དཀའ་འགྲེལ་ལས།དངོས་བསྟན་ལ་མ་སྦྱར་ན་མདོ་དེ་གཉིས་དོན་གཅིག་པའི་ཕྱིར།ཞེས་གསུངས་འདུག་ན།ཕར་ཕྱིན་མཐའ་དཔྱོད་ཀྱི་ལུང་དོན་ལ་ཇི་ལྟར་དཔྱད་པའི་ལན།༣

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-24 12:25:48     རྩོམ་པ་པོ།   གསེར་རྟ་ཚུལ་ཁྲིམས་བསྟན་འཛིན།    ཀློག་ཐེངས།  


76549972386228242.jpg

           དྲི་གཞི་ཉི་ཤུབ། རྩ་བ་ལས། ཆོས་རྣམས་ལ་ངོ་བོ་དང་ཁྱད་པར་དུ་བཏགས་ པའི་ཀུན་བཏགས་ནི་ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཡིན་པས་དེ་གཉིས་ལ་མ་ཕྱེ་བར་རང་གི་མཚན་ཉིད་ཀྱིས་གྲུབ་པར་གསུངས་པ་ཡང་དྲང་དོན་ནོ། ། ཞེས་ཕྱི་དོན་ཡོད་པར་སྟོན་པའི་འཁོར་ལོ་དང་བོ་དྲང་དོན་ཡིན་པར་མ་ཟད་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པརསྟོན་པའི་འཁོར་ལོ་དང་བོ་ཡང་དྲང་དོན་ཡིན་ཞེས་པའི་གསུང་ཟིན་ལྟར་ན། མདོ་དེ་གཉིས་སོ་སོར་ཡོད་པ་འདྲ་ཞིག་འདུག་མོད། དཀའ་འགྲེལ་ལས།དངོས་བསྟན་ལ་མ་སྦྱར་ན་མདོ་དེ་གཉིས་དོན་གཅིག་པའི་ཕྱིར།ཞེས་གསུངས་འདུག་ན།ཕར་ཕྱིན་མཐའ་དཔྱོད་ཀྱི་ལུང་དོན་ལ་ཇི་ལྟར་དཔྱད་དགོས།།


                                                                                                          གསེར་རྟ་ཚུལ་ཁྲིམས་བསྟན་འཛིན། འབྲས་སྤུངས་སྒོ་མང་།

           རྩ་བ་ལས། ཆོས་རྣམས་ལ་ངོ་བོ་དང་ཁྱད་པར་དུ་བཏགས་པའི་ ཀུན་བཏགས། ཞེས་པ་ནས། ཕར་ཕྱིན་མཐའ་དཔྱོད་ཀྱི་ལུང་དོན་ལ་ཇི་ལྟར་དཔྱད་དགོས་ཞེས་པའི་ལན་ནི། རྩ་བ་ལས། དེ་གཉིས་ལ་མ་ཕྱེ་བར་རང་གི་མཚན་ཉིད་ཀྱིས་གྲུབ་པར་གསུངས་པ་ཡང་དྲང་དོན་ནོ། ། ཞེས་ཡང་སྒྲས་ བསྟན་པའི་ཕྱི་དོན་ཡོད་པར་སྟོན་པའི་འཁོར་ལོ་དང་བོ་དང་། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྟོན་པའི་འཁོར་ལོ་དང་བོ་གཉིས་མདོ་གཅིག་གམ་ཐ་དད། དང་བོ་ལྟར་ན། ལེགས་བཤད་སྙིང་བོ་ལས། དངོས་པོའི་དེ་ཁོ་ན་ཉིད་སློབ་དཔོན་སྐུ་མཆེད་ཀྱིས་བཀྲལ་བའི་ཚུལ་དེ་ལྟར་བྱས་ན། འཁོར་ལོ་དང་བོ་ལས་ཕྱི་རོལ་གྱི་དབང་དུ་བྱས་པའི་གཟུང་འཛིན་གཉིས་གསུངས་པ་དྲང་དོན་དུ་འགྲེལ་བའི་དགོངས་གཞི་ནི། ཞེས་དང་། ཡང་དེ་ཉིད་ལས། ཆོས་རྣམས་ལ་ངོ་བོ་ཉིད་དང་ཁྱད་པར་དུ་ བཏགས་པའི་ཀུན་བཏགས་ནི་ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཡིན་པས་དེ་གཉིས་ལ་མ་ཕྱེ་བར་རང་གི་མཚན་ཉིད་ཀྱིས་གྲུབ་པར་གསུངས་པ་ཡང་དྲང་དོན་ནོ། ། ཞེས་དང་།

