ཇི་འདྲ་ཞིག་ལ་རྟོག་པ་ཡིད་ཤེས་ལ་ལྟོས་བའི་ལྟ་བ་དང་།རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བ་ཟེར།དེ་གཉིས་ཆོས་ཐམས་ཅད་ཀྱི་སྟེང་དུ་གཏན་ལ་ཕབ་པའི་ལན །༥

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-24 11:44:55     རྩོམ་པ་པོ།   ཀླུ་མཁྱེན་རབ་རྒྱ་མཚོ།     ཀློག་ཐེངས།  

76549972386228242.jpg

              དྲི་གཞི་བཅུ་དགུ་བ། རྩ་བ་ལས། ཡུམ་གྱི་མདོ་ནས་མེད་ཅེས་གསུངས་པ་ཐམས་ཅད་ཀྱིས་ཀུན་བཏགས་འགོག་པ་ཐེག་བསྡུས་ལས་གསུངས་པ་རྣམས་ལ་དགོངས་འགྲེལ་གྱི་ཀུན་བཏགས་འགོག་ཚུལ་འདི་མི་ཤེས་ན་གཟུང་འཛིན་རྫས་གཞན་གྱི་ཀུན་བཏགས་ཁོ་ན་ལ་བཤད་པས་རྣལ་འབྱོར་སྤྱོད་པ་བ་དག་གི་ལུགས་ལ་ཡང་ཆེས་མི་རིགས་པ་དུ་མ་ཞིག་སྨྲ་དགོས་ལ། ཞེས་པའི་ཀུན་བཏགས་འགོག་ཚུལ་གཟུང་འཛིན་རྫས་གཞན་གྱི་ཀུན་བཏགས་ཁོ་ན་ལ་བཤད་ན་རྣལ་འབྱོར་སྤྱོད་པ་བ་དག་གི་ལུགས་ལ་ཆེས་མི་རིགས་པ་དུ་མ་ཞིག་སྨྲ་དགོས་ཚུལ་གང་ཡིན། ཇི་འདྲ་ཞིག་ལ་རྟོག་པ་ཡིད་ཤེས་ལ་ལྟོས་བའི་ལྟ་བ་དང་། རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བ་ཟེར། དེ་གཉིས་ཆོས་ཐམས་ཅད་ཀྱི་སྟེང་དུ་གཏན་ལ་ཕབ་པ་ཡོད་དམ།

                                                                                                                  ཀླུ་མཁྱེན་རབ་རྒྱ་མཚོ། འབྲས་སྤུངས་སྒོ་མང་།

རྨད་བྱུང་མཁྱེན་བརྩེའི་ཡེ་ཤེས་འོད། །
བསྟན་འགྲོའི་གཉེན་དུ་འབར་བ་བརྒྱས། །
བསྒྲུན་མེད་ཐུགས་བསྐྱེད་པད་དཀར་དཔེས། །
བསྔགས་པའི་རྣམ་འདྲེན་གཏན་གྱི་སྐྱབས། །
ཚུལ་གཉིས་རིགས་པའི་གསེར་འཁོར་ཆེས། །
ཐུབ་གསུང་གླིང་བཞིར་དབང་བསྒྱུར་བ། །
འཕགས་མཆོག་ཀླུ་སྒྲུབ་ཐོགས་མེད་སོགས། །
འཛམ་གླིང་རྒྱན་མཆོག་མཁས་རྣམས་རྒྱལ། །
དྲི་བྲལ་དབྱིངས་བློ་གཉིས་མེད་པའི། །
ཟུང་འཇུག་ལམ་བཟང་མཚོན་པའི་མིག །
བླ་མེད་གྲགས་པའི་རྫ་རྔ་ཅན། །
འཇམ་མགོན་རྒྱལ་བ་གཉིས་པས་སྐྱོངས། །
སྣ་ཚོགས་སྡུག་བསྔལ་བསྐལ་བའི་མེས། །
ལྷག་པར་བསྲེག་པའི་དེང་གི་འགྲོར། །
ཞི་བསིལ་བྱམས་བརྩེའི་ཆོས་ཀྱི་ཆབ། །
སྩོལ་མཁས་གངས་ཅན་མགོན་པོར་འདུད། །
མཐོང་ཐོས་དྲན་པས་མཆོག་སྟེར་བའི། །
གསང་གསུམ་མཛད་པའི་དཔལ་མངའ་བ། །
མཚུངས་མེད་སཾ་གྷཱའི་མཚན་ཅན་ཞབས། །
བདེ་ཆེན་འཁོར་ལོའི་རྒྱན་དུ་བྱོན། །
རིང་ནས་ཁྱེད་གསུང་བདུད་བརྩིའི་བཅུད། །
རོལ་བའི་སྐལ་ལྡན་དད་པའི་བུས། །
ལེགས་བཤད་དབྱངས་ཀྱི་མཆོད་པ་འདིར། །
བདེ་ཆེན་ཞིང་ནས་རྗེས་བརྩེས་དགོངས། །
 

