ཇི་འདྲ་ཞིག་ལ་རྟོག་པ་ཡིད་ཤེས་ལ་ལྟོས་བའི་ལྟ་བ་དང་།རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བ་ཟེར།དེ་གཉིས་ཆོས་ཐམས་ཅད་ཀྱི་སྟེང་དུ་གཏན་ལ་ཕབ་པའི་ལན །༤

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-24 11:35:26     རྩོམ་པ་པོ།   འབོ་ར་དཀོན་མཆོག་རྒྱ་མཚོ།    ཀློག་ཐེངས།  

76549972386228242.jpg

             དྲི་གཞི་བཅུ་དགུ་བ། རྩ་བ་ལས། ཡུམ་གྱི་མདོ་ནས་མེད་ཅེས་གསུངས་པ་ཐམས་ཅད་ཀྱིས་ཀུན་བཏགས་འགོག་པ་ཐེག་བསྡུས་ལས་གསུངས་པ་རྣམས་ལ་དགོངས་འགྲེལ་གྱི་ཀུན་བཏགས་འགོག་ཚུལ་འདི་མི་ཤེས་ན་གཟུང་འཛིན་རྫས་གཞན་གྱི་ཀུན་བཏགས་ཁོ་ན་ལ་བཤད་པས་རྣལ་འབྱོར་སྤྱོད་པ་བ་དག་གི་ལུགས་ལ་ཡང་ཆེས་མི་རིགས་པ་དུ་མ་ཞིག་སྨྲ་དགོས་ལ། ཞེས་པའི་ཀུན་བཏགས་འགོག་ཚུལ་གཟུང་འཛིན་རྫས་གཞན་གྱི་ཀུན་བཏགས་ཁོ་ན་ལ་བཤད་ན་རྣལ་འབྱོར་སྤྱོད་པ་བ་དག་གི་ལུགས་ལ་ཆེས་མི་རིགས་པ་དུ་མ་ཞིག་སྨྲ་དགོས་ཚུལ་གང་ཡིན། ཇི་འདྲ་ཞིག་ལ་རྟོག་པ་ཡིད་ཤེས་ལ་ལྟོས་བའི་ལྟ་བ་དང་། རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བ་ཟེར། དེ་གཉིས་ཆོས་ཐམས་ཅད་ཀྱི་སྟེང་དུ་གཏན་ལ་ཕབ་པ་ཡོད་དམ།

                                                                                                          འབོ་ར་དཀོན་མཆོག་རྒྱ་མཚོ། འབྲས་སྤུངས་སྒོ་མང་།

ཤིང་རྟ་ཆེན་པོ་ཉི་ཟླ་ཟུང་གིས་ཀྱང་། །
རང་དབང་འཆད་པར་མ་ནུས་རྟེན་འབྱུང་དོན། །
ཇི་བཞིན་གཟིགས་ནས་མོས་པ་རྒྱ་མཚོའི་ངོར། །
ལེགས་པར་འདོམས་མཛད་སྟོན་པ་མཆོག་དེར་འདུད། །
གང་དེའི་བསྟན་ལ་རབ་བྱུང་སྒོས་ཀྱི་དོན། །
འཆད་རྩོད་རྩོམ་དང་ཐོས་བསམ་སྒོམ་སོགས་ཀྱིས། །
ལུང་རྟོགས་བསྟན་པའི་པད་ཚལ་ཡང་ནས་ཡང་། །
རྒྱས་མཛད་བདག་གི་མགོན་དེས་བྱིན་ཆེན་ཕོབས། །
 

             འདིར་ཡབ་རྗེ་བླ་མ་མཆོག་ཐུགས་དགྱེས་པའི་མཆོད་སྤྲིན་དུ་དམིགས་ཏེ། སེམས་ཙམ་པའི་དྲང་ངེས་ཐད་ཀྱི་དྲི་བ་ལ་ལན་འབུལ་བ་ལ། དྲི་བའི་གཞི་ནི། རྩ་བ་ལས། ཡུམ་གྱི་མདོ་ནས་མེད་ཅེས་གསུངས་པ་ཞེས་པ་ནས་ཆེས་མི་རིགས་པ་དུ་མ་ཞིག་སྨྲ་དགོས་ལ་ཞེས་པས་བསྟན་པའི་ཆེས་མི་རིགས་པ་དུ་མ་ཞིག་སྨྲ་དགོས་ཚུལ་གང་ཡིན་དང་། རྟོག་པ་ཡིད་ཤེས་དང་རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བ་ཟེར་བ་ཇི་འདྲ་ཞིག་ཡིན་པ་དང་། དེ་གཉིས་ཆོས་ཀུན་གྱི་སྟེང་དུ་གཏན་ལ་ཕབ་པ་ཡོད་དམ་མེད་ཅེས་པའོ། ། སྐབས་དོན་དྲིས་ལན་ལ་འཇུག་པའི་བྱ་བ་དང་། འཇུག་པ་དངོས་སོ། ། 