             ཕར་ཕྱིན་མཐའ་དཔྱོད་ལས། དྲང་ངེས་ཇི་ལྟར་འབྱེད་ཀྱི་སྐབས་སུ་དང་བོར་ཕྱི་དོན་སྟོན་པའི་འཁོར་ལོ་དང་བོ་དྲང་དོན་དང་། དེའི་རྗེས་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྟོན་པའི་འཁོར་ལོ་དང་བོ་དྲང་དོན་དུ་བཤད་པའི་ཕྱིར། ཞེས་དང་། གཞན་ཡང་། དེ་ཉིད་ལས། ཕྱི་དོན་ཡོད་པར་སྟོན་པའི་འཁོར་ལོ་དང་བོ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། རྣམ་འགྲེལ་ལས། དེས་དེ་ཉིད་ དོན་བཏང་སྙོམས་ཅན། ། གླང་ཆེན་གཟིགས་སྟངས་ཉིད་མཛད་ནས། ། འཇིག་རྟེན་ཐུགས་ནི་འབའ་ཞིག་གིས། ། ཕྱི་རོལ་སྤྱོད་ལ་འཇུག་པར་མཛད།། ཅེས་གསུངས་པའི་ཕྱིར། འདོད་ན། དྲི་ཞུས་ཀྱི་འཁོར་ལོ་དང་བོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། གཟུགས་ནས་བྱང་ཕྱོགས་སོ་བདུན་ བར་གང་རུང་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་ སྟོན་པའི་མདོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཕྱི་དོན་ཡོད་པར་སྟོན་པའི་མདོ་ཡིན་པའི་ཕྱིར། ཁྱབ་སྟེ། ཞེས་སོགས་ཀྱི་ལུང་འདི་དག་གིས་མདོ་དེ་གཉིས་སོ་སོ་བ་ལྟ་བུར་གསུངས་ལ། གཉིས་པ་ལྟར་ན། དྲང་ངེས་དཀའ་འགྲེལ་ལས། ཁ་ཅིག་ཕྱི་དོན་ཡོད་པར་སྟོན་པའི་འཁོར་ལོ་དང་བོ་དང་། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྟོན་པའི་འཁོར་ལོ་དང་བོ་གཉིས་མདོ་སོ་སོ་བ་ཡིན་ཟེར་ན། མི་འཐད་པར་ཐལ། གཉིས་ཀ་དངོས་བསྟན་ལ་མ་སྦྱར་ན་མདོ་དེ་གཉིས་དོན་གཅིག་པའི་ཕྱིར། ཞེས་དང་། ཡང་དེ་ཉིད་ལས། དེས་ན་མདོ་གཅིག་ཡིན་ཀྱང་དྲང་ དོན་དུ་འགྲེལ་བའི་སྒོ་གཉིས་སོ་སོར་ཡོད་པ་ཡིག་ཆའི་དགོངས་པ་ཡིན་ནོ། །

               ཞེས་གསུངས་པ་རྣམས་ཇི་ལྟར་དྲངས་ཤེ་ན། ལེགས་བཤད་སྙིང་བོའི་ལུང་ སྔ་མའི་དོན་ནི། ཕྱི་དོན་ཡོད་པར་སྟོན་པའི་མདོ་དང་། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྟོན་པའི་མདོ་གཉིས་སོ་སོ་བ་ཡིན་པའི་དོན་མིན་པར། དགོངས་འགྲེལ་འདིར་བསྟན་པའི་ཕྱི་དོན་ཡོད་པར་སྟོན་པའི་འཁོར་ལོ་དང་བོ་དེ་དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་གསུམ་ཚང་བའི་སྒོ་ནས་དྲང་དོན་དུ་བསྟན་པ་ཡིན་ཏེ། ལེགས་བཤད་སྙིང་བོ་ལས། འཁོར་ལོ་དང་བོ་ལས་ཕྱི་རོལ་གྱི་དབང་དུ་བྱས་པའི་གཟུང་ འཛིན་གཉིས་གསུངས་པ་དྲང་དོན་དུ་འགྲེལ་བའི་དགོངས་གཞི་ནི། ཉི་ཤུ་ བ་ལས། རང་གི་ས་བོན་གང་ལས་སུ། ། རྣམ་རིག་སྣང་ལ་གང་འབྱུང་བ། ། དེ་དང་དེ་ཡི་སྐྱེ་མཆེད་ནི། ། རྣམ་པ་གཉིས་སུ་ཐུབ་པས་གསུངས། ། ཞེས་ གསུངས་པ་དང་། དགོས་པ་ཡང་དེ་ཉིད་ལས། གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། ། དེས་འདུལ་བ་ཡི་སྐྱེ་བོ་ལ། ། དགོངས་པའི་དབང་གིས་གསུངས་པ་སྟེ། ། བརྫུས་ཏེ་འབྱུང་བའི་སེམས་ཅན་བཞིན། ། ཞེས་གསུངས་པ་ལྟར་ཡིན་ཏེ། ཕྱི་ནང་གི་སྐྱེ་མཆེད་ལས་གཟུགས་ལ་ལྟ་བ་སོགས་ཀྱི་རྣམ་ཤེས་འབྱུང་བར་བསྟན་པ་ན་དེ་དག་ལས་མ་གཏོགས་པའི་ལྟ་བ་བོ་ལ་སོགས་པ་མེད་པར་རྟོགས་པའི་དོན་དུའོ། ། སྒྲ་ཇི་བཞིན་ལ་གནོད་བྱེད་ནི་ཕྱི་རོལ་འགོག་པའི་རིགས་པ་རྣམས་སོ། ། ཞེས་གསུངས་པ་དང་། གྲུབ་མཐའ་རྩ་བ་ལས། དང་བོ་དྲང་དོན་ལུང་དང་ཕྱི་རོལ་དོན། ། མེད་ཕྱིར་དོན་སྣང་ལ་དགོངས་དེ་གཞུག་ཆེད། ། ཞེས་དང་། དེའི་འགྲེལ་བར་ཡང་། དགོངས་གཞི་དང་ དགོས་པ་དང་དངོས་ལ་གནོད་བྱེད་དང་དགོངས་པ་བཞིས་འཁོར་ལོ་དང་བོ་དྲང་དོན་དུ་བཤད་དེ། ཞེས་སོགས་དང་། རྣམ་འགྲེལ་ལེའུ་གསུམ་པ་ལས། མ་རིག་གིས་བསླད་བདག་ཉིད་ལ། ། ཇི་ལྟའི་རང་རྐྱེན་ལ་ལྟོས་ནས། ། རྣམ་རིག་དེ་བཞིན་མིན་རྣམ་པ། ། སྐྱེ་འགྱུར་རབ་རིབ་ལ་སོགས་བཞིན། ། ཞེས་དང་། ཕ་རོལ་མཐོང་མིན་ཐམས་ཅད་ཀྱིས། ། དེ་ཉིད་དེ་ནི་རིག་མ་ཡིན།། གཟུང་དང་འཛིན་པས་བསླད་པ་དག ། མེད་ན་དེ་ནི་མེད་ཕྱིར་རོ། ། ཞེས་དང་།