             དེ་ལ་ད་ལམ་ལྷག་བསམ་རྣམ་དཔྱོད་ཀྱི་གཟིགས་པ་མཆོག་དུ་ཡངས་པའི་གཞིས་ བཞུགས་ཆོས་གྲོགས་འགའ་ཞིག་གིས་ཐུགས་འགན་བཞེས་ཐོག ལུང་རིགས་སྨྲ་བའི་ དབང་བོ་བཀའ་དྲིན་མཚུངས་མེད་རྗེ་བློ་བཟང་དགེ་འདུན་དཔལ་བཟང་བོའི་ཞལ་སྔ་ ནས་ཀྱི་རྗེས་དྲན་དུ་དྲང་བ་དང་ངེས་པའི་དོན་ལས་བརྩམས་ཏེ་དྲི་བ་དྲིས་ལན་གྱི་ལམ་ ནས་དོགས་དཔྱོད་ཀྱི་ཆེད་དེབ་ཅིག་འདོན་སྤེལ་གནང་འདུན་ཡོད་པ་འདི་ནི་ལེགས་སོ་ དང་བསྔགས་བརྗོད་ཀྱི་གནས་སུ་མ་ཟད་རྒན་རིན་པོ་ཆེའི་གསུང་རྒྱུན་རྒྱ་མཚོའི་ཀློང་ནས་དགོངས་བཅུད་ཀྱི་གཙང་ཆབ་ལུང་རིགས་ཀྱི་ཡུར་བར་དྲངས་ཏེ་ལེགས་བཤད་ཀྱི་རྒྱུན་བཟང་སྤེལ་བ་ནི་བླ་མའི་མཛད་པ་རྗེས་དྲན་བྱེད་ཚུལ་མཆོག་ཏུ་མཐོང་སྟེ། ཇི་སྐད་དུ་ལེགས་བཤད་སྙིང་བོ་ཆུང་བར། མཛད་པ་ཀུན་ལས་གསུང་གི་ནི། ། མཛད་པ་མཆོག་ཡིན་ དེ་ཡང་ནི། ། འདི་ཉིད་ཡིན་ཕྱིར་མཁས་པ་ཡིས། ། འདི་ལས་སངས་རྒྱས་རྗེས་དྲན་བྱོས། ། ཞེས་གསུངས་པས་སོ། ། དེའི་ཕྱིར་ཤེས་དམན་བདག་གིས་ཀྱང་། འདི་ནི་བསོད་ནམས་ཀྱི་གོ་སྐབས་བཟང་བོ་ཞིག་ཏུ་སྣང་ཞིང་ཆོས་གྲོགས་འགའ་ཞིག་གིས་ཀྱང་བསྐུལ་མ་མཛད་པ་ལྟར། དྲི་བ་བཅུ་དགུ་བའི་ལན་ཅུང་ཟད་སྤྲོ་བར་བྱའོ། །

               དང་བོ་དྲི་བ་ནི། རྩ་བ་ ལས་ཡུམ་གྱི་མདོ་ནས་མེད་ཅེས་གསུངས་པ་ཐམས་ཅད་ཀྱིས་ཞེས་པ་ནས་དེ་ཆོས་ཐམས་ཅད་ཀྱི་སྟེང་དུ་གཏན་ལ་ཕབ་པ་ཡོད་དམ་མེད་ཅེས་པའི་བར་རོ།། གཉིས་པ་ལན་ལ་དྲི་བའི་ཟུར་གསུམ་གྱི་ལན་རིམ་བཞིན་ཞུ་བ་ལ། དང་བོ་ ཡུམ་གྱི་མདོ་ལས་མེད་ཅེས་གསུངས་པ་རྣམས་ཀྱིས་ཀུན་བཏགས་འགོག་པར་ཐེག་བསྡུས་དང་ཀུན་བཏུས་བརྒྱད་སྟོང་དོན་བསྡུས་སོགས་ལས་གསུངས་ཏེ། ཐེག་བསྡུས་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པ་བསྟན་པ་གང་ཡིན་པའི་བསྟན་པ་དེར་ཀུན་ཏུ་བཏགས་པའི་ངོ་བོ་ཉིད་ཇི་ལྟར་རིག་པར་བྱ་ཞེ་ན། མེད་པའི་རྣམ་གྲངས་བསྟན་པའི་རིག་པར་བྱའོ། ། ཞེས་དང་། ཀུན་བཏུས་ལས། ཡང་སྟོང་བ་ཉིད་རྣམ་པ་གསུམ་སྟེ། ངོ་བོ་ཉིད་ཀྱི་སྟོང་བ་ཉིད་དང་། དེ་བཞིན་ཏུ་ཡོད་པ་མ་ཡིན་པའི་སྟོང་བ་ཉིད་དང་། རང་བཞིན་སྟོང་བ་ཉིད་དོ། ། དང་བོ་ནི་ཀུན་བཏགས་པའི་ངོ་བོ་ཉིད་ཉེ་བར་བཟུང་བར་བལྟའོ། ། གཉིས་པ་ནི། གཞན་གྱི་དབང་གི་ ངོ་བོ་ཉིད་ཉེ་བར་བཟུང་བའོ། །