           དང་བོ་དྲང་ངེས་འབྱེད་དགོས་པའི་རྒྱུ་མཚན་མདོ་ཙམ་བཤད་པ་ནི། བདག་ཅག་གི་འདྲེན་མཆོག་དམ་པར་གྱུར་བ་རྣམ་འདྲེན་ཐུབ་པའི་དབང་བོ་དེ་ཉིད་གླིང་འདིར་མཆོག་སྤྲུལ་གྱི་རྣམ་པར་བྱོན་ཏེ། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་ལ་སོགས་པ་བསྐོར་ཞིང་། དེ་ཡང་གདུལ་བྱའི་ཁམས་དང་མོས་པའི་དབང་ལས་བདག་ཡོད་མེད་དང་། ཕྱི་དོན་ཡོད་མེད། བདག་མེད་ཕྲ་རགས་གསུམ་སོགས་གསུངས་པ་ལ་བརྟེན་ནས་ཐེག་པ་གསུམ་དང་། གྲུབ་མཐའ་སྨྲ་བ་བཞི་སོགས་བྱུང་། དེ་ལྟར་གསུངས་པ་ཡང་། དཔེར་ན་གང་ཟག་གི་བདག་ཡོད་པར་སྟོན་དགོས་པའི་གདུལ་བྱ་བློ་དམན་པ་ལ་བདག་ཡོད་པར་མ་བསྟན་ན་རེ་ཞིག་དེ་འདུལ་བའི་ཐབས་གཞན་མེད་ཅིང་། གལ་ཏེ་བདག་མེད་བསྟན་ན་གང་ཟག་དེའི་ངོར་སྐྱེ་བ་སྔ་མ་ནས་འདི་དང་འདི་ནས་ཕྱི་མར་འགྲོ་བའི་ཐ་སྙད་པའི་བདག་གཏན་མེད་དུ་གོ་ནས་ཆད་མཐར་ལྟུང་བའི་ཉེན་ཡོད། དོན་གྱི་དབང་འདི་གཟིགས་ནས་རེ་ཞིག་བདག་མེད་བཞིན་དུ་ཡོད་པར་བསྟན་པའོ། ། དེ་ལྟར་སངས་རྒྱས་ཀྱིས་ཆོས་གསུངས་པའང་ཆོས་སྟོན་སའི་ཡུལ་གྱི་ཁམས་དང་མོས་པ་ལ་འཚམ་པ་ཞིག་བསྟན་པ་ཡིན་ཏེ།

