དཀའ་འགྲེལ་ལས།དངོས་བསྟན་ལ་མ་སྦྱར་ན་མདོ་དེ་གཉིས་དོན་གཅིག་པའི་ཕྱིར།ཞེས་གསུངས་འདུག་ན།ཕར་ཕྱིན་མཐའ་དཔྱོད་ཀྱི་ལུང་དོན་ལ་ཇི་ལྟར་དཔྱད་པའི་ལན།༤

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-24 12:41:35     རྩོམ་པ་པོ།   གུང་བྱམས་པ་ཆོས་ལྡན།     ཀློག་ཐེངས།  

76549972386228242.jpg

            དྲི་གཞི་ཉི་ཤུབ། རྩ་བ་ལས། ཆོས་རྣམས་ལ་ངོ་བོ་དང་ཁྱད་པར་དུ་བཏགས་ པའི་ཀུན་བཏགས་ནི་ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཡིན་པས་དེ་གཉིས་ལ་མ་ཕྱེ་བར་རང་གི་མཚན་ཉིད་ཀྱིས་གྲུབ་པར་གསུངས་པ་ཡང་དྲང་དོན་ནོ། ། ཞེས་ཕྱི་དོན་ཡོད་པར་སྟོན་པའི་འཁོར་ལོ་དང་བོ་དྲང་དོན་ཡིན་པར་མ་ཟད་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པརསྟོན་པའི་འཁོར་ལོ་དང་བོ་ཡང་དྲང་དོན་ཡིན་ཞེས་པའི་གསུང་ཟིན་ལྟར་ན། མདོ་དེ་གཉིས་སོ་སོར་ཡོད་པ་འདྲ་ཞིག་འདུག་མོད། དཀའ་འགྲེལ་ལས།དངོས་བསྟན་ལ་མ་སྦྱར་ན་མདོ་དེ་གཉིས་དོན་གཅིག་པའི་ཕྱིར།ཞེས་གསུངས་འདུག་ན།ཕར་ཕྱིན་མཐའ་དཔྱོད་ཀྱི་ལུང་དོན་ལ་ཇི་ལྟར་དཔྱད་དགོས།།

                                                                                                                                            གུང་བྱམས་པ་ཆོས་ལྡན། འབྲས་སྤུངས་སྒོ་མང་།

            རྩ་བ་ལས། ཆོས་རྣམས་ལ་ངོ་བོ་དང་ཁྱད་པར་དུ་བཏགས་པའི་ཀུན་བཏགས་ནི་ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཡིན་པས་དེ་གཉིས་ལ་མ་ཕྱེ་བར་རང་གི་མཚན་ཉིད་ཀྱིས་གྲུབ་པར་གསུངས་པ་ཡང་དྲང་དོན་ནོ། ། ཞེས་ཕྱི་དོན་ཡོད་པར་སྟོན་པའི་འཁོར་ལོ་དང་བོ་དྲང་དོན་ཡིན་པར་མ་ཟད་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྟོན་པའི་འཁོར་ལོ་དང་བོ་ཡང་དྲང་དོན་ཡིན་ཞེས་པའི་གསུངས་ཟིན་ལྟར་ན་མདོ་དེ་གཉིས་སོ་སོར་ཡོད་པ་ལྟ་བུར་སྣང་མོད་ཀྱང་། དེ་གཉིས་སོ་སོ་ནས་ཡོད་པ་མ་ཡིན་ཏེ། དཀའ་འགྲེལ་ལས། ཁ་ཅིག ཕྱི་དོན་ཡོད་པར་སྟོན་པའི་འཁོར་ལོ་དང་བོ་དང་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྟོན་པའི་འཁོར་ལོ་དང་བོ་གཉིས་མདོ་སོ་སོ་བ་ཡིན་ཟེར་ན། མི་འཐད་པར་ཐལ། གཉིས་ཀ་དངོས་བསྟན་ལ་མ་སྦྱར་ན་མདོ་དེ་གཉིས་དོན་གཅིག་པའི་ཕྱིར་ཞེས་གསུངས་པའི་ཕྱིར། མཐའ་དཔྱོད་ཀྱི་ལུང་དོན་ནི། ཕྱི་དོན་ཡོད་པར་དངོས་སུ་སྟོན་པའི་འཁོར་ལོ་དང་བོ་དྲང་དོན་ཡིན་པར་མ་ཟད། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་དངོས་སུ་སྟོན་པའི་འཁོར་ལོ་དང་བོ་དྲང་དོན་ཡིན་ཞེས་པའི་དོན་དུ་འགྲེལ་དགོས་ པར་སྣང་མོད་ད་དུང་དེའི་ཐད་དོགས་པའི་གནས་འགའ་ཞིག་འདུག་ཀྱང་ཡིག་ཚོགས་མང་བས་འཇིགས་ནས་མ་བྲིས་སོ། །
 

སྐྱབས་མཆོག་བླ་མའི་དགོངས་རྫོགས་མ་ནོར་བར། །
དོན་ལྡན་ངག་རིག་ འདོད་པ་འཇོ་བའི་ནོར། །
ཡིད་ཀྱི་བང་མཛོད་ཕྱུར་པོར་གཏམས་པའི་གཞུང་། །
བློ་གསལ་རིགས་པའི་བློ་སྒོ་འདི་ན་ཕྱེས། །
དོན་མེད་ཚེ་འདིའི་བྱ་བས་མི་གཡེངས་པར། །
དོན་ལྡན་ཐོས་བསམ་ནོར་མཆོག་བསྒྲུབ་པའི་འབྲས། །
དོན་གྱི་ལྕི་བས་ལེགས་བཤད་འདི་བསྐྲུན་པས། །
དོན་ལྡན་བླ་མ་དགྱེས་པའི་རྒྱུར་གྱུར་ཅིག །
མགོན་པོ་གང་གི་བཀའ་དྲིན་གསོ་བའི་ཐབས། །
ལྟོ་སྐྱ་གོས་ཧྲུལ་ཐོས་བསམ་རྣལ་མ་ཞིག །
ཇི་བཞིན་རྒྱུད་ལ་འབྱོར་བའི་སྐལ་བཟང་དེར། །
དལ་བའི་རྟེན་འདི་སྐལ་བ་སྦོམ་པོར་གྱུར། །
 

             ཅེས་ཡོངས་ཀྱི་དགེ་བའི་བཤེས་གཉེན་རྒན་དམ་པ་དེ་ཉིད་ཀྱི་བཀའ་དྲིན་གྱི་ཆ་ཤས་ཕྲ་མོ་ཙམ་ཞིག་གསབ་ཆེད་བཤེས་གཉེན་ཆེན་མོ་དེ་ཉིད་ཀྱི་སློབ་མའི་གྲལ་མཐར་ཚུད་པ་སྙོམ་ལས་པ་བར་ཁམས་ཚ་བ་དཔའ་ཤོད་བྱམས་པ་ཆོས་ལྡན་ནས། བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་གྲྭ་རྙིང་བའི་ཉེ་འགྲམ་རང་ཤག་ཏུ་སུག་བྲིས་སུ་བགྱིས་པའོ། །
 

           ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                 རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།