              གསུམ་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཉེ་བར་བཟུང་བར་བྱའོ། ། བདག་མེད་པའི་མཚན་ཉིད་གང་ཞེ་ན། ཇི་ལྟར་བདག་ཏུ་སྨྲ་བ་རྣམས་ཀྱིས་བདག་ཏུ་བཏགས་པའི་མཚན་ཉིད་དེས་ཕུང་བོ་དང་ཁམས་དང་སྐྱེ་མཆེད་རྣམས་མཚན་ཉིད་དང་བྲལ་བའོ། ། འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་བདག་མེད་པའོ་ཞེས་གསུངས་སོ། ། ཞེས་དང་། བརྒྱད་སྟོང་དོན་བསྡུས་ལས་ཀྱང་ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་འགོག་ཚུལ་ལ་དགོངས་ནས་གསུངས་པར་ཐེག་བསྡུས་བཞིན་བཤད་པའི་ཕྱིར་ཏེ། སྟོང་ཐུན་ལས། ཕྱོགས་ཀྱི་གླང་བོས་བརྒྱད་སྟོང་དོན་བསྡུར་ངོ་བོ་དང་ཁྱད་པར་ཏུ་བཏགས་པ་རང་གི་མཚན་ཉིད་ཀྱིས་གྲུབ་པ་བཀག་པའི་ཆོས་ཀྱི་བདག་མེད་ཤེར་ཕྱིན་གྱི་མདོའི་དོན་དུ་འགྲེལ་ཚུལ་ཐེག་བསྡུས་ཇི་བཞིན་ཏུ་གསལ་བར་བཤད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། དེ་ལྟར་ཐེག་བསྡུས་དང་ཀུན་བཏུས། བརྒྱད་སྟོང་དོན་བསྡུས་སོགས་ལས་ཡུམ་གྱི་མདོ་ནས་མེད་ཅེས་གསུངས་པ་ཆོས་རྣམས་ཀྱི་སྟེང་གི་ཀུན་བཏགས་རང་མཚན་གྱིས་མེད་པ་སོགས་ལ་དགོངས་ནས་ཆོས་རྣམས་རང་མཚན་གྱིས་མེད་ཅེས་གསུངས་ལ། གང་འགོག་རྒྱུའི་ཀུན་བཏགས་དེ་ལ་ངོ་བོ་དང་ཁྱད་པར་དུ་བཏགས་པའི་ཀུན་བཏགས་མེད་པར་གཟུང་འཛིན་ རྫས་གཞན་གྱི་ཀུན་བཏགས་ཁོ་ན་འགོག་པར་བཤད་ན་ནམ་མཁའ་རང་ངོས་ནས་མེད་ཅེས་གསུངས་པའང་ནམ་མཁའ་ཕྱི་དོན་དུ་མེད་པ་ལ་དགོངས་ནས་གསུངས་སོ་ཞེས་རྟོག་ལྡན་ལ་སྐྱེ་མི་སྲིད་པའི་ལོག་རྟོག་འགོག་པ་འབའ་ཞིག་ལ་སྦྱར་ནས་འཆད་དགོས་པ་འབྱུང་ལ། དེ་འདྲའི་ཀུན་བཏགས་ཁེགས་པས་ཆོས་ཀྱི་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་ཁེགས་པར་ཐལ་བ་དང་། གཟུང་འཛིན་གཉིས་མེད་ཀྱི་རྣམ་རིག་ཙམ་ལ་འཇུག་པར་ཐལ་བ་སོགས་ཆེས་མི་ རིག་པ་དུ་མ་སྨྲ་དགོས་པར་འགྱུར་རོ། །