           དཔེར་ན། སྨན་པ་མཁས་པས་ནད་པ་ལ་སྨན་གང་ཡིན་སྤྲོད་མི་རུང་བར་ཕ་རོལ་བོའི་ནད་ཀྱི་ཚུལ་དང་བསྟུན་ དགོས་པ་བཞིན་ནོ། ། དེ་ཡང་མདོ་ལང་གཤེགས་ལས། ཇི་ལྟར་ནད་པ་ན་བ་ལ།། སྨན་པ་སྨན་རྣམས་གཏོང་བ་ལྟར། ། སངས་རྒྱས་དེ་བཞིན་སེམས་ཅན་ལ། ། སེམས་ཙམ་དུ་ཡང་རབ་ཏུ་གསུངས། །ཞེས་དང་། རིན་ཆེན་ཕྲེང་བ་ལས་ཀྱང་། བརྡ་སྤྲོད་པ་དག་ཇི་ལྟ་བུར། ། ཡི་གེ་ཕྱི་མོ་ཀློག་འཇུག་ལྟར། ། དེ་བཞིན་ སངས་རྒྱས་གདུལ་བྱ་ལ། ། ཇི་ཙམ་བཟོད་པའི་ཆོས་སྟོན་ཏེ། ། ཞེས་དང་། དབུ་མ་འཇུག་པ་ལས། དེ་ཕྱིར་མཁས་པས་རིན་པོ་ཆེ་ཡི་གླིང་དུ་ཆས་པའི་སྐྱེ་ཚོགས་ཀྱི། །ངལ་བ་ཉེར་སེལ་གྲོང་ཁྱེར་ཡིད་འོང་བར་དུ་རྣམ་པར་བཀོད་པ་ལྟར། ། ཁྱོད་ཀྱི་ཐེག་པ་འདི་ནི་སློབ་མ་ཉེ་བར་ཞི་བའི་ཚུལ་ལ་ཡིད། ། ཅེས་གསུངས་པ་ལྟར་ཁམས་དང་མོས་པ་སོ་སོའི་དབང་ལས་དྲང་ངེས་ཀྱི་གསུང་རབ་མཐའ་ཡས་པ་ཞིག་བཀའ་བསྩལ་ཏོ། ། རྒྱལ་བའི་གསུང་རབ་ལ་དྲང་ ངེས་འབྱེད་པར་རྒྱལ་བ་རང་ཉིད་ཀྱིས་ལུང་བསྟན་པ་ལྟར་ཀླུ་སྒྲུབ་ཐོགས་མེད་གཉིས་ཀྱིས་དབུ་སེམས་ཀྱི་དྲང་ངེས་འབྱེད་པའི་ཤིང་རྟའི་སྲོལ་བཏོད། སྟོན་པ་རང་ཉིད་ཀྱིས་ཀྱང་། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། ། བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་རྟོན་པ་བཞིའི་སྒོ་ནས་དྲང་ངེས་འབྱེད་ཚུལ་སོགས་གསུངས་པ་ནི་སྟོན་པ་གཞན་ལས་ཁྱད་པར་དུ་འཕགས་པའི་འཕགས་ཆོས་བླ་ན་མེད་པ་ཡིན་ནོ། ། དེ་ལྟར་རྒྱུ་མཚན་དང་རིགས་ལམ་དྲི་མ་མེད་པའི་སྒོ་ནས་རྒྱལ་བའི་གསུང་ཚད་མར་འཛིན་པ་མ་གཏོགས་སངས་རྒྱས་ཀྱི་བཀའ་ཡིན་པ་ཙམ་རྒྱུ་མཚན་དུ་བྱས་ནས་སྟོན་པའི་རྗེས་སུ་འབྲང་བ་དག་ནི་སྟོན་པ་དང་དེའི་བསྟན་པ་ལྟ་བ་སོགས་ཡང་དག་ཏུ་འཇོག་མ་ཤེས་པའི་ རང་མཚང་རྗེན་པར་སྟོན་པ་ཡིན་ནོ། ། དེ་སྐད་དུ་ལྷ་ལས་ཕུང་བྱུང་གི་བསྟོད་པར། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། ། སེར་སྐྱ་སོགས་ལ་མི་སྡང་ ཡང་། ། གང་ཞིག་རིགས་པར་ལྡན་པའི་ཚིག ། དེ་ཉིད་སྟོན་པར་ཡོངས་སུ་འཛིན། ། ཞེས་སོ། །

              གཉིས་པ་དྲིས་ལན་ལ་འཇུག་པ་དངོས་ནི། རྩ་བ་ལས། ཡུམ་གྱི་མདོ་ཞེས་པ་ནས་ཆེས་མི་རིགས་པ་དུ་མ་ཞིག་སྨྲ་དགོས་ལ་ཞེས་པས་ མི་རིགས་པ་དུ་མ་ཞིག་སྨྲ་དགོས་ཚུལ་ནི། ཡུམ་གྱི་མདོ་ལས་མེད་ཅེས་གསུངས་པ་ཐམས་ཅད་ཀྱིས་ཐ་སྙད་དུ་མེད་ཅེས་གསུངས་པ་མ་ཡིན་པར་དགག་བྱ་ ཀུན་བཏགས་ཞིག་བཀག་ནས་མེད་ཅེས་པ་ཡིན་པས་དེ་འདྲའི་དགག་རྒྱུའི་ ཀུན་བཏགས་ཐེག་བསྡུས་ལས་གསུངས་པ་རྣམས་ལ། དགོངས་འགྲེལ་དུ་ གཞི་གཞན་དབང་ལ་ངོ་བོ་དང་ཁྱད་པར་དུ་བཏགས་པའི་ཀུན་བཏགས་ འགོག་ཚུལ་འདི་མི་ཤེས་ན་རྣལ་འབྱོར་སྤྱོད་པ་བ་དག་གི་ལུགས་ལ་ཡང་ཆེས་མི་རིགས་པ་དུ་མ་ཞིག་སྨྲ་དགོས་པར་འགྱུར་ཏེ། ཡུམ་གྱི་མདོ་ལས་ཀུན་བཏགས་བཀག་པ་གཟུང་འཛིན་རྫས་གཞན་གྱི་ཀུན་བཏགས་འགོག་ཚུལ་ཁོ་ན་ལ་སྦྱོར་དགོས་པར་འགྱུར་བའི་ཕྱིར། ཁྱབ་སྟེ། དེ་ལྟར་སྦྱར་ན་ཡུམ་མདོ་ལས་ནམ་མཁའ་ལ་སོགས་པ་མེད་ཅེས་གསུངས་པའང་དེ་བཞིན་དུ་བྱེད་ དགོས། དེ་ལྟ་ན་གཞི་ནམ་མཁའི་སྟེང་དུ་གཟུང་འཛིན་རྫས་གཞན་གྱིས་སྟོང་བ་ཡོངས་གྲུབ་དུ་བྱེད་དགོས་པར་འགྱུར་ན་དེ་ནི་མི་འཐད་དེ། དེ་ལྟ་ན་ནམ་མཁའ་དང་སྤྱི་མཚན་སོགས་ཀྱི་སྟེང་དུ་ལུགས་འདིའི་ཡོངས་གྲུབ་གཏན་ལ་ འབེབ་པ་མེད་པར་འགྱུར་རོ། །

