ཇི་འདྲ་ཞིག་ལ་རྟོག་པ་ཡིད་ཤེས་ལ་ལྟོས་བའི་ལྟ་བ་དང་།རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བ་ཟེར།དེ་གཉིས་ཆོས་ཐམས་ཅད་ཀྱི་སྟེང་དུ་གཏན་ལ་ཕབ་པའི་ལན །༢

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-24 11:14:48     རྩོམ་པ་པོ།   སྐྱོར་དཔོན་བསམ་ཐུབ་བསྟན་ཡར་འཕེ    ཀློག་ཐེངས།  

76549972386228242.jpg

            དྲི་གཞི་བཅུ་དགུ་བ། རྩ་བ་ལས། ཡུམ་གྱི་མདོ་ནས་མེད་ཅེས་གསུངས་པ་ཐམས་ཅད་ཀྱིས་ཀུན་བཏགས་འགོག་པ་ཐེག་བསྡུས་ལས་གསུངས་པ་རྣམས་ལ་དགོངས་འགྲེལ་གྱི་ཀུན་བཏགས་འགོག་ཚུལ་འདི་མི་ཤེས་ན་གཟུང་འཛིན་རྫས་གཞན་གྱི་ཀུན་བཏགས་ཁོ་ན་ལ་བཤད་པས་རྣལ་འབྱོར་སྤྱོད་པ་བ་དག་གི་ལུགས་ལ་ཡང་ཆེས་མི་རིགས་པ་དུ་མ་ཞིག་སྨྲ་དགོས་ལ། ཞེས་པའི་ཀུན་བཏགས་འགོག་ཚུལ་གཟུང་འཛིན་རྫས་གཞན་གྱི་ཀུན་བཏགས་ཁོ་ན་ལ་བཤད་ན་རྣལ་འབྱོར་སྤྱོད་པ་བ་དག་གི་ལུགས་ལ་ཆེས་མི་རིགས་པ་དུ་མ་ཞིག་སྨྲ་དགོས་ཚུལ་གང་ཡིན། ཇི་འདྲ་ཞིག་ལ་རྟོག་པ་ཡིད་ཤེས་ལ་ལྟོས་བའི་ལྟ་བ་དང་། རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བ་ཟེར། དེ་གཉིས་ཆོས་ཐམས་ཅད་ཀྱི་སྟེང་དུ་གཏན་ལ་ཕབ་པ་ཡོད་དམ།

                                                                                                                          བཀའ་རམས་སྐྱོར་དཔོན་བསམ་ཐུབ་བསྟན་ཡར་འཕེལ། འབྲས་སྤུངས་སྒོ་མང་།

རྒྱལ་ཀུན་འདུས་ཞལ་འཇམ་མགོན་ཙོང་ཁ་བའི། །
སྔོན་མེད་གཞུང་བཟང་ལེགས་བཤད་སྙིང་བོའི་དོན། །
དུས་ཀྱི་མཐར་ཡང་ཉི་ལྟར་གསལ་མཛད་པ། །
དྲིན་ཅན་བླ་མ་མཆོག་ལ་སྙིང་ནས་འདུད། །
འཕགས་ཡུལ་འབྲས་སྤུངས་ཆོས་ཀྱི་མགྲོན་ས་ཆེར། །
ལུང་རིགས་ནོར་བུའི་དོ་ཤལ་འབུམ་བསྟར་ནས། །
སྐལ་བཟང་ཡིད་ལ་དུས་སྟོན་སྤེལ་བ་ཡི། །