              ཞེས་པའི་དོན་ནོ། ། དེ་ལྟར་ཕྱི་རོལ་དོན་དུ་གྲུབ་པའི་ཀུན་བཏགས་སམ་གཟུང་འཛིན་རྫས་གཞན་གྱི་ཀུན་བཏགས་འགོག་ཚུལ་ཁོ་ནར་སྦྱར་ན་གོང་གི་སྐྱོན་དེ་དག་འོང་བ་དྲང་ངེས་རྣམ་འབྱེད་རང་དང་། སྟོང་ཐུན་གྱི་དགོངས་པ་སྟེ། རྩ་བ་ལས། ཡུམ་གྱི་མདོ་ནས་མེད་ཅེས་གསུངས་པ་ཞེས་སོགས་དྲི་གཞིའི་ལུང་དེ་དང་། སྟོང་ཐུན་ལས། མདོ་ནས་མེད་ཅེས་གསུངས་པ་རྣམས་ཀུན་བཏགས་ལ་དགོངས་པར་ཐེག་བསྡུས་སོགས་ལས་གསུངས་པའི་དོན་རྣམས་རྣམ་རིག་པ་རང་ལུགས་ལ་ཧ་ཅང་ཐལ་བ་མང་དུ་སྨྲ་དགོས་པ་འབྱུང་སྟེ། འདུས་མ་བྱས་ཀྱི་ནམ་མཁའ་མེད་པར་ གསུངས་པའང་ནམ་མཁའ་ཕྱི་རོལ་དོན་དུ་མེད་པ་ལ་དགོངས་སོ་ཞེས་རྟོག་ལྡན་ལ་སྐྱེ་མི་སྲིད་པའི་ལོག་རྟོག་འགོག་པ་འབའ་ཞིག་ལ་སྦྱར་ཏེ་འཆད་དགོས་པ་མང་བར་འབྱུང་བའི་ཕྱིར་རོ། ། ཞེས་གསུངས་པའི་ཕྱིར་རོ། ། འོན་ཀྱང་དྲང་ངེས་ཆེན་མོར་སྟོང་ཐུན་ལས་གསུངས་པ་དེ་ཕྱི་དོན་གྱི་བེམ་ པོར་དགོངས་པར་གསུངས་ནས་ནམ་མཁའ་ཕྱི་དོན་དུ་གྲུབ་པར་འཛིན་པའི་བློ་ལྷན་སྐྱེས་ཡོད་ཀྱང་ནམ་མཁའ་ཕྱི་དོན་གྱི་བེམ་པོར་འཛིན་པའི་བློ་ལྷན་སྐྱེས་མེད་པའི་ཞིབ་ཆ་འབྱེད་དགོས་པའི་ཕྱིར། ཞེས་གསུངས་པ་ལ་བརྟེན་ནས་མཁས་པ་འགའ་ཞིག་གིས། ཕྱི་དོན་དུ་གྲུབ་ཚད་བེམ་པོར་གྲུབ་ཚད་མ་ཡིན་གྱི་ཕྱི་དོན་དུ་གྲུབ་ཚད་རང་འཛིན་ཚད་མ་ལས་བདག་ཉིད་ཐ་དད་དུ་ གྲུབ་པ་ལ་བྱེད་དགོས་པ་ཡིག་ཆའི་དགོངས་པ་སྟེ། ལུགས་འདིར་ཡང་ཐལ་འགྱུར་བ་དང་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་གཉིས་ཀྱིས་ཕྱི་དོན་ཁས་ལེན་པའང་རང་འཛིན་ཚད་མ་དང་བདག་ཉིད་ཐ་དད་པར་ཁས་ལེན་པས་དབང་ལས་ཡིན་གསུངས་པའང་། ཕྱི་རོལ་དོན་འཛིན་གྱི་བློ་ལྷན་སྐྱེས་ལ་ སྣང་བ་ལྟར་གཙོ་བོ་གཟུགས་སྒྲ་སོགས་ཕྱི་རོལ་གྱི་ཡུལ་གྱི་ངོས་ནས་དབང་ཤེས་ལ་རང་གི་རྣམ་པ་གཏད་པར་སྣང་བ་ལྟར་གྲུབ་པ་ཕྱི་དོན་དུ་གྲུབ་ཚད་ དེ། གཟུགས་འཛིན་མིག་ཤེས་ལྟ་བུ་ལ་ཕྱི་རོལ་ཡུལ་གྱི་སྟོབས་ཀྱིས་རྣམ་པ་གཏད་པར་སྣང་བ་ལྟར་གྲུབ་པ་ཁེགས་པས་ཕྱི་དོན་དུ་གྲུབ་པའང་ཁེགས་ཕྱིར།