               དེས་དེ་ཉིད་དོན་བཏང་སྙོམས་ཅན། ། གླང་ཆེན་གཟིགས་སྟངས་ཉིད་མཛད་ནས། ། འཇིག་རྟེན་ཐུགས་ནི་འབའ་ཞིག་གིས། ། ཕྱི་རོལ་སྤྱོད་ལ་འཇུག་པར་མཛད། །ཅེས་སོགས་ཀྱི་ཤོ་ལོ་ཀ་རྣམས་རིམ་བཞིན་ཕྱི་རོལ་ དོན་སྣང་སྐྱེ་བ་རྒྱུ་མེད་དུ་ཐལ་བ་དང་། ཐ་མལ་བས་ཀྱང་དོན་དམ་བདེན་ པ་མངོན་སུམ་དུ་རྟོགས་པར་ཐལ་བ། ཐུབ་པས་ཕྱི་དོན་གསུངས་མི་རིགས་པར་ཐལ་བ་སོགས་ཀྱི་རྩོད་ལན་དུ་མཛད་ཚུལ་དང་། ཕར་ཕྱིན་མཆན་དུའང་། རྣམ་འགྲེལ་གྱི་ལུང་སྔ་ཕྱི་འདི་དག་གིས་ཕྱི་དོན་སྟོན་པའི་འཁོར་ལོ་དང་བོ་ དྲང་དོན་དུ་བསྟན་ཚུལ་གསུངས་པ་སོགས་ཀྱིས་ཤེས་སོ། ། ལེགས་བཤད་ སྙིང་བོའི་ལུང་ཕྱི་མའི་དོན་ཡང་། དགོངས་འགྲེལ་དྲི་ཞུས་གྱི་ལེའུ་ལས། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་ཕུང་བོ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་བསྩལ། ཅེས་སོགས་ཀྱི་བཀའ་བསྩལ་དངོས་བསྟན་གྱི་མདོ་རྣམས་དྲང་དོན་དུ་བསྟན་པ་ལས་ཕྱི་དོན་ཡོད་པར་སྟོན་པའི་འཁོར་ལོ་དང་། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྟོན་པའི་མདོ་ གཉིས་སོ་སོ་བ་ཡིན་པའི་སྒྲུབ་བྱེད་དུ་མི་འགྲོ། ཡིག་ཆ་ལས། དང་བོར་ཕྱི་ དོན་སྟོན་པའི་འཁོར་ལོ་དང་བོ་དྲང་དོན་དང་། དེ་རྗེས་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྟོན་པའི་འཁོར་ལོ་དང་བོ་དྲང་དོན་དུ་བཤད་པའི་ཕྱིར་ཞེས་གསུངས་པ་ཡང་ཕྱི་དོན་བསྟན་པའི་སྒོ་ནས་དྲང་དོན་དུ་འགྲེལ་ཚུལ་གཅིག་དང་། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་བསྟན་པའི་སྒོ་ནས་དྲང་དོན་དུ་འགྲེལ་ཚུལ་གཉིས་སོ་སོ་ནས་ཡོད་པར་གསུངས་པ་ལས་མདོ་གཉིས་སོ་སོ་བར་གསུངས་པའི་དོན་མེད་དོ། །