               འོན་ཀྱང་། ནམ་མཁའ་ཕྱི་རོལ་དོན་དུ་གྲུབ་པ་དགག་བྱ་ཆོས་བདག་དང་ནམ་མཁའ་ཕྱི་དོན་གྱིས་སྟོང་བ་གནས་ལུགས་མཐར་ཐུག་ཏུ་མི་འདོད་པ་མིན་ཏེ། གཞི་ནམ་མཁའ་ལྟ་བུའི་སྟེང་དུ་ཕྱི་དོན་དུ་གྲུབ་པ་དང་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་ གཉིས་ཀའང་རྟོག་པ་ཡིད་ཤེས་ལ་ལྟོས་པའི་ལྟ་བའི་དགག་བྱར་ཁས་ལེན་ དགོས་པའི་ཕྱིར། དེའི་རྒྱུ་མཚན་ཡང་དེ་འདྲའི་དགག་བྱ་གཉིས་ནམ་མཁའ་འཛིན་པའི་རྟོག་པ་ལྟ་བུའི་སྣང་ངོར་འཆར་ཚུལ་སོ་སོ་བ་མེད་པ་སོགས་དགག་བྱ་གནད་གཅིག་ཏུ་འགྲོ་བས་ཡིན་ནོ། ། དེས་ན་ཡུམ་གྱི་མདོ་ལས་ནམ་མཁའ་མེད་པར་གསུངས་པ་ནམ་མཁའ་ཕྱི་རོལ་དོན་དུ་མ་གྲུབ་པའམ་ནམ་མཁའ་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་མ་གྲུབ་པ་ལ་དགོངས་ཞེས་བཤད་ན་མདོའི་དོན་ལེགས་པར་འཆད་ནུས་པ་ཡིན་ནོ། ། མཁས་གྲུབ་རིན་པོ་ཆེའི་དབུ་མའི་སྟོང་ཐུན་ལས་འདུས་མ་བྱས་ཀྱི་ནམ་མཁའ་མེད་པར་གསུངས་པའང་ནམ་མཁའ་ཕྱི་རོལ་དོན་དུ་མེད་པ་ལ་དགོངས་སོ། ། ཞེས་ རྟོག་ལྡན་ལ་སྐྱེ་མི་སྲིད་པའི་ལོག་རྟོག་འགོག་པ་འབའ་ཞིག་ལ་སྦྱར་ཏེ་འཆད་དགོས་པ་མང་བོ་འབྱུང་བའི་ཕྱིར་ཞེས་དངོས་ཟིན་ལ་གསུངས་ཀྱང་ནམ་མཁའ་ཕྱི་དོན་བེམ་པོར་མ་གྲུབ་པ་ལ་དགོངས་སོ་ཞེས་བཤད་ན་སྐྱོན་དེ་ལྟར་འབྱུང་བ་ལུང་དེའི་དོན་ནོ། ། ལུང་དོན་དེ་ལྟར་འགྲེལ་དགོས་པ་ནི་སྟོང་ཐུན་རང་ལས་ཀྱང་། ཕྱི་དོན་བེམ་པོ་ཞེས་གསུངས་སྣང་གི་ཕྱི་རོལ་དོན་དུ་གྲུབ་པ་ཙམ་མིན་པར་གཞུང་གོང་འོག་བསྒྲིགས་ན་ཤེས་སླ་བའི་ཕྱིར། ནམ་མཁའ་ཕྱི་རོལ་དོན་དུ་གྲུབ་པར་འཛིན་པ་དང་དེ་རང་འཛིན་ཚད་མ་དང་ངོ་བོ་ཐ་ དད་དུ་གྲུབ་པར་འཛིན་པ་དང་། དེ་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་འཛིན་པའི་བློ་ལྷན་སྐྱེས་སོགས་ནི་སྲིད་དོ། །