              སྟོང་ཐུན་ལས། གཟུགས་སོགས་ངོ་བོ་དང་ཁྱད་པར་གྱི་ཐ་སྙད་འཇུག་པའི་གཞིའམ་གནས་སུ་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཞེན་པའི་ཞེན་ཚུལ་ལྟར་ཡོད་པ་རིགས་པས་ཁེགས་པ་ན་དེ་ལྟར་སྣང་བའི་དབང་ཤེས་ཀྱི་སྣང་ཚུལ་ལྟར་ཡོད་པའང་ཁེགས་པས་དབང་ཤེས་རྣམས་སྣང་ཡུལ་ལ་འཁྲུལ་བར་འགྲུབ་ལ། དེ་གྲུབ་པ་ན་གཟུང་དོན་ཕྱི་རོལ་གྱི་སྟོབས་ལས་སྐྱེས་པ་ཁེགས་པས་སྔོ་སོགས་རང་སྣང་མཁན་གྱི་དབང་ཤེས་ལས་རྫས་གཞན་དུ་ཡོད་པའང་ཁེགས་སོ་ཞེས་གསུངས་པའི་ཕྱིར་དང་། ལེགས་བཤད་གསེར་ཕྲེང་ལས། གལ་ཏེ་འདི་ཙམ་ཞིག་གཟུང་བ་བདེན་མེད་ཀྱི་དོན་ཡིན་ན་མདོ་སྡེ་བས་ཀྱང་གཟུང་བ་བདེན་མེད་དུ་འདོད་པར་འགྱུར་ཞེ་ན། ཉེས་པ་མེད་དེ། མདོ་སྡེ་བས་དོན་སྣང་དེ་དབང་བོའི་རྣམ་རིག་ལས་གཞན་དུ་མི་འདོད་ཀྱང་རྣམ་པ་དེ་ཕྱི་རོལ་གྱིས་ གཏད་པར་འདོད་ལ། འདིར་ནི་བག་ཆགས་ཀྱི་མཐུས་ཤེས་པ་ཡུལ་གྱི་རྣམ་པ་ཅན་དུ་སྐྱེ་བར་འདོད་པས་སོ། ། ཞེས་གཟུང་བ་བདེན་མེད་གཏན་ལ་ཕབ་ སྐབས་མདོ་སྡེ་བས་དབང་ཤེས་ལ་རྣམ་པ་ཤར་བ་ཕྱི་རོལ་ཡུལ་གྱིས་རྣམ་པ་ གཏད་པར་ཁས་ལེན་པ། གཟུང་བ་ཕྱི་དོན་དུ་གྲུབ་པ་མ་ཁེགས་པའི་རྒྱུ་མཚན་དུ་གསུངས་པ་འདིས་ཀྱང་འགྲུབ་པར་མངོན་ནོ། ། ཐལ་འགྱུར་བ་དང་མདོ་སྡེ་སྤྱོད་པའི་དབུ་མ་བ་གཉིས་ཀྱིས་ཕྱི་དོན་འདོད་པར་ལུགས་འདིར་ཡང་ཁས་ལེན་མོད། དེ་ནི་ཐལ་འགྱུར་བའི་དབང་ཤེས་ལ་ཕྱི་རོལ་རྒྱང་ཆད་དུ་སྣང་བའི་སྣང་བ་འདི་ཐ་སྙད་དུ་ཡང་མེད་ན་འདི་ཉིད་འགོག་པ་དོན་དམ་ དཔྱོད་བྱེད་ཀྱི་ཚད་མ་དགོས་ཀྱི་ཕྱི་དོན་འགོག་བྱེད་ཐ་སྙད་དཔྱོད་བྱེད་ཀྱི་ ཚད་མ་མེད་པའི་ཕྱིར།