                ཡིག་ཆ་ལས། གཞན་ཡང་། ཕྱི་དོན་ཡོད་པར་སྟོན་པའི་འཁོར་ལོ་དང་བོ་ཆོས་ཅན། ཞེས་སོགས་ཀྱི་དོན་ཡང་། སྐྱེ་མཆེད་རྣམས་ཀྱི་རང་གི་ མཚན་ཉིད་ཀྱང་བཀའ་བསྩལ་ཅེས་བཤད་བྱའི་མདོ་ལས། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ། ། ཞེས་པའམ། ཡང་ན་མདོ་ལས། དགེ་སློང་དག་ཇི་ལྟར་སྣང་བ་བཞིན་རྟོགས་པར་གྱིས་ཤིག སྣང་བ་ལ་ལྡོག་སྟེ་མ་འཛིན་ཅིག ཅེས་པ་ལྟ་བུས་ཕྱི་དོན་དངོས་སུ་སྟོན་པའི་མདོ་གང་རུང་ཞིག་རྩོད་པའི་གཞིར་བཟུང་སྟེ། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་དངོས་སུ་སྟོན་པའི་མདོ་མ་ཡིན་པར་ཐལ། ཕྱི་དོན་ཡོད་པར་དངོས་སུ་སྟོན་པའི་མདོ་ཡིན་པའི་ཕྱིར། ཞེས་རྟགས་གསལ་གཉིས་ཀ་ལ་དངོས་བསྟན་སྦྱར་ན་ཡིག་ཆའི་དགོངས་པར་འགྲོའམ་སྙམ་སྟེ། དེ་ལས་གཞན་དུ་ཡིག་ཆའི་ཚིག་ཟིན་གཞིར་བཞག་བྱས་ཚེ། དཀའ་འགྲེལ་ལེགས་ བཤད་སྙིང་བོའི་ཡང་སྙིང་ལས། ཁ་ཅིག་ཕྱི་དོན་ཡོད་པར་སྟོན་པའི་འཁོར་ལོ་དང་བོ་དང་། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་ པར་སྟོན་པའི་འཁོར་ལོ་དང་བོ་གཉིས་མདོ་སོ་སོ་བ་ཡིན་ཟེར་ན། མི་འཐད་པར་ཐལ། གཉིས་ཀ་དངོས་བསྟན་ལ་མ་སྦྱར་ན། མདོ་དེ་གཉིས་དོན་གཅིག་པའི་ཕྱིར། ཞེས་དང་། གཞན་ཡང་། དེས་ན་མདོ་གཅིག་ཡིན་ཀྱང་དྲང་ དོན་དུ་འགྲེལ་བའི་སྒོ་གཉིས་སོ་སོར་ཡོད་པ་ཡིག་ཆའི་དགོངས་པ་ཡིན་ནོ། ། ཞེས་གསུངས་པ་དང་དངོས་སུ་འགལ་བར་འགྱུར་ལ། འདིའི་བར་སྐབས་ ཚིག་བཅད་དུའང་། ཟབ་བརླིང་དགོངས་པ་སྣ་ཚོགས་རྒྱལ་བའི་བཀའ། ། གྱ་ཚོམ་མི་འབྱེད་དགོངས་པའི་ཕུགས་བཙལ་ཏེ། ། ཕྲ་ཞིབ་རིགས་པའི་དཔྱད་པ་ལྷུར་ལེན་པ། ། རྒྱལ་སྲས་དོན་དམ་ཡང་དག་འཕགས་བཞིན་བརྗོད། ། ཅེས་དགོངས་པ་ཟབ་ཅིང་གཏིང་བརླིང་ལ་དགོས་པ་སྣ་ཚོགས་ཀྱི་དབང་གིས་གསུངས་པའི་རྒྱལ་བའི་བཀའ་ལ་སྤྱིར་དྲང་ངེས་ཕྱེ་ཚུལ་དང་། སྐབས་འདིའི་མདོ་གཉིས་ཀྱི་ངོས་འཛིན་དང་། མདོ་སྡེ་ལ་འགལ་སྤོང་གི་དྲི་བ་ཞུས་ཚུལ་ རྣམས་གྱ་ཚོམ་མམ་བབ་ཅོལ་ཙམ་གྱིས་མི་འབྱེད་པར་དགོངས་པའི་ཕུགས་ བཙལ་ཏེ་ཕྲ་ཞིབ་ཀྱི་རིགས་པའི་སྒོ་ནས་དཔྱད་པ་ལྷུར་ལེན་པ་བོ་རྒྱལ་སྲས་ སམ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཇི་ལྟ་བ་བཞིན་དུ་བརྗོད་པ་ཡིན་ནོ་ཞེས་ཞལ་གྱིས་བཞེས་པ་ཡང་དོན་ལ་མི་གནས་པར་སྨྲ་དགོས་པར་འགྱུར་རོ། ། འོ་ན་ཕྱི་དོན་ཡོད་པར་དངོས་སུ་སྟོན་པའི་འཁོར་ལོ་དང་བོ་ཆོས་ཅན། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྟོན་པའི་མདོ་ཡིན་པར་ཐལ། འདིར་བསྟན་འཁོར་ལོ་དང་བོ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དགོངས་འགྲེལ་ལས་བཤད་པའི་འཁོར་ལོ་དང་བོ་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། ཁྱབ་པར་ཐལ། དགོངས་འགྲེལ་ལས་བཤད་པའི་འཁོར་ལོ་དང་བོ་དང་འདིར་བསྟན་འཁོར་ལོ་དང་ བོ་དོན་གཅིག་ཡིན་པའི་ཕྱིར་ཟེར་ན་རྟགས་མ་གྲུབ་བོ། །