               འཛིན་པ་དེ་དག་གི་ཞེན་ཡུལ་ནི་ནམ་མཁའི་སྟེང་གི་རྟོག་པ་ཡིད་ཤེས་ལ་ལྟོས་པའི་ལྟ་བའི་དགག་བྱ་དང་། དགག་བྱ་དེ་དག་གིས་སྟོང་བ་རྟོག་པ་ཡིད་ཤེས་ལ་ལྟོས་པའི་ལྟ་བ་མཐར་ཐུག་ཡིན་ནོ། ། སྤྱིར་ལེགས་བཤད་སྙིང་བོ་ལས། ཡུམ་གྱི་མདོ་ནས་ མེད་ཅེས་གསུངས་པ་ཐམས་ཅད་ཀྱི། ཞེས་པ་ནས། ཆེས་མི་རིགས་པ་དུ་མ་ཞིག་སྨྲ་དགོས་ལ་ཞེས་པའི་གཞུང་གི་དོན་འགྲེལ་ཚུལ་མི་འདྲ་བ་གཉིས་ཡོད་པ་ནི་བདག་གིས་དགེ་བའི་བཤེས་གཉེན་དག་གི་ཞལ་ནས་དངོས་སུ་ཐོས། འགྲེལ་ཚུལ་མི་འདྲ་བ་གཉིས་པོ་མདོར་བསྡུས་ཙམ་ཞིག་བརྗོད་ན། ཡུམ་གྱི་མདོ་ལས་མེད་ཅེས་གསུངས་པ་ཐམས་ཅད་ཀྱིས་ཀུན་བཏགས་འགོག་པ་ཐེག་བསྡུས་ལས་གསུངས་པ་རྣམས་ལ་དགོངས་འགྲེལ་གྱི་ཀུན་བཏགས་འགོག་ཚུལ་འདི་མི་ཤེས་ན། གཟུང་འཛིན་རྫས་གཞན་གྱི་ཀུན་བཏགས་འགོག་ཚུལ་ཁོ་ན་ལ་སྦྱོར་དགོས་པར་འགྱུར་བས་དེ་ལྟ་ན་རྣལ་འབྱོར་སྤྱོད་པ་བ་དག་གི་ ལུགས་ལ་ཆེས་མི་རིགས་པ་དུ་མ་སྨྲ་དགོས་ཞེས་བཀྲལ་ཅིང་། དེའི་རྒྱུ་མཚན་ཡང་ཐེག་བསྡུས་ལས། མིང་གི་སྔ་རོལ་བློ་མེད་ཕྱིར། ། མང་བའི་ཕྱིར་དང་མ་ངེས་ཕྱིར། ། དེ་ཡི་བདག་ཉིད་བདག་མང་དང་། ། བདག་འདྲེས་འགལ་བས་འགྲུབ་པར་འགྱུར། ། ཞེས་སོགས་ཀྱིས་རྩལ་དུ་བཏོན་ནས་དགོངས་འགྲེལ་ལས་གསུངས་པའི་ཀུན་བཏགས་འགོག་ཚུལ་གསལ་བར་བཤད་ལ། དེར་མ་ཟད་རྩ་བ་རང་ལས་ཀྱང་། དགོངས་འགྲེལ་ལས་གཞན་དབང་ཀུན་བཏགས་ཀྱིས་སྟོང་བར་སྒྲུབ་པའི་རིགས་པ་མ་གསུངས་པ་རྟོགས་པར་བྱ་བའི་ཕྱིར་བྱང་ས་དང་བསྡུ་བ་ལས་རིགས་པ་གསུམ་གསུམ་གསུངས་ཤིང་། ཐེག་བསྡུས་ལས་ཀྱང་། ཞེས་སོགས་གསུངས་པ་ཁུངས་སུ་བྱེད་དོ། །