ངང་ཚུལ་དྲན་ཚེ་དད་པའི་སོར་མོ་ཟུམ། །
མཐོང་ཐོས་དྲན་རེག་དོན་ལྡན་མཚན་དཔེའི་སྐུ། །
རེ་ཞིག་མཇལ་བའི་སྐལ་བ་ཕྲ་གྱུར་ཀྱང་། །
བཏང་སྙོམས་མི་མངའ་ཐུགས་རྗེའི་ཞགས་པ་ཡིས། །
བྱང་ཆུབ་སྙིང་བོའི་བར་དུ་བཅིངས་པར་མཛོད། ། 
 

             ཅེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས་སྐབས་སུ་བབ་པ་དྲིན་ཆེན་བླ་མ་མཆོག་གི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་པ་དང་རང་ཉིད་ཀྱིས་ཀྱང་གཞུང་ཆེན་མོ་ལ་བག་ཆགས་རེ་འཇོག་ཐུབ་ན་སྙམ་ནས་དྲི་བའི་ལན་ལ་འཇུག་པ་ལ། དྲི་བའི་གཞི་འགོད་པ་དང་དེའི་ལན་གཉིས། དང་བོ་ནི། རྩ་བ་ལས། ཡུམ་གྱི་མདོ་ནས་མེད་ཅེས་གསུངས་པ་ཐམས་ཅད་ཀྱིས་ཀུན་བཏགས་འགོག་པ་ཐེག་བསྡུས་ལས་གསུངས་པ་རྣམས་ལ་དགོངས་འགྲེལ་གྱི་ཀུན་བཏགས་འགོག་ཚུལ་འདི་མི་ཤེས་ན། གཟུང་འཛིན་རྫས་གཞན་གྱི་ཀུན་བཏགས་ཁོ་ན་ལ་བཤད་པས་རྣལ་འབྱོར་སྤྱོད་པ་བ་དག་གི་ལུགས་ལ་ཡང་ཆེས་མི་རིགས་པ་དུ་མ་ཞིག་སྨྲ་དགོས་ལ། ཞེས་པའི་ཀུན་ བཏགས་འགོག་ཚུལ་གཟུང་འཛིན་རྫས་གཞན་གྱི་ཀུན་བཏགས་ཁོ་ན་ལ་བཤད་ན་རྣལ་འབྱོར་སྤྱོད་པ་བ་དག་གི་ལུགས་ལ་ཆེས་མི་རིགས་པ་དུ་མ་ཞིག་སྨྲ་དགོས་ཚུལ་གང་ཡིན། ཇི་འདྲ་ཞིག་ལ་རྟོག་པ་ཡིད་ཤེས་ལ་ལྟོས་པའི་ལྟ་བ་དང་། རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བ་ཟེར། དེ་གཉིས་ཆོས་ཐམས་ཅད་ཀྱི་སྟེང་དུ་གཏན་ལ་ཕབ་པ་ཡོད་དམ་ཞེས་དྲི་བ་ལ་ཟུར་གསུམ་བྱུང་ཞིང་། དེའི་ལན་ལ་གསུམ་ལས། ཟུར་དང་བོའི་ལན་ནི། ཡུམ་གྱི་མདོ་རྒྱས་འབྲིང་བསྡུས་གསུམ་སོགས་ལས་གཟུགས་མེད་སྒྲ་མེད་ཅེས་སོགས་གསུངས་པ་ཐམས་ཅད་ཀྱིས་དགག་བྱ་ཀུན་བཏགས་འགོག་པར་ཐེག་བསྡུས་ལས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པ་བསྟན་པ་གང་ཡིན་པའི་བསྟན་པ་དེར་ཀུན་ཏུ་བཏགས་པའི་ངོ་བོ་ཉིད་ཇི་ལྟར་རིག་པར་བྱ་ཞེ་ན། མེད་པའི་རྣམ་གྲངས་བསྟན་པས་རིག་པར་བྱའོ། །