            གོང་གི་རྟགས་དང་ཁྱབ་པ་གཉིས་ཀ་གྲུབ་སྟེ། དཀའ་འགྲེལ་ལས། མ་གྲུབ་ན། ཕྱི་དོན་ཡོད་པར་དངོས་སུ་སྟོན་པའི་འཁོར་ལོ་དང་བོ་ཆོས་ཅན། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྟོན་པའི་མདོ་ཡིན་པར་ཐལ། འདིར་བསྟན་འཁོར་ལོ་དང་བོ་ཡིན་པའི་ཕྱིར། འདི་ཉིད་ལས། འཁོར་ལོ་དང་བོ་ལས་ཕྱི་རོལ་གྱི་དབང་དུ་བྱས་པའི་གཟུང་འཛིན་གཉིས་གསུངས་ཞེས་འདིར་བསྟན་འཁོར་ལོ་དང་བོར་བསྟན་པའི་ཕྱིར། རང་གི་མཚན་ཉིད་ཀྱིས་གྲུབ་ པར་གསུངས་པ་ཡང་དྲང་དོན་ནོ། ། ཞེས་ཡང་སྒྲས་ཕྱི་དོན་བསྟན་པ་དྲང་ དོན་དུ་འགྲེལ་བར་མ་ཟད། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་ གྱིས་གྲུབ་པར་བསྟན་པའང་དྲང་དོན་དུ་འགྲེལ་ཞེས་པ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། སྐབས་འདིར་བརྟག་པར་བྱ་བ་འདི་ཡོད་དེ། དགོངས་འགྲེལ་ལས་བཤད་པའི་འཁོར་ལོ་དང་བོ་དང་། འདིར་བསྟན་འཁོར་ལོ་དང་བོ་གཉིས་མི་འདྲ་བའི་ཁྱད་པར་ཡོད་མེད་ཇི་ལྟར་ཡིན་ཞེ་ན། ཁ་ཅིག་ན་རེ། དེ་གཉིས་ལ་མི་འདྲ་བའི་ཁྱད་པར་མེད་པར་ཐལ། དེ་གཉིས་དོན་གཅིག་ཡིན་པའི་ཕྱིར་ཟེར་ན་རྟགས་མ་གྲུབ་སྟེ། ཕྱི་དོན་ཡོད་པར་དངོས་སུ་སྟོན་པའི་ འཁོར་ལོ་དང་བོ་ཡང་དགོངས་འགྲེལ་གྱི་སྐབས་འདིར་དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་ཚང་བའི་སྒོ་ནས་དྲང་དོན་དུ་འགྲེལ་རྒྱུའི་འཁོར་ལོ་དང་བོ་ཡིན་པས་འདིར་བསྟན་འཁོར་ལོ་དང་བོར་བཞག་ཆོག་པ་གང་ཞིག དགོངས་འགྲེལ་ལས་བཤད་པའི་འཁོར་ལོ་དང་བོ་ལ་རང་འཛིན་རྟོག་པའི་ ཞེན་གཞིར་རང་མཚན་གྱིས་གྲུབ་པར་དངོས་སུ་སྟོན་པའི་མདོ་ཞིག་དགོས་ པའི་ཕྱིར། རྟགས་ཕྱི་མ་དེར་ཐལ། དགོངས་འགྲེལ་ལས་བཤད་པའི་འཁོར་ལོ་དང་བོའི་མཚན་ཉིད་ཀྱིས་ཤེས་པའི་ཕྱིར་ཏེ།

