དཀའ་འགྲེལ་ལས།དངོས་བསྟན་ལ་མ་སྦྱར་ན་མདོ་དེ་གཉིས་དོན་གཅིག་པའི་ཕྱིར།ཞེས་གསུངས་འདུག་ན།ཕར་ཕྱིན་མཐའ་དཔྱོད་ཀྱི་ལུང་དོན་ལ་ཇི་ལྟར་དཔྱད་པའི་ལན།༡

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-24 11:54:25     རྩོམ་པ་པོ།   ལྷ་རམས་པ་རེབ་ཚ་འཇམ་དབྱངས་རྒྱ་མ    ཀློག་ཐེངས།  

76549972386228242.jpg

              དྲི་གཞི་ཉི་ཤུབ། རྩ་བ་ལས། ཆོས་རྣམས་ལ་ངོ་བོ་དང་ཁྱད་པར་དུ་བཏགས་ པའི་ཀུན་བཏགས་ནི་ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཡིན་པས་དེ་གཉིས་ལ་མ་ཕྱེ་བར་རང་གི་མཚན་ཉིད་ཀྱིས་གྲུབ་པར་གསུངས་པ་ཡང་དྲང་དོན་ནོ། ། ཞེས་ཕྱི་དོན་ཡོད་པར་སྟོན་པའི་འཁོར་ལོ་དང་བོ་དྲང་དོན་ཡིན་པར་མ་ཟད་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པརསྟོན་པའི་འཁོར་ལོ་དང་བོ་ཡང་དྲང་དོན་ཡིན་ཞེས་པའི་གསུང་ཟིན་ལྟར་ན། མདོ་དེ་གཉིས་སོ་སོར་ཡོད་པ་འདྲ་ཞིག་འདུག་མོད། དཀའ་འགྲེལ་ལས།དངོས་བསྟན་ལ་མ་སྦྱར་ན་མདོ་དེ་གཉིས་དོན་གཅིག་པའི་ཕྱིར།ཞེས་གསུངས་འདུག་ན།ཕར་ཕྱིན་མཐའ་དཔྱོད་ཀྱི་ལུང་དོན་ལ་ཇི་ལྟར་དཔྱད་དགོས།།

                                                                                                                             ལྷ་རམས་པ་རེབ་ཚ་འཇམ་དབྱངས་རྒྱ་མཚོ། རྔོག་རྒྱལ་མོ་དགོན།

             རྩ་བ་ལས། རང་གི་མཚན་ཉིད་ཀྱིས་གྲུབ་པར་གསུངས་པ་ཡང་དྲང་དོན་ནོ། ། ཞེས་སོགས་ཀྱིས་སྐབས་ནས་བསྟན་པའི་ཕྱི་དོན་ཡོད་པར་སྟོན་ པའི་འདིར་བསྟན་འཁོར་ལོ་དང་བོ་དང་། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྟོན་པའི་འདིར་བསྟན་འཁོར་ལོ་དང་བོའི་མདོ་དེ་གཉིས་དོན་གཅིག་ཡིན་ཡང་སོ་སོར་ཡོད་ན་ཆོག་སྟེ། སོ་སོར་ཡོད་ན་དོན་ གཅིག་མ་ཡིན་མི་དགོས་པའི་ཕྱིར། དཀའ་འགྲེལ་ཡང་སྙིང་ལས་གསུངས་པ་བཞིན་མདོ་དེ་གཉིས་དངོས་བསྟན་ལ་མ་སྦྱར་ན་དོན་གཅིག་ཀྱང་འདིར་བསྟན་དངོས་བསྟན་ལ་བྱས་ན། མདོ་དེ་གཉིས་སོ་སོར་ཡོད་པར་མ་ཟད་འགལ་བ་ཡིན་པའི་ཕྱིར་ཏེ། མཁས་པའི་དབང་བོ་རྗེ་གུང་ཐང་བློ་གྲོས་རྒྱ་མཚོའི་ཕར་ཕྱིན་ལས། ཕྱི་དོན་ཡོད་པར་དངོས་སུ་སྟོན་པའི་འཁོར་ལོ་དང་བོ་ཡིན་ན་དྲི་ཞུས་དངོས་བསྟན་གྱི་འཁོར་ལོ་དང་བོ་མ་ཡིན་པས་ཁྱབ་པའི་དོན་ཡིན་ཏེ། དྲང་ངེས་ཆེན་མོ་ལས། སྒྲ་རྟོག་རང་ཡུལ་ལ་སེལ་འཇུག་ཡིན་པའི་ཕྱིར། ཞེས་རང་གི་མཚན་ཉིད་ཀྱིས་བཀའ་བསྩལ་ཅེས་པས་ཕྱི་དོན་དུ་བཀའ་སྩལ་ཚུལ་དངོས་སུ་མི་སྟོན་པར་གསུངས་པའི་ཕྱིར། ཞེས་གསུངས་པ་ལྟར་རོ།