              སྟོང་ཐུན་ལས། དབང་ཤེས་ལ་གཟུགས་སོགས་ཕྱི་ རོལ་ལྟ་བུར་རྒྱང་ཆད་དུ་སྣང་བ་འདི་སྣང་བ་ལྟར་ཐ་སྙད་ཙམ་དུའང་མ་གྲུབ་ན་འདི་ཉིད་འགོག་པ་དོན་དམ་དཔྱོད་བྱེད་ཀྱི་ཚད་མ་ལ་མ་ལྟོས་པར་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མས་ཁེགས་པ་མ་ཡིན་ཏེ། ཕྱི་དོན་འགོག་བྱེད་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མ་མི་སྲིད་པའི་ཕྱིར་དང་། དོན་དམ་དཔྱོད་བྱེད་ཀྱི་ཚད་མས་ དཔྱད་ན་ཤེས་པའང་མ་གྲུབ་པའི་ཕྱིར་རོ། ། ཞེས་དང་། དེས་ན་མདོ་སྡེ་བ་ དང་ཐལ་འགྱུར་བ་གཉིས་ཀ་ཕྱི་དོན་ཁས་ལེན་པ་ཙམ་ཞིག་མཚུངས་ཀྱང་ཁས་ལེན་ཚུལ་གཏན་མི་འདྲ་བ་ཡིན་ནོ། ། ཞེས་གསུངས་པས་ཕྱི་རོལ་ཀྱི་སྣང་བ་ཙམ་ཐ་སྙད་དུ་ཡོད་པས་དེ་ཙམ་གྱིས་ཕྱི་དོན་ཡོད་པར་བཞག་པའི་ཕྱིར། གྲུབ་མཐའ་རྩ་བར། ཐ་སྙད་དཔྱོད་བློས་མི་ཁེགས་མི་འགྲུབ་ཕྱིར། ། ཕྱི་དོན་ཡོད་དང་ཀུན་གཞི་མེད་པར་བཞེད། ། ཅེས་པ་ལྟར་རོ། ། མདོར་ན་དོན་གང་རུང་ཞིག་ལ་ཕྱི་དོན་གྱི་ཐ་སྙད་བཏགས་ནས་དེ་ཀུན་རྫོབ་ཏུ་ཡོད་པར་འདོད་པས་ཕྱི་དོན་ཁས་ལེན་པར་བཞག་པ་ཡིན་ནོ། ། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པས་རྡུལ་ཆ་མེད་བསགས་པའི་ཕྱི་དོན་མི་འདོད་ཀྱང་དབང་ཤེས་ལ་ཕྱི་རོལ་ཡུལ་གྱི་ངོས་ནས་རང་གི་རྣམ་པ་གཏད་པར་འདོད་པས་ལུགས་འདིའི་དགག་བྱའི་ཕྱི་དོན་དངོས་སུ་འདོད་པའི་ཕྱིར་རོ། ། གཞན་ཡང་རང་འཛིན་ཤེས་པ་དང་ངོ་བོ་ཐ་དད་དུ་གྲུབ་པ་ཕྱི་རོལ་དོན་དུ་གྲུབ་ཚད་ཡིན་ན་འགོག་སྙོམས་པའི་རྒྱུད་ཀྱི་གཟུགས་ཕུང་སོགས་རང་འཛིན་ཤེས་པ་དང་ངོ་བོ་ཐ་དད་དུ་གྲུབ་པས་ཕྱི་རོལ་དོན་དུ་གྲུབ་པར་འགྱུར་རོ། ། 
               ཟུར་གཉིས་པ་ཇི་འདྲ་ཞིག་ལ་རྟོག་པ་ཡིད་ཤེས་ལ་ལྟོས་པའི་ལྟ་བ་དང་། རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བ་ཟེར་ཞེ་ན། གཟུགས་སོགས་བརྡ་འདོགས་པའི་གནས་སམ་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པའི་ སྟོང་བ་རྟོག་པ་ཡིད་ཤེས་ལ་ལྟོས་པའི་ལྟ་བ་ཡིན་ཀྱང་། དེ་གང་གིས་སྟོང་བའི་དགག་བྱ་དེ་དབང་ཤེས་ལ་མི་སྣང་བ་མིན་ཏེ། འདི་ལྟར་གཟུགས་འཛིན་མིག་ཤེས་ཀྱིས་སྔོན་པོ་སོགས་གཟུགས་སོ་ཞེས་བརྡ་འདོགས་པའི་གཞིར་རང་གི་གནས་ཚོད་ཀྱིས་གྲུབ་པར་སྣང་ཞིང་རྟོག་པས་སྣང་བ་དེ་ལ་ཞེན་ནས་སྔོན་པོ་སོགས་ལ་གཟུགས་སོ་ཞེས་ཐ་སྙད་བྱེད་དེ། དེའི་ཕྱིར་སྣང་བ་དེ་ལ་རྟོག་ པའི་ཞེན་གཞི་ཞེས་བརྗོད་པ་ཡིན་ཏེ། སྟོང་ཐུན་ལས། དབང་ཤེས་ལ་སྣང་ཚུལ་དེ་ལྟར་དུ་གྲུབ་པར་ཡང་རྟོག་པས་ཞེན་པའི་སྒོ་ནས་སྔར་རང་རྒྱུད་ལ་ ཡོད་པའི་མངོན་པར་བརྗོད་པའི་བག་ཆགས་ཡང་དང་ཡང་དུ་གསོ་བར་བྱེད་པས། དེའི་ཕྱིར་དབང་ཤེས་ལ་ཚུལ་དེ་ལྟར་སྣང་བའི་གཟུགས་སོགས་དེ་ལ་ རྟོག་པའི་ཞེན་གཞི་ཞེས་བྱ་སྟེ། འདིར་གཟུགས་སོགས་རྟོག་པའི་ཞེན་གཞི་ ཞེས་ཡང་ཡང་འབྱུང་བའི་དོན་ནི་དེ་ཡིན་གྱི། ཞེས་གསུངས་པའི་ཕྱིར་རོ། ། དབང་ཤེས་ལ་དེ་འདྲའི་སྣང་ཚུལ་ཡོད་པ་གང་ལས་ཤེས་ཤེ་ན། ཐ་སྙད་དེ་ ལྟར་འདོགས་པའི་རྗེས་ཀྱི་རྟོག་པ་རང་སྟོབས་ཀྱིས་འདྲེན་པའི་ཕྱིར་དང་། སྔོན་པོ་ཞེས་བརྗོད་པའི་དོན་དེའི་ངོ་བོ་གཟུགས་ཡིན་ནོ་ཞེས་བརྗོད་པའི་སྒྲས་ཀུན་སློང་གི་རྟོག་པའང་འདྲེན་པའི་ཕྱིར་རོ། ། དང་བོ་གྲུབ་སྟེ། སྟོང་ཐུན་ལས། མིག་ཤེས་དེ་ལ་སྔོན་པོ་ཚུལ་ཇི་ལྟར་སྣང་བའི་སྣང་བ་དེ་ཉིད་དྲན་པའི་ཡུལ་དུ་བྱས་ནས་དེ་ལ་ཞེན་ཏེ་འདི་སྔོན་པོའོ་ཞེས་ཐ་སྙད་བྱེད་པའི་རྟོག་པ་མིག་ཤེས་དེས་རང་སྟོབས་ཀྱིས་འདྲེན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྩ་བ་ལས། དེའི་དོན་ནི་གཟུགས་ཞེས་བརྗོད་པའི་དོན་ དེའི་ངོ་བོ་ཉིད་གང་ཡིན་དྲིས་པ་ན་དེའི་ངོ་བོ་ཉིད་གཟུགས་ཡིན་ཞེས་སྨྲ་ཡི་ གཟུགས་ཞེས་མིང་དུ་བཏགས་པ་ཙམ་ཞིག་གཟུགས་ཞེས་བརྗོད་པའི་དོན་ དེའི་ངོ་བོ་ཉིད་ཡིན་ནོ་ཞེས་སྨྲ་རྒྱུ་མེད་དོ། ། ཞེས་དང་།

