དཀའ་འགྲེལ་ལས།དངོས་བསྟན་ལ་མ་སྦྱར་ན་མདོ་དེ་གཉིས་དོན་གཅིག་པའི་ཕྱིར།ཞེས་གསུངས་འདུག་ན།ཕར་ཕྱིན་མཐའ་དཔྱོད་ཀྱི་ལུང་དོན་ལ་ཇི་ལྟར་དཔྱད་པའི་ལན།༢

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-24 12:01:04     རྩོམ་པ་པོ།   ལྷ་རམས་པ་ཀླུ་གྲགས་པ་རྒྱ་མཚོ།     ཀློག་ཐེངས།  

76549972386228242.jpg

             དྲི་གཞི་ཉི་ཤུབ། རྩ་བ་ལས། ཆོས་རྣམས་ལ་ངོ་བོ་དང་ཁྱད་པར་དུ་བཏགས་ པའི་ཀུན་བཏགས་ནི་ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཡིན་པས་དེ་གཉིས་ལ་མ་ཕྱེ་བར་རང་གི་མཚན་ཉིད་ཀྱིས་གྲུབ་པར་གསུངས་པ་ཡང་དྲང་དོན་ནོ། ། ཞེས་ཕྱི་དོན་ཡོད་པར་སྟོན་པའི་འཁོར་ལོ་དང་བོ་དྲང་དོན་ཡིན་པར་མ་ཟད་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པརསྟོན་པའི་འཁོར་ལོ་དང་བོ་ཡང་དྲང་དོན་ཡིན་ཞེས་པའི་གསུང་ཟིན་ལྟར་ན། མདོ་དེ་གཉིས་སོ་སོར་ཡོད་པ་འདྲ་ཞིག་འདུག་མོད། དཀའ་འགྲེལ་ལས།དངོས་བསྟན་ལ་མ་སྦྱར་ན་མདོ་དེ་གཉིས་དོན་གཅིག་པའི་ཕྱིར།ཞེས་གསུངས་འདུག་ན།ཕར་ཕྱིན་མཐའ་དཔྱོད་ཀྱི་ལུང་དོན་ལ་ཇི་ལྟར་དཔྱད་དགོས།།

                                                                                                                   ལྷ་རམས་པ་ཀླུ་གྲགས་པ་རྒྱ་མཚོ། འབྲས་སྤུངས་སྒོ་མང་།

            ཆོས་གྲྭའི་རྩོད་པ་རྒྱས་ཆེད་དུ་རང་གི་བློ་ངོར་འཆར་ཚུལ་ཙམ་བརྗོད་ན། འདི་ལྟར། ཕྱི་དོན་ཡོད་པར་བསྟན་པའི་མདོ་དང་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་བསྟན་པའི་མདོ་གཉིས་ལྡོག་ཆའི་སོ་སོར་འབྱེད་པ་ལས་སོ་སོར་མེད་སྙམ་སྟེ། གྲུབ་མཐའ་རྩ་བར། དང་བོ་དྲང་དོན་ལུང་དང་ཕྱི་རོལ་དོན། ། མེད་ཕྱིར་དོན་སྣང་ལ་དགོངས་དེ་གཞུག་ཆེད། ། ཅེས་པའི་ཐད་ཀྱི་གྲུབ་མཐའ་ཆེན་མོར། འཁོར་ལོ་དང་བོའི་དགོངས་གཞི། དགོས་པ། དངོས་ལ་གནོད་བྱེད། དགོངས་པ་བཞིས་དྲང་དོན་དུ་ འཆད་སྐབས་དངོས་ལ་གནོད་བྱེད་དེ་གསུམ་པའི་ཐད་དུ། གསུམ་པ་ནི་ཕྱི་དོན་གྱི་སྐྱེ་མཆེད་ཡོད་པ་བརྗོད་བྱ་དང་སྒྲས་ཟིན་གཉིས་ཀ་ཡིན། དེ་ལ་ལུང་གི་གནོད་བྱེད་ནི། ཞེས་ཕྱི་དོན་གྱི་སྐྱེ་མཆེད་སྒྲས་ཟིན་གྱི་བརྗོད་བྱར་གསུངས་པ་དང་།

