དཀའ་འགྲེལ་ལས།དངོས་བསྟན་ལ་མ་སྦྱར་ན་མདོ་དེ་གཉིས་དོན་གཅིག་པའི་ཕྱིར།ཞེས་གསུངས་འདུག་ན།ཕར་ཕྱིན་མཐའ་དཔྱོད་ཀྱི་ལུང་དོན་ལ་ཇི་ལྟར་དཔྱད་པའི་ལན།༥

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-24 12:47:22     རྩོམ་པ་པོ།   བྱ་མདོ་འཇམ་དབྱངས་ཆོས་འབྱོར།    ཀློག་ཐེངས།  

76549972386228242.jpg

             དྲི་གཞི་ཉི་ཤུབ། རྩ་བ་ལས། ཆོས་རྣམས་ལ་ངོ་བོ་དང་ཁྱད་པར་དུ་བཏགས་ པའི་ཀུན་བཏགས་ནི་ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཡིན་པས་དེ་གཉིས་ལ་མ་ཕྱེ་བར་རང་གི་མཚན་ཉིད་ཀྱིས་གྲུབ་པར་གསུངས་པ་ཡང་དྲང་དོན་ནོ། ། ཞེས་ཕྱི་དོན་ཡོད་པར་སྟོན་པའི་འཁོར་ལོ་དང་བོ་དྲང་དོན་ཡིན་པར་མ་ཟད་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པརསྟོན་པའི་འཁོར་ལོ་དང་བོ་ཡང་དྲང་དོན་ཡིན་ཞེས་པའི་གསུང་ཟིན་ལྟར་ན། མདོ་དེ་གཉིས་སོ་སོར་ཡོད་པ་འདྲ་ཞིག་འདུག་མོད། དཀའ་འགྲེལ་ལས།དངོས་བསྟན་ལ་མ་སྦྱར་ན་མདོ་དེ་གཉིས་དོན་གཅིག་པའི་ཕྱིར།ཞེས་གསུངས་འདུག་ན།ཕར་ཕྱིན་མཐའ་དཔྱོད་ཀྱི་ལུང་དོན་ལ་ཇི་ལྟར་དཔྱད་དགོས།།

                                                                                                                                                  བྱ་མདོ་འཇམ་དབྱངས་ཆོས་འབྱོར། ཀླུ་ཚང་དགོན།

            སྐབས་འདིར་མདོ་གཅིག་ཡིན་ཡང་དྲང་དོན་དུ་འགྲེལ་བའི་སྒོ་ གཉིས་ཡོད་པར་གསུངས་པ་བཞིན་སྤྱིར་དེ་གཉིས་དོན་གཅིག་ཡིན་ཡང་དངོས་བསྟན་ལ་སྦྱར་ན་དེ་གཉིས་འགལ་བ་ཡིན་གསུངས། དེས་ན་དགོངས་འགྲེལ་ལས་བཤད་པའི་འཁོར་ལོ་དང་བོ་ལ་བརྩམས་གཞི་བདུན་ཡོད་པའི་སྐྱེ་མཆེད་ལ་བརྩམས་པའི་མདོའི་བཤད་བྱའི་མདོ་མིག་དང་གཟུགས་ལ་བརྟེན་ནས་ མིག་གི་རྣམ་པར་ཤེས་པ་སྐྱེའོ། ། ཞེས་པའི་མདོ་ལྟ་བུ་ཕྱི་དོན་ཡོད་པར་དངོས་སུ་སྟོན་པའི་མདོ་ཡིན་པར་དཀའ་འགྲེལ་ཡང་སྙིང་ལས་གསུངས་པའི་ཕྱིར་ ན་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་དངོས་སུ་མ་བསྟན་པར་འདོད་དགོས་པས། དེ་ལྟར་ན་དགོངས་འགྲེལ་ལས་བཤད་པའི་འཁོར་ལོ་དང་པོའི་མཚན་ཉིད་དང་འགལ་བས་དགོངས་འགྲེལ་ལས་བཤད་པའི་འཁོར་ལོ་དང་བོ་མ་ཡིན་པར་ཐལ་བ་དང་། བརྩམས་གཞིར་བདུན་བྱས་པའི་སྐྱེ་མཆེད་ལ་བརྩམས་པའི་མདོ་མེད་པར་འགྱུར་བའི་ཕྱིར།