              ཕར་ཕྱིན་མཐའ་དཔྱོད་ལས། རང་གི་ཆེད་དུ་བྱ་བའི་གདུལ་བྱ་ཉན་ཐོས་སྡེ་བའི་རིགས་ཅན་ལ་གཟུགས་ནས་འཕགས་ལམ་ཡན་ལག་བར་གང་རུང་ལ་བརྩམས་ཤིང་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་དེ་གནས་ཚོད་ཀྱིས་གྲུབ་པར་གཙོ་བོར་དངོས་སུ་སྟོན་པའི་མདོ། དགོངས་འགྲེལ་ལས་བཤད་པའི་འཁོར་ལོ་དང་ བོའི་མཚན་ཉིད། དྲི་ཞུས་ཀྱི་འཁོར་ལོ་དང་བོ་དེ་དང་དོན་གཅིག ཅེས་གསུངས་པའི་ཕྱིར། དེ་ལ་ཁྱབ་པ་ཡོད་དེ། དྲི་ཞུས་ཀྱི་འཁོར་ལོ་དང་བོ་ལ་ རང་གི་མཚན་ཉིད་ཀྱིས་གྲུབ་ཅེས་པའི་ཚིག་དངོས་སུ་ཡོད་པའི་མདོ་ཞིག་ དགོས་པ་གང་ཞིག དགོངས་འགྲེལ་ལས་བཤད་པའི་འཁོར་ལོ་དང་བོ་ལ་ དགོངས་འགྲེལ་དྲི་ཞུས་ཀྱི་དངོས་བསྟན་གྱི་མདོ་ཞིག་དགོས་པ་དེ་དང་དྲི་ཞུས་ཀྱི་འཁོར་ལོ་དང་བོ་དོན་གཅིག་ཏུ་གསུངས་པའི་ཚིག་གི་ནུས་པ་འདོན་ཚུལ་གྱིས་ཀྱང་ཤེས་པའི་ཕྱིར། རྟགས་དང་བོ་གྲུབ་སྟེ། དྲང་ངེས་ཆེན་མོ་ ལས། གྲུབ་དོན་གྱི་མདོ་ཚན་དང་བོའི་དྲང་ངེས་དཔྱོད་པའི་མདོ་ལ་ཁྱད་གཞི་གང་རུང་ཞིག་ལ་བརྩམས་ནས་རང་གི་མཚན་ཉིད་ཀྱིས་གྲུབ་ཅེས་པའི་མདོ་ཚིག་ཡོད་པའི་མདོ་ཞིག་དགོས་ལ། གྲུབ་དོན་གྱི་མདོ་ཚན་གཉིས་པའི་སྐབས་འདིར་ཁྱད་གཞི་གང་ཡང་རུང་བ་ལ་བརྩམས་ནས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ངོ་བོ་སོགས་མེད་ཅེས་པའི་མདོ་ཚིག་མི་ལྡན་པ་རྣམས་སྐབས་འདིར་དྲང་ངེས་དཔྱོད་པའི་གཞིར་མི་འཇོག་པའི་ཕྱིར་ཏེ། ཞེས་གསུངས་ པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། དྲང་ངེས་ཆེན་མོ་ལས། རང་གི་ཆེད་དུ་བྱ་བའི་གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་ལ་གཙོ་བོར་དགོངས་ནས་བདེན་བཞིས་མཚོན་པའི་གཟུགས་ནས་བྱང་ཆུབ་ཡན་ལག་གི་བར་གང་ཡང་རུང་ བ་ལས་བརྩམས་ནས་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་གནས་ཚོད་ ཀྱི་དབང་གིས་གྲུབ་པར་དངོས་སུ་བསྟན་པའི་སྒོ་ནས་འཁོར་ལོ་དང་བོ་ལ་འགལ་སྤོང་གི་དྲི་བ་ཞུས་པ་ལྟར་གྱི་དོགས་པ་ཡོད་པའི་འཁོར་ལོ་དང་བོའི་ མདོ་དེ། དགོངས་འགྲེལ་ལས་བཤད་པའི་འཁོར་ལོ་དང་བོའི་མཚན་ཉིད། ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། མཐའ་དཔྱོད་གཉིས་ཀར་དགོངས་འགྲེལ་ལས་བཤད་པའི་འཁོར་ལོ་དང་བོའི་མཚན་ཉིད། ཅེས་གསུངས་པས་ན་ དགོངས་འགྲེལ་ལས་བཤད་པའི་འཁོར་ལོ་དང་བོ་ཞེས་པ་དགོངས་འགྲེལ་དྲི་ཞུས་དངོས་བསྟན་གྱི་དེ་ལ་བྱེད་དགོས་པ་ལུང་འདི་དག་གིས་གསལ་བར་ གྲུབ་བོ། ། ཡང་ཁ་ཅིག་ན་རེ། གོང་གི་རྟགས་དང་བོ་མ་གྲུབ་པར་ཐལ། འདིར་བསྟན་འཁོར་ལོ་དང་བོ་ཞེས་པ་དང་། དྲི་ཞུས་ཀྱི་འཁོར་ལོ་དང་བོ་ ཞེས་པ་གཉིས་ཚིག་མི་འདྲ་བའི་ཁྱད་པར་ཙམ་མ་གཏོགས་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར་ཞེ་ན།