               སྟོང་ཐུན་ལས། སྔོན་པོ་ཞེས་བརྗོད་པའི་དོན་དེའི་ངོ་བོ་གང་ཡིན་ཞེས་དྲིས་ནའང་མིག་ཤེས་དེ་ལ་སྔོན་པོ་ལྟར་སྣང་བའི་སྣང་བ་དེ་ཉིད་ལ་ཞེན་ནས་དེའི་ངོ་བོ་གཟུགས་ཡིན་ནོ་ཞེས་ལན་འདེབས་པའི་ཀུན་སློང་གི་རྟོག་པའང་མིག་ཤེས་དེའི་སྟོབས་ཀྱིས་ འདྲེན་པར་ནུས་པའི་ཕྱིར་རོ། ། ཞེས་གསུངས་པའི་ཕྱིར། དེས་ན་དབང་ཤེས་ལ་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་དང་ཕྱི་རོལ་དོན་དུ་གྲུབ་པ་གཉིས་ཀ་སྣང་ཞིང་། དབང་ཤེས་དེས་རང་གི་རྗེས་ཐོག་ཏུ་དེ་ལྟར་ཞེན་པའི་རྟོག་པ་གཉིས་འདྲེན་པར་ཁྱད་མེད་ཀྱང་། ཕྱི་རོལ་དོན་དུ་གྲུབ་པར་སྣང་ཚེ་ཕར་ངོས་ན་ཡོད་པའི་སྔོན་པོ་ལྟ་བུ་དེ་ཁོ་རང་གི་ངོས་ནས་ཚུར་དབང་ཤེས་ ལ་ཤར་བའམ་རྣམ་པ་གཏད་པར་སྣང་བ་དང་། རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྣང་ཚེ་བརྡ་འདོགས་པའི་རྟོག་པ་དེའི་ཡུལ་དུ་ཕར་སྣང་བས་དེའི་ཆ་ནས་ལྟ་བ་དེ་གཉིས་ཀའི་ཁྱད་པར་འབྱེད་རྒྱུ་ཡོད་དམ་སྙམ་སྟེ། བྱིས་བློར་ཤར་ཚུལ་ཙམ་མོ།
                 ཟུར་གསུམ་པ་ལྟ་བ་དེ་གཉིས་ཆོས་ཐམས་ཅད་ཀྱི་སྟེང་དུ་ཡོད་དམ་མེད་ཅེ་ན། རྟོག་པ་ཡིད་ཤེས་ལ་ལྟོས་པའི་ལྟ་བ་ཆོས་ཐམས་ཅད་ཀྱི་སྟེང་དུ་ཡོད་ ཀྱང་རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བ་གཟུགས་སྒྲ་སོགས་ལ་ཡོད་ཀྱི་ཆོས་གཞན་ལ་མེད་དེ། དེ་ནི་དབང་ཤེས་ལ་ཡུལ་གཟུགས་སྒྲ་སོགས་ཀྱི་རྣམ་པ་ཤར་ཚེ་ཕྱི་རོལ་རྒྱང་ཆད་ཀྱི་ཡུལ་གྱི་ངོས་ནས་རྣམ་པ་གཏད་པར་སྣང་བ་ ལྟར་མེད་པ་ལ་བྱེད་དགོས་པའི་ཕྱིར། ཤེས་བྱེད་མདོ་ཙམ་གོང་དུ་སོང་ཟིན་ཏོ། ། འོན་ཀྱང་དྲང་ངེས་ཆེན་མོར། ནམ་མཁའ་ཕྱི་དོན་གྱིས་སྟོང་བ་ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་གསུངས་པ་དང་། དཀའ་འགྲེལ་ལས། རང་འཛིན་ རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྟོན་པ་དང་། ཕྱི་རོལ་དོན་དུ་གྲུབ་པར་སྟོན་པའི་མདོ་གཉིས་དོན་གཅིག་ཏུ་གསུངས་པ་ལྟར་ཁས་ལེན་ཚེ་ཆོས་ཁམས་དང་ཆོས་ཀྱི་སྐྱེ་མཆེད་ཀྱི་སྟེང་དུའང་ཕྱི་དོན་གྱིས་སྟོང་བའི་ སྟོང་ཉིད་འཇོག་དགོས་པ་སོགས་དཔྱད་རྒྱུ་མང་ཡང་རེ་ཞིག་དེ་ཙམ་གྱིས་ མཇུག་བསྡུའོ། །