              དེས་ན་ཐེག་བསྡུས་ལས་གཟུང་འཛིན་རྫས་གཞན་གྱི་ཀུན་བཏགས་འགོག་ཚུལ་དང་ངོ་བོ་དང་ཁྱད་ པར་ལ་ཀུན་བཏགས་པའི་ཀུན་བཏགས་འགོག་ཚུལ་གཉིས་ཀ་གསུངས་པས་མདོ་དོན་ཡང་ཀུན་བཏགས་འགོག་ཚུལ་ཕྱི་མ་འདི་མ་ཤེས་པར་སྔ་མ་ཁོ་ནར་བཤད་ན་སྐྱོན་དེ་དག་འབྱུང་བ་ཡིན། ཞེས་འགྲེལ་ལོ། ། འགྲེལ་ཚུལ་ཕྱི་མས་ཀྱང་ཐེག་བསྡུས་ལས་ཀུན་བཏགས་འགོག་ཚུལ་གཉིས་ཀ་མ་གསུངས་ཞེས་མི་སྨྲ་མོད། འོན་ཀྱང་ཐེག་བསྡུས་སུ་ཡུམ་གྱི་མདོ་ལས་མེད་ཅེས་གསུངས་པའི་དགོངས་པ་བཀྲལ་བའི་ཐད་དུ་དགོངས་འགྲེལ་གྱི་ཀུན་བཏགས་འགོག་ཚུལ་ལ་མ་སྦྱར་ཞེས་འགྲེལ། དེ་ལྟར་བཤད་སྲོལ་གཉིས་མཆིས་ཀྱང་བདག་གིས་རེ་ཞིག་འགྲེལ་ཚུལ་སྔ་མ་ལྟར་བྲིས་པའོ། ། མདོར་ན་ཡུམ་གྱི་མདོ་ལས་མེད་ཅེས་གསུངས་པའི་དོན་མདོ་སྡེ་དགོངས་འགྲེལ་གྱིས་འགྲེལ་ཚུལ་ཇི་ལྟ་བ་བཞིན་འཆད་མཁན་ནི་གངས་རིའི་ཁྲོད་འདིར་རྗེ་བླ་མ་གཅིག་པུ་ཡིན་ཏེ། སྟོང་ ཐུན་ལས། གངས་རིའི་ཁྲོད་འདིར་བདག་གི་རྗེ་ཐམས་ཅད་མཁྱེན་པ་གཅིག་པུས་གསལ་བར་མཛད་དུ་ཟད་ཀྱི། མཁས་པར་ཁས་འཆེ་བ་གཞན་མཐའ་དག་གིས་ནི་དབང་ཤེས་རང་གི་སྣང་ཡུལ་སྔོན་པོ་ལ་སོགས་པ་དང་རྫས་ཐ་ དད་པ་བཀག་པ་ཙམ་གྱི་ཕྱོགས་གཅིག་བུ་ལས་གཞན་པ་ངོ་བོ་དང་ཁྱད་པར་དུ་ཀུན་བཏགས་པའི་ཀུན་བཏགས་དང་། དེ་རང་གི་མཚན་ཉིད་ཀྱིས་གྲུབ་པ་བཀག་པའི་ཆོས་ཀྱི་བདག་མེད་འཇོག་པའི་ཚུལ་གྱི་ཐ་སྙད་ཙམ་ཡང་སྨྲ་མ་ནུས་ཞེས་གསུངས་སོ། །

              དྲི་ཟུར་གཉིས་པའི་ལན་འཆད་པ་ནི་རྟོག་པ་ཡིད་ཤེས་ལ་གཙོ་བོར་སྣང་བའི་དགག་བྱ་ཆོས་བདག་དེ། རྟོག་པ་ཡིད་ཤེས་ལ་ ལྟོས་པའི་ལྟ་བའི་དགག་བྱ་དང་། རྟོག་མེད་དབང་ཤེས་ལ་གཙོ་བོར་སྣང་ བའི་དགག་བྱ་ཆོས་བདག་དེ། རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བའི་དགག་བྱ་ཡིན། རྟོག་པ་ཡིད་ཤེས་ལ་ལྟོས་པའི་ལྟ་བ་དང་། རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བ་འཇོག་ཚུལ་ཡང་། རྟོག་པ་ཡིད་ཤེས་ལ་གཙོ་བོར་སྣང་བའི་དགག་བྱ་ཆོས་བདག་གིས་སྟོང་བ་དེ་སྔ་མའི་གོ་དོན་དང་། རྟོག་མེད་དབང་ཤེས་ལ་གཙོ་བོར་སྣང་བའི་དགག་བྱ་ཆོས་བདག་དེས་སྟོང་བ་རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བའི་གོ་དོན་ཡིན། གཙོ་བོ་སྨོས་པས་རྟོག་ མེད་དབང་ཤེས་ལ་སྣང་བའི་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་དེ། རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བའི་དགག་བྱ་ ཡིན་པ་དང་། དེས་སྟོང་བ་རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བ་ཡིན་པ་གཅོད། རྟོག་མེད་དབང་ཤེས་ལ་དགག་བྱ་ཆོས་བདག་གཉིས་ཀྱིས་སྣང་བ་ འབྱུང་བ་ནི། ཀུན་མཁྱེན་དྲང་ངེས་ཆེན་མོར་གསལ་བས་མ་བྲིས།

