བ་སྤྲུལ་སྐུ།མཆོག་གི་སྤྲུལ་པའི་སྐུ་དང་གསུམ་ཡོད། སངས་རྒྱས་ཀྱི་འཕྲིན་ལས་སྟོན་པར། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ནས། རྣམ་པ་ཉི་ཤུ་བདུན་དུ་བཞེད། །ཅེས་གསུངས། སངས་རྒྱས་ཀྱི་འཕྲིན་ལས་ལ་མཚན་ཉིད། དབྱེ་བ། ས་མཚམས། འཇུག་ཚུལ། ཡུན་ཚད་ལྔ་ལས། དང་པོ་ནི། རང་རྒྱུ་རྣམ་མཁྱེན་གྱི་བདག་རྐྱེན་ལས་བྱུང་བའི་རྣམ་དཀར་གྱི་ཡོན་ཏན་དེ། སངས་རྒྱས་ཀྱི་འཕྲིན་ལས་ཀྱི་མཚན་ཉིད། གཉིས་པ་ནི། དབྱེ་ན་ཉེར་བདུན་ཡོད་དེ། འགྲོ་རྣམས་ཞི་བའི་ལས་ལ་འགོད་པ་ནས། མྱང་འདས་ལ་འགོད་པའི་འཕྲིན་ལས་ཀྱི་བར་ཉེར་བདུན་ཡོད་པའི་ཕྱིར། གསུམ་པ་ནི། ལམ་མ་ཞུགས་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད། བཞི་པ་ནི། སངས་རྒྱས་ཀྱི་འཕྲིན་ལས་གདུལ་བྱའི་རྒྱུད་ལ་འཇུག་ཚུལ་ལ་མཐའ་ཡས་པ་ཡོད་དེ། རང་རང་གི་སྐལ་བ་དང་འཚམ་པར་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ནམ་མཁའ་ལྟར་རྒྱ་ཆེ་བ། ཆུ་བོ་བཞིན་རྒྱུན་མི་འཆད་པ་དང་། རྒྱ་མཚོའི་རླབས་བཞིད་དུས་ལས་མི་ཡོལ་བ་དང་དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་བཞིན་དུ་འབད་མེད་ལྷུན་གྲུབ་ཏུ་འཇུག་པའི་ཕྱིར། ལྔ་པ་ནི། ཡུན་ཚད་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་མི་ཆད་པ་ཡིན་ཏེ། འཁོར་བ་མ་སྟོང་བར་དུ་གདུལ་བྱའི་རྒྱུད་ལ་རྒྱུན་མི་འཆད་པར་སྣ་ཚོགས་འཇུག་པ་དེའི་ཕྱིར། རྩ་བར། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་འཆད་པར་འདོད། །ཅེས་གསུངས་པའི་ཕྱིར། །

 

སྨྲས་པ། རྒྱལ་ཡུམ་རིན་ཆེན་འབྱུང་གནས་ལེགས་བཤད་ཀྱི། །རླབས་ལྡན་སྦྱོར་བཞིས་ཕྱོགས་བཞིར་རབ་བཀང་བའི། །སྐུ་བཞིའི་བང་རིམ་མཐོ་བའི་ལྷུན་པོའི་རྩེར། །མཁྱེན་གསུམ་དབང་པོ་སུམ་རྩེན་རོལ་འདི་མཚར། །རྒྱུན་དུ་མཉམ་བཞག་འདབ་བརྒྱའི་གདན་བཅས་ཀྱང་། །རང་བཞིན་ཆོས་ལོངས་སྤྲུལ་སྐུའི་ཞལ་བཞི་ལས། །ཆོས་ཀྱི་གསེར་འཁོར་བསྐོར་བའི་བཅུ་གཉིས་སྤྱན། །འགྲོ་ལ་རྩོལ་མཛད་ཚངས་པ་མཆོག་དེས་སྐྱོངས། །ལྷག་བསམ་ས་སྲུང་སྟེང་ན་ཞོ་འཐུང་གི །དགག་སྒྲུབ་རྩེ་བརྒྱས་ལོག་སྒྲུབ་ལྷ་མིན་མངལ། །མ་ལུས་ཅིག་ཆར་ལྟུང་མཛད་སྤྱན་སྟོང་ཅན། །ཤེར་ཕྱིན་ལྷ་དབང་དུས་ཀུན་རྒྱལ་གྱུར་ཅིག །དངོས་བརྒྱད་བདུན་ཅུའི་དོན་ཀུན་ཆེས་གསལ་བའི། །ལེགས་བཤད་མི་ཕམ་བླ་མའི་ཞལ་ལུང་འདི། །ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་ཆེད་བསྐྲུན་པའི། །འགྲོ་བའི་ལམ་བཟང་སྣང་བ་འབར་གྱུར་ཅིག །དེ་སྐད་སྨྲས་པ་མང་ཐོས་འཇམ་དབྱངས་ཞལ། །བཞད་པ་རབ་རྒྱས་འཇིགས་མེད་རྡོ་རྗེ་ཡིས། །དགའ་བ་བརྒྱ་ལྡན་བཤད་སྒྲུབ་དར་རྒྱས་གླིང་། །བཀྲ་ཤིས་ཀུན་ནས་འཁྱིལ་བར་སྦྱར་བ་དགེ །ཨོཾ་སྭ་སྟི། ཐུབ་བསྟན་འཛིན་མར་བསྐལ་བཟང་ཞིང་པའི་ཚོགས། །ཕན་བདེའི་ལོ་ཏོག་ལོངས་སུ་སྤྱོད་པའི་ཕྱིར། །བཀྲ་ཤིས་གཡས་སུ་འཁྱིལ་བའི་ཆོས་གྲྭ་ལས། །ཆོས་སྦྱིན་བདུད་རྩིའི་གྲུ་ཆར་འདི་ཕབ་བོ། །

 

སརྦ་མངྒ་ལཾ།

 

                                   རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 

 དྲ་བའི་སྦྲེལ་ཐགhttp://www.tb1025.cn    

 

བརྒྱུད་འགོད།