མི་འཇིགས་སྤོབས་པ་བཞི་ལྡན་རྒྱལ་བའི་གསུང་། །
དགོངས་ལྡེམ་རྟོན་བཞིའི་དྲི་མེད་རིགས་ལམ་གྱིས། །
ཤིང་རྟ་ཆེན་པོའི་སྲོལ་བཞིན་ལེགས་ཕྱེ་བའི། །
འཇམ་མགོན་ཡབ་སྲས་བཀའ་དྲིན་ཁུར་དུ་ལྕི། །
རྣམ་བྱང་ལེགས་ལམ་སྟོན་པའི་ལུང་ཆོས་ཀུན། །
རྣམ་དཔྱོད་རིགས་པས་ཚུལ་གཉིས་འབྱེད་པ་ལ། །
རྣམ་འདྲེན་རྒྱལ་བ་དགྱེས་པའི་བློ་གྲོས་ཅན། །
རྣམ་མང་འགྲོ་བའི་མགོན་དེ་སླར་ཡང་དྲན། །
སྐྱེས་སྦྱངས་རིག་པའི་སྟོབས་མེད་བདག་ལྟ་བུས། །
ཟབ་དཀའི་གཞུང་ལ་དཔྱོད་པ་འོས་མིན་ཡང་། །
གཞལ་མེད་དྲིན་གྱིས་བསྐྱངས་བའི་བཤེས་གཉེན་གྱི། །
དགོངས་བཞེད་འགྲུབ་པའི་རྟེན་དུ་འདི་ཙམ་བཏེགས།།
 

             ཞེས་པ་འདི་ནི་གཞན་ཕན་ལྷག་བསམ་གྱིས་ཉེ་བར་དྲངས་པའི་མཁས་བཙུན་བཟང་ གསུམ་དང་ལྟ་སྒོམ་སྤྱོད་གསུམ། འཆད་རྩོད་རྩོམ་གསུམ་སོགས་ཡོན་ཏན་ཚོགས་ཀྱིས་ ཐུགས་རྒྱུད་ཡོངས་སུ་གཏམས་པའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་བཀའ་དྲིན་མཚུངས་མེད་རྗེ་བློ་བཟང་དགེ་འདུན་དཔལ་བཟང་བོའི་ཞལ་སྔ་ནས་ཀྱི་རྗེས་དྲན་དུ་མགོན་པོ་གང་གིས་ཐུགས་བརྩེའི་བཀའ་དྲིན་གྱིས་རྗེས་སུ་བསྐྱངས་པའི་སློབ་བུའི་གྲལ་མཐར་འཁོད་པ་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་གྲྭ་རིགས་མཁྱེན་རབ་རྒྱ་མཚོར་འབོད་པས་རང་ཉིད་ལ་གཞུང་ཆེན་པོའི་དཀའ་གནད་འབྱེད་པའི་རྣམ་དཔྱོད་ཡོད་མེད་ལ་མ་ ལྟོས་པར་རྒན་རིན་པོ་ཆེ་དང་རིང་དུ་བྲལ་བའི་སྐྱོ་སེམས་ཀྱི་གདུང་བ་གསོ་ཕྱིར་ཅུང་ཟད་ཕན་དུ་རེ་བ་དང་། ། གཞན་ཡང་ལེགས་ཚོགས་རྟེན་འབྱུང་དུ་མར་དམིགས་ཏེ་དད་གདུང་ཆེན་པོས་མཚམས་སྦྱར་ཏེ་བྲིས་པ་དགེའོ། །
 

              ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                   རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།