            །ཕར་ཕྱིན་མཐའ་དཔྱོད་ཀྱི་ལུང་དོན་ཡང་འདིས་འགྲུབ་སྟེ། གཟུགས་ནས་བྱང་ ཕྱོགས་བར་གང་རུང་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་དངོས་སུ་སྟོན་པའི་མདོ་ཡིན་པར་འདོད་མི་ནུས་ཏེ། ཕྱི་དོན་ཡོད་པར་དངོས་སུ་སྟོན་པའི་མདོ་ཡིན་པའི་ཕྱིར། ཁྱབ་སྟེ་ཞེས་འགྲེལ་ན་བདེ་བར་ སྙམ། འོ་ན་ཕྱི་དོན་ཡོད་པར་དངོས་སུ་སྟོན་པའི་མདོའི་མཚན་གཞིར་གང་འཇོག་ཅེ་ན། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་ སྐྱེའོ་ཞེས་པ་ལྟ་བུའི་མདོ་ཚིག་འདི་འཇོག་དགོས་ལ། དེས་ན་དངོས་བསྟན་ལ་མ་སྦྱར་ན་འདིར་བསྟན་འཁོར་ལོ་དང་བོ་དྲང་དོན་དུ་འགྲེལ་ཚུལ་སོ་སོར་སྟོན་པའི་མདོ་ཡོད་ཀྱང་མདོ་དེ་གཉིས་འདིར་བསྟན་འཁོར་ལོ་དང་བོ་ཡིན་པ་གཅིག་ཡིན་ཏེ། དཀའ་འགྲེལ་ལས། དཔེར་ན་མདོ་གཅིག་ཀྱང་དྲང་དོན་དུ་འགྲེལ་བའི་སྒོ་སོ་སོར་ཡོད་པ་ཡིག་ཆའི་དགོངས་པ་ཡིན་ནོ། ། ཞེས་གསུངས་པའི་ཕྱིར། ཡང་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་པའི་མདོ་འདིས་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་དངོས་སུ་མ་བསྟན་ན་འདིར་བསྟན་འཁོར་ལོ་དང་བོའི་བཀའ་བསྩལ་བདུན་གྱི་དངོས་བསྟན་གྱི་མདོ་བདུན་པོའི་གང་རུང་ཡིན་མིན་དང་། མདོ་སོ་སོར་ཡོད་ན་མདོ་ཚིག་སོ་སོར་ཡོད་དགོས་མིན། དེ་བཞིན་མདོ་ཚིག་སོ་སོར་ཡོད་ན་མདོ་སོ་སོར་ཡོད་དགོས་མིན་སོགས་ལ་དཔྱད་བྱ་མང་ངོ་། །
 

འདིར་བརྗོད་རང་བློས་ནོངས་པ་ཅི་མཆིས་པ། །
གཟུར་གནས་དྲན་དབང་དག་གི་སྤྱན་སྔར་འཆགས། །
འདིར་འབད་དོན་མཐུན་ཚིག་གི་གཟེགས་མས་ཀྱང་། །
བདག་སོགས་འགྲོ་བའི་ཀུན་དཀྲིས་དག་པར་ཤོག།
 

          ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                              རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།

གསལ་འདེབས།
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།