             ཞེས་སོགས་ཀྱིས་གསུངས་པ་རྣམས་ལ་དགོངས་འགྲེལ་གྱིས་བསྟན་པའི་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པའི་སྟོང་བ་ཆོས་ཀྱི་བདག་མེད་ཕྲ་མོ་དང་། གཟུགས་སོགས་ངོ་བོ་དང་ཁྱད་པར་གྱི་ཐ་སྙད་འཇུག་པའི་གཞིར་རང་མཚན་གྱིས་གྲུབ་པར་སྒྲོ་འདོགས་པའི་སྒྲོ་འདོགས་ཀྱི་མཐའ་འགོག་ཚུལ་འདི་མ་ཤེས་ན། ཡུམ་གྱི་མདོ་ནས་མེད་ཅེས་གསུངས་པ་རྣམས་དགག་བྱ་ཀུན་བཏགས་ལ་དགོངས་པར་ཐེག་བསྡུས་ལས་གསུངས་པའི་དོན་ལ་རྣམ་རིག་པའི་ལུགས་ལ་ཆེས་མི་རིགས་པ་དུ་མ་སྟེ་ཧ་ཅང་ཐལ་བ་དུ་མ་ཞིག་སྨྲ་དགོས་པར་འགྱུར་ཏེ། དེ་འདྲའི་ཀུན་བཏགས་དེ་གཟུང་འཛིན་རྫས་གཞན་གྱི་ཀུན་བཏགས་ཁོ་ན་ལ་བཤད་དགོས་པར་འགྱུར་བའི་ཕྱིར། ཁྱབ་པ་ཡོད་པར་ཐལ། དེ་ལྟ་ན་ནམ་མཁའ་མེད་པར་གསུངས་པ་ཡང་། ནམ་མཁའ་རང་འཛིན་ཚད་མ་དང་རྫས་ཐ་དད་ཕྱི་དོན་གྱིས་སྟོང་བ་ལ་དགོངས་སོ་ཞེས་སོགས་རྟོག་ལྡན་ལ་སྐྱེ་མི་སྲིད་པའི་ལོག་རྟོག་འགོག་པ་འབའ་ཞིག་ལ་སྦྱར་ཏེ་འཆད་དགོས་པར་འགྱུར་བའི་ཕྱིར། དེ་ནི་རྟོག་ལྡན་ལ་སྐྱེ་མི་སྲིད་པའི་དོགས་པ་ཡིན་པར་ཐལ། ནམ་མཁའ་རང་འཛིན་ཚད་མ་དང་རྫས་ཐ་དད་དུ་གྲུབ་པར་འཛིན་པའི་ལོག་རྟོག་རྟོག་ལྡན་ལ་སྐྱེ་མི་སྲིད་པའི་ཕྱིར་ཏེ། ནམ་མཁའ་རང་འཛིན་ཚད་མ་དང་རྫས་ཐ་དད་དུ་གྲུབ་པར་འཛིན་པའི་རྟོག་ལྡན་གྱི་རྒོལ་བ་ཞིག་མེད་པའི་ཕྱིར། མ་ཟད་སེམས་ཙམ་པའི་ལུགས་ལ་ཡང་ནམ་མཁའ་ནམ་མཁའ་འཛིན་པའི་ཚད་མ་དང་རྫས་ཐ་དད་ཀྱི་ཕྱི་དོན་གྱིས་སྟོང་བ་ཆོས་ཀྱི་བདག་མེད་དང་། ནམ་མཁའ་ནམ་མཁའ་འཛིན་པའི་ཚད་མ་དང་རྫས་ཐ་དད་དུ་གྲུབ་པར་འཛིན་པ་ཆོས་ཀྱི་བདག་འཛིན་ཕྲ་མོར་འདོད་པར་ཁས་བླངས་དགོས་པར་འགྱུར་བ་ལ་དེ་ཁས་མི་ལེན་པའི་ཕྱིར་རོ། །