            འདིར་དཔྱད་རྒྱུ་ཞིག་ལ། སེམས་ཙམ་པའི་ལུགས་ལ་སྤྱིར་རྣམ་རིག་ཙམ་ལ་འཇུག་པའི་གོ་དོན་དང་། རྟོག་པ་ཡིད་ཤེས་ལ་ལྟོས་པའི་རྣམ་རིག་ཙམ་ལ་འཇུག་པ་ན་རྣམ་རིག་ཙམ་ལ་འཇུག་པ་ཡིན་མིན། རྟོག་པ་ཡིད་ཤེས་ལ་ལྟོས་པའི་ལྟ་བ་རྟོགས་ན་རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བ་རྟོགས་དགོས་མིན་སོགས་སེམས་ཙམ་པའི་དཀའ་གནས་དག་ལ་རིགས་པ་ཕྲ་མོས་དཔྱད་རྒྱུ་མང་མོད་ཀྱང་མང་བས་འཇིགས་ནས་མ་བྲིས། ད་དུང་གཞི་སྔོ་འཛིན་མིག་ཤེས་ལ་ སྔོན་པོ་སྣང་བ་ལྟར་མ་གྲུབ་པར་རྟོགས་པ་ལ་རྟོག་མེད་དབང་ཤེས་ལ་ལྟོས་ པའི་ལྟ་བ་རྟོགས་དགོས་མིན་དང་། སྔོ་འཛིན་མིག་ཤེས་ལྟ་བུའི་ཤེས་པ་གཅིག་པུ་དེའི་ངོར་སྔོན་པོ་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ ཀྱིས་གྲུབ་པར་སྣང་ཚུལ་དང་སྔོན་པོ་ཕྱི་རོལ་དོན་དུ་གྲུབ་པར་སྣང་ཚུལ་མི་ འདྲ་བ་ཡོད་མེད་དང་། གཞན་ཡང་སྔོ་འཛིན་མིག་ཤེས་ཕྱི་རོལ་དོན་དུ་མ་གྲུབ་པ་ལྟ་བུ་དེ། རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བ་དང་། རྟོག་པ་ཡིད་ཤེས་ལ་ལྟོས་པའི་ལྟ་བ་གང་ཡིན། དང་བོ་ལྟར་ན། དེ་སྔོ་འཛིན་མིག་ཤེས་ཀྱི་སྟེང་གི་སྟོང་ཉིད་ཡིན་པས་ལྟ་བ་དང་བོ་ལ་ཇི་ལྟར་འཇོག་མིན་དང་། སྔོ་འཛིན་མིག་ཤེས་ཕྱི་རོལ་དོན་དུ་གྲུབ་པ་སྔོ་འཛིན་དབང་ཤེས་ལ་སྣང་མིན། དེ་ལ་ཡུལ་སྔོན་པོ་ཕྱི་དོན་དུ་གྲུབ་པར་སྣང་བ་ལ་དོགས་པ་མེད་མོད་སྔོ་འཛིན་རང་ཉིད་རང་ལ་ཕྱི་དོན་དུ་གྲུབ་པར་སྣང་བ་ཡོད་མེད་སོགས་དཔྱད་དགོས་རྒྱུ་དུ་མ་ཞིག་འདུག