             འོ་ན་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ། །ཞེས་པའི་མདོ་ཆོས་ཅན། དྲི་ཞུས་ཀྱི་འཁོར་ལོ་དང་བོ་ ཡིན་པར་ཐལ། འདིར་བསྟན་འཁོར་ལོ་དང་བོ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། ཕྱི་དོན་ཡོད་པར་དངོས་སུ་སྟོན་པའི་འདིར་བསྟན་འཁོར་ལོ་དང་བོ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དཀའ་ འགྲེལ་ལས། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ།། ཞེས་པ་ལྟ་བུའི་མདོ་མི་འཇོག་ན་ཕྱི་དོན་ཡོད་པར་སྟོན་པའི་མདོའི་མཚན་གཞི་མི་རྙེད་པར་གསུངས་པ་ཡང་། ཕྱི་དོན་ཡོད་པར་དངོས་སུ་སྟོན་པའི་འདིར་བསྟན་འཁོར་ལོ་དང་བོའི་མཚན་གཞིའི་དབང་དུ་བྱས་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། དགོངས་འགྲེལ་ བྱམས་ཞུས་ཀྱི་ལེའུའི་སྐབས་སུ་དངོས་ལ་གནོད་བྱེད་བསྟན་པའི་སྒོ་ནས་དྲང་དོན་དུ་འགྲེལ་བའི་འདིར་བསྟན་འཁོར་ལོ་དང་བོ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དྲང་ངེས་ཆེན་མོ་ལས། གཉིས་པ་རང་ལུགས་ནི། ཕྱི་རོལ་དོན་གྱི་དབང་དུ་བྱས་པའི་གཟུགས་སོགས་སྐྱེ་མཆེད་ཡོད་པར་སྟོན་པའི་འདིར་བསྟན་འཁོར་ལོ་དང་བོ་ཆོས་ཅན། དྲང་དོན་གྱི་མདོ་ཡིན་ཏེ། དགོངས་གཞི་དགོས་པ་དངོས་ཟིན་ལ་གནོད་བྱེད་གསུམ་བསྟན་ནས་སྒྲས་ཟིན་ལས་ གཞན་དུ་དོན་དྲང་དགོས་ཀྱི་མདོ་ཡིན་པའི་ཕྱིར། ཞེས་དང་། གཞན་ཡང་། བྱམས་ཞུས་ཀྱི་ལེའུ་ལས། བྱམས་པས་གསོལ་བ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་དེ་སེམས་ལས་ཐ་དད་པ་ཞེས་བགྱིའམ། ཐ་དད་མ་ལགས་ཞེས་བགྱི། བཀའ་བསྩལ་བ། བྱམས་པ་ཐ་དད་པ་མ་ཡིན་ནོ། ། ཞེས་གསུངས་པའི་ལུང་དོན་མ་གྲུབ་པར་ཐལ་ལོ། །

             གོང་དུ་འདོད་ན། དེ་ཆོས་ཅན། བཀའ་བསྩལ་དངོས་བསྟན་གྱི་མདོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་ དངོས་སུ་བསྟན་པའི་མདོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཕྱི་དོན་དངོས་སུ་སྟོན་པའི་མདོ་ཡིན་པའི་ཕྱིར། ཁྱབ་སྟེ། དྲང་ངེས་ཆེན་མོ་ལས། གཞན་ཡང་། རང་གི་མཚན་ཉིད་ཀྱང་བཀའ་བསྩལ་ཅེས་ པའི་རང་མཚན་དེ་ཕྱི་རོལ་དོན་དུ་གྲུབ་པ་ལ་བྱེད་རིགས་པར་ཐལ། འདོད་པའི་ཕྱིར། འདོད་ན། མདོ་དེས་ཕྱི་རོལ་དོན་དུ་གྲུབ་པར་བཀའ་བསྩལ་ཚུལ་དངོས་སུ་བསྟན་པར་ཐལ། འདོད་པའི་ཕྱིར། འདོད་ན། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་བརྗོད་པའི་སྒྲ་དེས་ཕྱི་རོལ་དོན་དུ་གྲུབ་པར་དངོས་སུ་བརྗོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ ལྟར་འཛིན་པའི་རྟོག་པ་ལ་དེར་ཐལ། འདོད་པའི་ཕྱིར། འདོད་མི་རིགས་ ཏེ། སྒྲ་རྟོག་རང་ཡུལ་ལ་སེལ་འཇུག་ཡིན་པའི་ཕྱིར། ཞེས་དང་། དྲང་ངེས་མཆན་ལས་ཀྱང་། འོན་ཀྱང་སངས་རྒྱས་ཀྱི་གསུང་གིས་ཁྱད་པར་ཡང་བརྗོད་པས། སེལ་འཇུག་མ་ཡིན་པར་བླ་མ་དག་འཆད་ཀྱང་། གཅིག་གིས་བློར་མཉམ་དུ་མི་འཕེན་པས་དཔྱད་དགོས། ཞེས་དང་། དེ་དག་འཆར་བ་སོ་སོ་ནས་བརྗོད་དགོས་ཀྱི། བརྡ་གཅིག་གིས་ཁྱད་པར་ཀུན་བློར་འཕེན་མི་ནུས་པའི་ཕྱིར། སེལ་བའི་རྣམ་པའི་འཇུག་ཚུལ་ཡང་དེ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། ལུང་དེ་དག་ལ་ཁྱབ་པ་མེད་དོ་ཞེ་ན། རྣམ་འགྲེལ་ལས། ཁྱད་ པར་རྣམས་ལ་བརྡ་དག་ནི། ། འཇུག་པ་སྲིད་པ་ཡོད་མ་ཡིན། ། ཞེས་པའི་དོན་དང་།

           རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་དངོས་སུ་སྟོན་པའི་སྒྲ་དང་། ཕྱི་རོལ་དོན་དུ་གྲུབ་པ་དངོས་སུ་སྟོན་པའི་སྒྲ་གཉིས་དང་། དེ་ལྟར་འཛིན་པའི་རྟོག་པ་རྣམས་རང་ཡུལ་ལ་སེལ་བའི་སྒོ་ནས་འཇུག་ཚུལ་ཇི་ལྟར་ཡིན་སོམས་ཤིག གཞན་ཡང་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ། ། ཞེས་པའི་མདོ་འདི་བཀའ་བསྩལ་གཉིས་ པའི་དངོས་བསྟན་གྱི་མདོ་ལ་འཇོག་པར་འདོད་པ་དང་མི་འདོད་པ་སོགས་ཀུན་མཁྱེན་བླ་མ་ཡབ་སྲས་ཀྱི་རྗེས་འབྲང་གི་མཁས་པ་སྔ་ཕྱི་མང་བོས་གསུང་ཚུལ་སྣ་ཚོགས་གནང་འདུག་ལ། དེ་ལྟ་བུའི་མདོ་དེ་བཀའ་བསྩལ་གཉིས་པའི་དངོས་བསྟན་གྱི་མདོ་ལ་བཞག་ན་ཕྱི་དོན་དངོས་སུ་སྟོན་པའི་མདོའི་མཚན་གཞིར་འཇོག་པའི་ཐབས་མེད་ཅིང་ཀུན་མཁྱེན་ཡབ་སྲས་ཀྱི་གསུང་དུ་མ་དང་དངོས་སུ་འགལ་བར་འགྱུར་ལ། དེ་དེར་མི་འཇོག་ན་བཀའ་བསྩལ་གཉིས་ པའི་དངོས་བསྟན་གྱི་མདོའི་ངོས་འཛིན་ཇི་ལྟར་བྱེད་དགོས་མིན་སོགས་འདི་སྐོར་ལ་དཔྱད་དགོས་པའི་གནས་དུ་མ་ཞིག་ཡོད་པར་སྣང་ངོ་། ། ཐོས་བརྩོན་གྱི་མིག་ཟུང་རུབ་ཅིང་བློ་གྲོས་ཀྱི་ཤེད་མ་རྒྱས་པའི་རྨོངས་རྟུལ་བདག་ལྟ་བུ་ལ་གཞུང་ཆེན་མོའི་དགོངས་དོན་འདི་ཡིན་འདི་མིན་གྱི་ཐག་གཅོད་བྱེད་པའི་ སྤོབས་པ་དང་ཆ་རྐྱེན་གང་ཡང་མེད་མོད། འོན་ཀྱང་མཁས་མང་འདུས་པའི་བགྲོ་གླེང་དང་རྒོལ་བ་ཚར་གཅོད་ཀྱི་བྱེད་ཐབས་ལྟ་བུ་མ་ཡིན་པར་བཀའ་ དྲིན་གསུམ་ལྡན་གྱི་༧ རྗེ་བཙུན་བླ་མ་དམ་པ་མཆོག་གི་བཀའ་དྲིན་རྗེས་དྲན་ཙམ་དུ་བྲིས་པ་ཡིན་པས་འགལ་བ་ཆེར་མེད་སྙམ་ལ་འདིར་ཡང་མ་རྟོགས་ ལོག་རྟོག་ཐེ་ཚོམ་གྱི་དྲི་མ་ཇི་སྙེད་ཅིག་ཡོད་པར་ངེས་པས་གཟུར་གནས་མཁྱེན་སྤྱན་ཡངས་པ་རྣམས་ལ་སྙིང་ནས་བཟོད་གསོལ་ཞུའོ། །
 

 རྒྱ་ཆེན་གཞུང་ལུགས་ལྷ་ལམ་ཡངས་པོའི་མཐའ། །
ཕལ་བ་བདག་འདྲའི་བློ་ཡིས་མི་དཔོག་ཀྱང་། །
ཤེས་བྱའི་གནས་ལ་བག་ཆགས་ཙམ་གྱི་ཕྱིར། །
འབད་པ་ཅུང་ཟད་བགྱིས་པར་བྱས་སོ་ལོ། །
དགེ་འདིས་ལུས་ ཅན་ངང་བ་དཀར་བོའི་ཁྱུ། །
སྲིད་ཞིའི་འདམ་གྱི་རོ་ལ་མི་ཆགས་པར། །
ཐབས་ཤེས་གཤོག་ཟུང་གཡོ་བའི་གར་བསྒྱུར་ཏེ། །
བྱང་ཆེན་རྒྱ་མཚོའི་ཀློང་དུ་རྩེན་པར་ཤོག །
འབྲས་སྤུངས་སྒོ་མང་ཧར་གདོང་གསེར་རྟ་ཚུལ་ཁྲིམས་བསྟན་འཛིན་གྱིས།
 

            ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                 རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།