            འདི་ཤེས་ན་ནམ་མཁའ་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་མེད་པ་ལ་དགོངས་ནས་ནམ་མཁའ་མེད་ཅེས་གསུངས་སོ་ཞེས་ཤེར་མདོ་ལས་མེད་མེད་ཅེས་གསུངས་པའི་དོན་ལ་མཁས་པར་འགྱུར་རོ། ། གཞན་ཡང་ཡུམ་གྱི་མདོ་ནས་རྟག་མི་རྟག་ ལ་སོགས་པ་གང་དུ་ཡང་གཟུང་ས་མེད་པར་གསུངས་པ་རྣམས་ཀྱང་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རྟག་པར་གཟུང་དུ་མེད་མི་རྟག་པར་གཟུང་དུ་མེད་ཅེས་སྦྱར་ན་འགྲིག་གི གཞན་དུ་རྟག་མི་རྟག་ལ་སོགས་པ་གང་དུ་གཟུང་དུ་མེད་པར་གསུངས་པ་རྣམས་སྦྱོར་ས་མི་རྙེད་པས་སེམས་ཙམ་པས་དགོངས་གཞི་བཤད་དཀའོ། ། དེས་ན་བོད་སྔ་རབས་པ་དག་གིས་གང་དུ་ཡང་གཟུང་ས་མེད་པ་སྟེ་རྟག་པའང་མ་ཡིན། མི་རྟག་པའང་མ་ཡིན། ཡོད་པའང་མ་ཡིན་མེད་པའང་མིན་པར་གསུངས་པ་རྣམས་མཉམ་བཞག་གི་ངོར་དང་། འདི་མི་རྟག་པ་ཡིན་པ་དང་རྟག་པ་མིན་ཞེས་སོ་སོར་ཕྱེ་ནས་གཟུང་ས་ཡོད་པར་གསུངས་པ་རྣམས་རྗེས་ཐོབ་ཀྱི་གནས་སྐབས་ལ་དགོངས་སོ་ཞེས་སྨྲ་བ་ནི་ཟེར་རྒྱུས་ཕོངས་པ་ཡིན་ནོ། ། འདི་དག་ལ་གཞན་དག་གིས་འདི་ལྟར་རྒོལ་ཏེ། དགོངས་འགྲེལ་གྱི་རང་འཛིན་རྟོག་ པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཀུན་བཏགས་འགོག་ཚུལ་འདི་མ་ཤེས་ན་ཡང་། གཟུང་འཛིན་རྫས་གཞན་གྱི་ཀུན་བཏགས་ཁོ་ན་ལ་བཤད་ན་སྐྱོན་དེ་ལྟར་ཡོད་ཀྱང་དེ་ཁོ་ན་ལ་བཤད་མི་དགོས་ཏེ། གཟུང་འཛིན་བདག་ཉིད་ཐ་དད་དུ་གྲུབ་པ་དང་ཕྱི་རོལ་དོན་དུ་གྲུབ་པ་ལ་བཤད་ཆོག་པའི་ཕྱིར་ཏེ། ནམ་མཁའ་རང་འཛིན་ཚད་མ་དང་བདག་ཉིད་ཐ་དད་དུ་གྲུབ་པས་སྟོང་བ་དང་། ཕྱི་རོལ་དོན་དུ་གྲུབ་པས་སྟོང་བ་གཉིས་ཀ་ཆོས་ཀྱི་བདག་མེད་ཕྲ་མོ་དང་། ནམ་མཁའ་རང་འཛིན་ཚད་མ་དང་བདག་ཉིད་ཐ་དད་དུ་གྲུབ་པ་དང་ཕྱི་རོལ་དོན་དུ་གྲུབ་པར་འཛིན་པའི་ལོག་རྟོག་རྟོག་ལྡན་ལ་ཡང་ཡོད་པའི་ཕྱིར། དེར་ཐལ། དེ་འདྲའི་ལོག་རྟོག་རྟོག་ལྡན་ལ་སྐྱེ་མི་སྲིད་པའི་ལོག་རྟོག་མ་ཡིན་པའི་ཕྱིར་ཟེར་བ་དང་།