           རྩ་བར་ཡང་འཁོར་ལོ་དང་བོ་གཉིས་དྲང་དོན་དུ་འཆད་སྐབས་ སྒྲས་ཟིན་བརྗོད་བྱར་བྱེད་མི་བྱེད་ཁྱད་པར་ཕྱེ་སྟེ་དང་བོར་སྒྲས་ཟིན་བརྗོད་བྱར་བྱེད་པར་གསུངས་པ་དང་། དྲང་ངེས་ཆེན་མོར། དེ་གཉིས་ཀྱི་སྒྲས་ ཟིན་བརྗོད་བྱར་བྱེད་ཚུལ་མི་མཚུངས་པར་ཐལ། ཕྱི་དོན་གྱི་སྐྱེ་མཆེད་ཡོད་པ་འདིར་བསྟན་འཁོར་ལོ་དང་བོའི་ཆེད་དུ་བྱ་བའི་གདུལ་བྱ་ལ་སྟོན་རྒྱུའི་བརྗོད་དོན་ཡིན་པ་གང་ཞིག ཞེས་གསུངས་པ་ལ་བསམ་ན་དེ་ཡང་སེམས་ ཙམ་པས་དངོས་བསྟན་དང་སྒྲས་ཟིན་ལ་ཁྱད་མི་འབྱེད་པས་ན་དངོས་བསྟན་དུ་དེ་དག་གིས་འགྲུབ་བོ། ། དེ་ལྟར་ན་སྐབས་དང་བོའི་མཐའ་དཔྱོད་ལས། མཚན་ཉིད་སྐབས་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་དེ་ རང་གི་གནས་ཚོད་ཀྱིས་གྲུབ་པར་གཙོ་བོར་དངོས་སུ་བསྟན་པའི་མདོ་ཞེས་གསུངས་པ་ཅི་ཞེ་ན། དེ་ནི་དགོངས་འགྲེལ་ནས་བཤད་པའི་འཁོར་ལོ་དང་བོའི་མཚན་ཉིད་དུ་གསུངས་པས་གསུངས་པ་སྒྲ་ཇི་བཞིན་པའོ། ། འོ་ན་ཕྱི་ དོན་ཡོད་པར་དངོས་སུ་བསྟན་པའི་དེ་ཆོས་ཅན་ཟེར་ན། འདིར་བསྟན་འཁོར་ལོ་དང་བོ་ཡིན་ཀྱང་དེར་བཤད་པའི་འཁོར་ལོ་དང་བོ་མིན་ཏེ། ཤུགས་ལ་བཤད་ཅེས་པའི་ཐ་སྙད་གཞུང་དུ་མི་གསལ་བས་བཤད་པ་ལ་དངོས་བསྟན་དགོས་སོ། །

          ཡང་འོ་ན་རྩ་བར་རང་གི་མཚན་ཉིད་ཀྱིས་གྲུབ་པར་གསུངས་ པ་ཡང་དྲང་དོན་ནོ། ། ཞེས་གསུངས་པ་ཅི་ཞེ་ན། འདིར་བསྟན་འཁོར་ལོ་ དང་བོ་ཕྱི་དོན་ཡོད་པར་བསྟན་པའི་ཆ་ནས་དྲང་དོན་དུ་མ་ཟད། རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་གསུངས་པའི་ཆ་ནས་ཀྱང་དྲང་དོན་ནོ། ། ཞེས་པའི་དོན་ཡིན་པས་དྲང་དོན་དུ་འགྲེལ་བའི་སྒོ་གཉིས་གསུངས་པ་དང་འབྲེལ་སྙམ། ཡང་ཡིག་ཆར། འདོད་མི་ནུས་ཏེ། ཕྱི་དོན་ཡོད་པར་སྟོན་པའི་མདོ་ཡིན་པའི་ཕྱིར། ཞེས་པ་དང་། དྲང་ངེས་བློ་གསལ་མགྲིན་རྒྱན་ལས། གཟུགས་ཕྱི་རོལ་དུ་གྲུབ་པར་དངོས་སུ་བསྟན་པའི་འདིར་བསྟན་འཁོར་ལོ་དང་བོ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ ཆོས་ཅན། དྲི་ཞུས་ཀྱི་འཁོར་ལོ་དང་བོ་ཡིན་པར་ཐལ་ལོ། ། ཞེས་གསུངས་ པའི་ཕྱིར་ཞེ་ན། འདིར་བསྟན་འཁོར་ལོ་དང་བོ་དང་འདིར་དངོས་སུ་བསྟན་པའི་འཁོར་ལོ་དང་བོའི་ཁྱད་ཅེ་ན་ཅི་སྙམ།
              ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                    རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།