             གཉིས་པ་ལྟར་ན། སྔོ་འཛིན་མིག་ཤེས་ཕྱི་རོལ་དོན་དུ་མ་གྲུབ་པ་རྟོགས་ན་རྟོག་པ་ཡིད་ཤེས་ལ་ལྟོས་པའི་ལྟ་བ་རྟོགས་པར་འགྱུར་བ་དང་། སྔོ་འཛིན་མིག་ཤེས་སྔོན་པོ་དང་རྫས་ཐ་དད་དུ་གྲུབ་པ་ཁེགས་ན་སྔོན་པོ་སྔོ་ འཛིན་མིག་ཤེས་དང་རྫས་ཐ་དད་དུ་གྲུབ་པ་ཁེགས་དགོས་པས་ལྟ་བ་གཉིས་པོ་རིམ་ཅན་དུ་རྟོགས་པར་མི་འགྱུར་བ་སོགས་གནོད་བྱེད་བརྒྱུད་མར་འོང་ངོ་།། སྔོ་འཛིན་མིག་ཤེས་སྔོན་པོ་དང་རྫས་ཐ་དད་དུ་གྲུབ་པ་ཁེགས་ན། སྔོན་པོ་སྔོ་འཛིན་མིག་ཤེས་དང་རྫས་ཐ་དད་དུ་གྲུབ་པ་མ་ཁེགས་པ་མི་སྲིད་པ་ནི། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། ། ཞེས་པའི་ཐད་ཀྱི་རྣམ་བཤད་སྙིང་བོ་རྒྱན་ལས་གསལ་བོར་གསུངས། དེར་མ་ཟད་དབུ་མ་དགོངས་པ་རབ་གསལ་སོགས་ཚད་ལྡན་གྱི་གཞུང་ལས་གསུངས་པ་ཤིན་ ཏུ་མང་ངོ་། ། སྔོ་འཛིན་ཚད་མ་སྔོན་པོ་དང་རྫས་གཞན་གྱིས་སྟོང་བ་ནི་སྔོ་ འཛིན་ཚད་མའི་ཆོས་ཉིད་ཡིན་པ་སོགས་ནི། ཀུན་མཁྱེན་འཇམ་དབྱངས་བཞད་པའི་དྲང་ངེས་ཆེན་མོ་ལས། རྣམ་འགྲེལ་ལས། དེ་ཕྱིར་གཉིས་སྟོང་གང་ཡིན་པ། ། དེ་ནི་དེ་ཡིའང་དེ་ཉིད་ཡིན། ། ཞེས་གསུངས་པའི་ཕྱིར་ན་ མ་ཁྱབ། གཟུགས་འཛིན་ཚད་མ་གཟུགས་ལས་རྫས་གཞན་གྱིས་སྟོང་བ་དེ། གཟུགས་འཛིན་ཚད་མའི་ཆོས་ཉིད་ཡིན་པར་མ་ཟད་གཟུགས་གཟུགས་འཛིན་ཚད་མ་ལས་རྫས་གཞན་གྱིས་སྟོང་བ་དེ། གཟུགས་གྱི་གནས་ལུགས་ ཡིན་ཞེས་པ་ལུང་དེའི་དོན་ཡིན་པའི་ཕྱིར། ཞེས་གསུངས་སོ། ། རིགས་པའི་དབང་ཕྱུག་གིས་གསུངས་པའི་གཞུང་ཚིག་འདིའི་དོན་ལ་ཡིག་ཆ་སོ་སོའི་བཞེད་མཚམས་མི་འདྲ་བ་མང་མོད། རེ་ཞིག་བཏང་སྙོམས་སུ་བཞག འདི་ལས་འཕྲོས་ཏེ་སེམས་ཙམ་པས་འགོག་རྒྱུའི་ཕྱི་དོན་དང་། མདོ་སྡེ་བ་སོགས་ཀྱིས་འདོད་པའི་ཕྱི་དོན། གྲུབ་མཐའ་ཐམས་ཅད་ཀྱི་ཡང་རྩེ་དབུ་མ་ཐལ་འགྱུར་བའི་ཕྱི་དོན་འཇོག་ཚུལ་གྲུབ་མཐའ་སྨྲ་བ་འོག་མ་དག་ལས་ཐུན་མོང་མིན་པར་འགྱུར་ཚུལ་ལ་སོགས་པ་གྲུབ་མཐའ་སྨྲ་བ་རང་རང་གི་འདོད་ཚུལ་རྣམས་ཤིན་ཏུ་གལ་ཆེ་ཡང་ཉུང་ན་མཐའ་མི་ཆོད། མང་ན་ཚིག་གི་ཁུར་ཧ་ཅང་ལྕི་བས་འབྲི་མ་ནུས་སོ། །

              ཅུང་ཟད་འབད་པ་ལས་བྱུང་ལེགས་བྱས་འོད། ། ཁྱོད་ བྱིན་ཡར་ཚེས་ཟླ་བས་ཉེར་བཟུང་ནས། ། ཐུགས་དགོངས་ཟབ་མོ་རྒྱ་མཚོ་ འཕེལ་བའི་རྒྱུར། ། བཤེས་གཉེན་ཁྱོད་དང་ལྷན་ཅིག་འཇུག་པར་ཤོག ། ཅེས་ཤིང་ལྗོན་པ་འབྲས་བུའི་ཁུར་གྱིས་དུད་པ་དང་འདྲ་བའི་ལུང་དང་རྟོགས་པའི་ཡོན་ ཏན་གྱིས་ཐུགས་རྒྱུད་ལེགས་པར་གཏམས་པའི་བདག་གི་དཔལ་ལྡན་བླ་མ་དམ་པའི་རྗེས་དྲན་དུ། ཕྱི་ལོ་༢༠༡༠ཟླ༩ཚེས ༥ ཉིན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གཞུང་པ་ཁང་ཚན་རང་ཤག་ཞི་བདེ་ཁང་བཟང་ནས་བོད་མདོ་སྨད་འབོ་ར་ཡར་སྣེ་བ་དཀོན་མཆོག་རྒྱ་མཚོས་བྲིས།
 

             ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                  རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།