           འདོད་ན། མི་འཐད་པར་ཐལ། དེ་ལྟ་བུའི་མདོ་དགོངས་འགྲེལ་ནས་བཤད་པའི་འཁོར་ལོ་དང་བོ་ཡིན་པ་ལེགས་བཤད་སྙིང་བོ་རང་ལས་གསུངས་པའི་ཕྱིར་ཏེ། དེ་ཉིད་ལས། འཁོར་ལོ་དང་བོ་ལས་ཕྱི་རོལ་གྱི་དབང་དུ་བྱས་པའི་གཟུང་འཛིན་གཉིས་གསུངས་པ་དྲང་དོན་དུ་འགྲེལ་བའི་དགོངས་གཞི་ནི། ཞེས་དགོངས་འགྲེལ་ལས་བཤད་པའི་འཁོར་ལོ་དང་བོ་ལ་ཕྱི་དོན་ཡོད་པར་དངོས་སུ་སྟོན་པའི་འཁོར་ལོ་དང་བོ་ཞིག་ཡོད་པར་གསུངས་པའི་མདོ་ལ་སྔར་གྱི་མདོ་ལྟ་བུ་འཇོག་པ་སྔར་དཀའ་འགྲེལ་ཡང་སྙིང་གིས་སྒྲུབ་ཟིན་པའི་ཕྱིར། འདོད་ན། དྲིས་ཞུས་ལྟར་དོགས་པ་ཡོད་པའི་འཁོར་ལོ་དང་བོ་ཡིན་པའི་ཕྱིར་ཏེ། དགོངས་འགྲེལ་ལས་བཤད་པའི་འཁོར་ལོ་དང་པོ་ཡིན་པའི་ཕྱིར། འདོད་ན། འཁོར་ལོ་བར་བ་དང་དེ་གཉིས་སྒྲས་ཟིན་འགལ་སྙམ་པའི་དོགས་པ་ཡོད་པར་ཐལ། དྲིས་ཞུས་ལྟར་དོགས་པ་ཡོད་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། དེའི་སྒྲས་ཟིན་ལ་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་བསྟན་པར་ཐལ། འདོད་པའི་ཕྱིར།

           འདོད་ན་དམ་བཅའ་དང་འགལ་བའི་ཕྱིར་ཕྱི་དོན་ཡོད་པར་དངོས་སུ་བསྟན་པའི་མདོ་ལྟ་བུ་དགོངས་འགྲེལ་ལས་བཤད་པའི་འཁོར་ལོ་དང་བོ་ཡིན་ཀྱང་། དགོངས་འགྲེལ་དངོས་བསྟན་གྱི་ འཁོར་ལོ་དང་པོ་མ་ཡིན་ཏེ། དགོངས་འགྲེལ་དངོས་བསྟན་གྱི་འཁོར་ལོ་དང་པོ་ལ་དྲིས་ཞུས་ལྟར་དོགས་པ་ཡོད་པ་དགོས་པ་དང་། ཕར་ཕྱིན་དུ་མཚན་ཉིད་བཞག་པའང་དེའི་དབང་དུ་བྱས་པ་ཡིན་པས་སྐྱོན་མེད་ཅེ་ན་ཕར་ཕྱིན་མཐའ་དཔྱོད་དང་མཐུན་སྙམ་ཡང་ཡིག་ཆའི་དགོངས་པར་འགྲོ་མིན་བརྟག་པར་བྱའོ། །
 

           ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                 རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།