             ཡང་སྟོང་ཐུན་ལས། ནམ་མཁའ་ མེད་པར་གསུངས་པ་ཡང་ནམ་མཁའ་ཕྱི་རོལ་དོན་དུ་མེད་པ་ལ་དགོངས་སོ་ཞེས་སོགས་རྟོག་ལྡན་ལ་སྐྱེ་མི་སྲིད་པའི་ལོག་རྟོག་འགོག་པ་འབའ་ཞིག་ལ་སྦྱར་ཏེ་འཆད་དགོས་པ་མང་བར་འགྱུར་བའི་ཕྱིར་རོ་ཞེས་གསུངས་པ་ཡང་། ནམ་མཁའ་ཕྱི་དོན་གྱི་བེམ་པོར་མ་གྲུབ་པ་ལ་དགོངས་སོ་ཞེས་སོགས་གསུངས་པ་ཡིན་ཟེར་ན། དེ་ལ་རང་གི་བློ་ངོར་ཤར་ཚོད་ཀྱི་ལན་ཞིག་དང་འབྲེལ་ནས་དེའི་སྐོར་ཅུང་ཟད་བཤད་པ་ལ། ཁྱེད་རང་གིས་རྒོལ་བ་ལྟར། འདུས་མ་བྱས་ཀྱི་ནམ་མཁའ་ཕྱི་རོལ་དོན་དུ་གྲུབ་པས་སྟོང་བ་ཆོས་ཀྱི་བདག་མེད་ཕྲ་མོ་དང་། ནམ་མཁའ་ཕྱི་དོན་དུ་གྲུབ་པར་འཛིན་པའི་བློ་དེ་ཆོས་ཀྱི་བདག་འཛིན་ཕྲ་མོ་ཡིན་ཏེ། ནམ་མཁའ་རང་སྣང་བའི་བློ་ལས་ངོ་བོ་ཐ་དད་དུ་ཕྱི་རོལ་གྱི་གཟུང་བར་སྣང་བ་ལྟར་གྲུབ་པར་འཛིན་པའི་བློ་དེ་ཆོས་ཀྱི་བདག་འཛིན་ དང་། དེ་ལྟར་འཛིན་པའི་བློ་ལྷན་སྐྱེས་ཡོད་པའི་ཕྱིར། དེ་དེ་ལྟར་གྲུབ་པར་འཛིན་པའི་བློ་ལྷན་སྐྱེས་དང་དེ་ཕྱི་རོལ་དོན་དུ་གྲུབ་པར་འཛིན་པའི་བློ་ལྷན་སྐྱེས་གཉིས་ཡོད་ཀྱང་། ནམ་མཁའ་ཕྱི་དོན་གྱི་བེམ་པོར་འཛིན་པའི་བློ་ལྷན་སྐྱེས་མེད་པའི་ཞིབ་ཆ་སྦྱར་དགོས་པར་ཡིག་ཆ་ལས་གསུངས་པ་ལྟར་ཡིན་པའི་ཕྱིར། འོན་ཀྱང་ཁྱེད་ཀྱིས་སྟོང་ཐུན་ལ་ལུང་དོན་བཞག་པ་དེས། ཁྱེད་རང་ལ་དངོས་འགལ་འབྱུང་སྟེ། འདི་ལྟར་དགོངས་འགྲེལ་གྱི་ཀུན་བཏགས་འཇོག་ཚུལ་མ་ཤེས་ན་ཡུམ་མདོ་ལས་ནམ་མཁའ་མེད་ཅེས་གསུངས་པ་དེ་ནམ་མཁའ་ཕྱི་དོན་གྱི་བེམ་པོར་མེད་པ་ལ་དགོངས་ཟེར་དགོས་པ་སོགས་རྟོག་ལྡན་ལ་སྐྱེ་མི་སྲིད་པའི་ལོག་རྟོག་འགོག་པ་འབའ་ཞིག་ལ་སྦྱར་ཏེ་འཆད་དགོས་པར་འགྱུར་ལ། དེ་ལྟར་ཡིན་ན་དགོངས་འགྲེལ་གྱི་ཀུན་བཏགས་འགོག་ཚུལ་མ་ཤེས་ཀྱང་། ཡུམ་མདོ་ལས་ནམ་མཁའ་མེད་ཅེས་གསུངས་པ་ནམ་མཁའ་ཕྱི་དོན་གྱི་བེམ་པོ་ཁོ་ན་ལ་བཤད་མི་དགོས་པར་ནམ་མཁའ་ཕྱི་དོན་ མེད་པ་དང་རང་འཛིན་ཚད་མ་དང་བདག་ཉིད་ཐ་དད་དུ་མེད་པ་ལ་དགོངས་ཞེས་ཟེར་ཆོག་པའི་ཕྱིར་ཞེས་ཁྱེད་རང་ལ་ཡང་སྐྱོན་དེ་འབྱུང་བའི་ཕྱིར།

           འོ་ན་དེའི་དོན་ཇི་ལྟར་འཆད་ཅེ་ན། རང་འཛིན་རྟོག་པའི་ཞེན་གཞེར་རང་མཚན་གྱིས་གྲུབ་པ་ཆོས་བདག་དང་། དེས་སྟོང་བ་ཆོས་ཀྱི་བདག་མེད་ཕྲ་མོར་འཇོག་མི་ཤེས་པའི་བོད་སྔ་མ་དག་གིས་གཟུང་འཛིན་རྫས་གཞན་དུ་གྲུབ་པ་ཁོ་ན་ཆོས་བདག་དང་། དེས་སྟོང་བ་ཁོ་ན་ཆོས་ཀྱི་བདག་མེད་ཕྲ་མོར་འདོད་པའི་ཕྱོགས་སྔ་དེ་དགག་པའི་ཕྱིར་དུ་ཡིན་ལ། དེ་ལྟར་ན། དགོངས་འགྲེལ་གྱི་ཀུན་བཏགས་འཇོག་ཚུལ་དེ་མ་ཤེས་ན། ཡུམ་གྱི་མདོ་ལས་མེད་ཅེས་གསུངས་པ་རྣམས་བཟུང་འཛིན་རྫས་གཞན་གྱི་ཀུན་བཏགས་ཁོ་ན་ལ་ བཤད་དགོས་པར་འགྱུར་ལ་བཤད་ཡང་བཤད་པའི་ཕྱིར་ཞེས་སོགས་གོང་གི་ཚིག་འགྲེལ་སྐབས་ལྟར་སྦྱར་དགོས་པའི་ཕྱིར། དེ་འདྲའི་ཕྱོགས་སྔ་མའི་འདོད་པ་བཀག་ཚུལ་ཡང་སྟོང་ཐུན་ལས། ཆོས་ཀྱི་བདག་ཏུ་སྒྲོ་འདོགས་པ་ལུགས་འདིས་ཇི་ལྟ་བུ་ཞིག་ལ་བྱེད་པ་དང་དེ་རྫོགས་པར་ཁེགས་པའི་ཆོས་ཀྱི་བདག་མེད་ཇི་ལྟ་བུ་ཞིག་ལ་འདོད་པ་ནི་ཤིན་ཏུ་རྟོགས་པར་དཀའ་བའི་གནས་མཐར་ཐུག་ཡིན་ལ། དེ་ལྟ་ན་ཡང་། གངས་རིའི་ཁྲོད་འདིར་བདག་ཅག་གི་རྗེ་ཐམས་ཅད་མཁྱེན་པ་གཅིག་པུས་གསལ་བར་མཛད་དུ་ཟད་ཀྱི། མཁས་པར་ཁས་ འཆེ་བ་གཞན་མཐའ་དག་གིས་ནི། དབང་ཤེས་རང་གི་སྣང་ཡུལ་སྔོན་པོ་ལ་སོགས་པ་དང་རྫས་ཐ་དད་བཀག་པ་ཙམ་གྱི་ཕྱོགས་གཅིག་པུ་ལས་གཞན་པ་ངོ་བོ་དང་ཁྱད་པར་དུ་ཀུན་བཏགས་པའི་ཀུན་བཏགས་དང་། དེ་རང་གི་ མཚན་ཉིད་ཀྱིས་གྲུབ་པ་བཀག་པའི་ཆོས་ཀྱི་བདག་མེད་འཇོག་པའི་ཚུལ་གྱི་ཐ་སྙད་ཙམ་ཡང་སྨྲ་བར་མི་ནུས་ཏེ། རྣམ་པར་རིག་པ་ཙམ་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ནང་དུ་རྣམ་པར་དཔྱོད་པའི་སྐྱེ་བ་འཛིན་པ་ལ་བློ་གྲོས་ཀྱི་དེད་དཔོན་ཕྱོགས་བསླད་པར་གྱུར་ནས་ལུགས་འདིའི་གཞུང་ལུགས་ཆེན་པོ་དག་གི་གྲུ་བོ་ཆེ་ལ་འཛེགས་པར་བཟོད་པ་རྔོ་མ་ཐོགས་པ་ཉིད་དུ་འདུག་པ་ཤ་སྟག་གོ ། དེ་ལྟ་མོད་ཀྱི་ཁོ་བོ་ཅག་གི་རྗེ་ཐམས་ཅད་མཁྱེན་པས་དྲང་བ་དང་ངེས་པའི་ དོན་རྣམ་པར་འབྱེད་པ་ལེགས་པར་བཤད་པའི་སྙིང་བོར་ཤིང་རྟ་ཆེན་པོའི་ལུགས་ཡོངས་སུ་རྫོགས་པ་ཉིད་དུ་གསལ་བའི་བཀའ་དྲིན་མཛད་དུ་ཟིན་ཀྱང་ཞེས་གསུངས་པའི་ཕྱིར།

           དེ་ལྟར་བདག་ཅག་གི་མགོན་སྐྱབས་དཔུང་གཉེན་དམ་པར་གྱུར་བ་རྗེ་ཙོང་ཁ་བ་མཆོག་གངས་ཅན་ཤིང་རྟའི་སྲོལ་འབྱེད་དུ་གསུངས་པའི་རྒྱུ་མཚན་ཕྱོགས་གཅིག་དེ་ཡིན་ནོ། ། གཉིས་པ་ཇི་འདྲ་ཞིག་ལ་རྟོག་པ་ཡིད་ཤེས་ལ་ལྟོས་པའི་ལྟ་བ་དང་། རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བ་ཟེར་བ་ཡིན་ཞེས་པའི་ལན་ནི། རྟོག་པ་ཡིད་ཤེས་ལ་ལྟོས་པའི་ལྟ་བ་ཟེར་བ་ནི། ལྟ་བ་རང་གི་དགག་བྱ་དེ་ཉིད་གཙོ་བོར་རྟོག་པ་ལ་སྣང་ཚུལ་ལམ་ཞེན་ཚུལ་གྱི་སྒོ་ནས་འཇོག་དགོས་པའི་དགག་བྱ་ཡིན་པས་ན། དགག་བྱ་དེས་སྟོང་བའི་ལྟ་བ་ལ་རྟོག་པ་ཡིད་ཤེས་ལ་ལྟོས་པའི་ལྟ་བ་ཞེས་བྱ་ལ། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པས་སྟོང་བ་དེ་རྟོག་པ་ཡིད་ཤེས་ལ་ལྟོས་པའི་ལྟ་བ་ཡིན་ཏེ། དེའི་དགག་བྱ་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་དེ། གཙོ་བོ་རྟོག་པ་ལ་སྣང་ཚུལ་ལམ་ཞེན་ཚུལ་གྱི་སྒོ་ནས་བཞག་པའི་དགག་བྱ་ཡིན་པའི་ཕྱིར་རོ། ། རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བ་ནི་ལྟ་བ་རང་གི་དགག་བྱ་གཙོ་བོར་དབང་ཤེས་ལ་སྣང་ཚུལ་གྱི་སྒོ་ནས་བཞག་པའི་དགག་བྱ་ཡིན་པས་ན། རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བ་ཞེས་བྱ་ཞིང་། ཕྱི་རོལ་དོན་སྟོང་ཆོས་ཅན། རྟོག་མེད་དབང་ཤེས་ལ་ ལྟོས་པའི་ལྟ་བ་ཡིན་ཏེ། རང་གི་དགག་བྱ་ཕྱི་རོལ་དོན་དུ་གྲུབ་པ་དེ་གཙོ་བོ་དབང་ཤེས་ལ་སྣང་བའི་དགག་བྱ་ཡིན་པའི་ཕྱིར་རོ། ། གསུམ་པ་ལྟ་བ་དེ་གཉིས་ཆོས་ཐམས་ཅད་ཀྱི་སྟེང་དུ་གཏན་ལ་ཕབ་པ་ཡོད་དེ། ཆོས་རེ་རེའི་སྟེང་དུ་ རྟོག་པ་ཡིད་ཤེས་ལ་ལྟོས་པའི་ལྟ་བ་གཏན་ལ་ཕབ་རྒྱུ་ཡོད་པ་གང་ཞིག རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བ་གཏན་ལ་ཕབ་པ་ཡོད་པའི་ཕྱིར།

          དང་བོ་གྲུབ་སྟེ། ཆོས་རེ་རེའི་སྟེང་དུ་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་སྟོང་བ་གཏན་ལ་ཕབ་པ་ཡོད་པའི་ཕྱིར་ཏེ། ཆོས་གང་ཞིག་ཡིན་ཡང་ རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་སྟོང་བ་ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། ཆོས་ཐམས་ཅད་ཀྱི་སྟེང་དུ་རྟོག་ མེད་དབང་ཤེས་ལ་ལྟོས་པའི་ལྟ་བ་གཏན་ལ་ཕབ་རྒྱུ་ཡོད་པའི་ཕྱིར། དེར་ ཐལ། ནམ་མཁའི་སྟེང་དུ་གཏན་ལ་ཕབ་རྒྱུ་ཡོད་པ་གང་ཞིག དེ་ཡོད་ན་གཞན་ཐམས་ཅད་ལ་སྨོས་ཅི་དགོས་པའི་ཕྱིར། དེར་ཐལ། ནམ་མཁའི་སྟེང་དུ་ཕྱི་རོལ་དོན་དུ་གྲུབ་པའི་སྟོང་བ་གཏན་ལ་ཕབ་རྒྱུ་ཡོད་པའི་ཕྱིར་ཏེ། ནམ་མཁའ་ཕྱི་རོལ་དོན་དུ་གྲུབ་པའི་སྟོང་བ་སྟོང་ཉིད་ཡིན་པའི་ཕྱིར། གོང་དུ་མ་ཁྱབ་ན། ཕྱི་རོལ་དོན་དུ་གྲུབ་པའི་སྟོང་བ་ཆོས་ཅན། ཁྱོད་ནམ་མཁའི་སྟེང་དུ་གཏན་ལ་ཕབ་རྒྱུ་ཡོད་ན། ནམ་མཁའི་སྟེང་དུ་རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བ་གཏན་ལ་ཕབ་རྒྱུ་ཡོད་པའི་ཁྱབ་པར་ཐལ། ཁྱོད་རྟོག་མེད་ དབང་ཤེས་ལ་ལྟོས་པའི་ལྟ་བ་ཡིན་པའི་ཕྱིར། ལེགས་བཤད་སྙིང་བོ་ལས། གལ་ཏེ་འདིར་ཡེ་ཤེས་རྟོག་པ་ལ་ལྟོས་པའི་གཟུང་འཛིན་ཁེགས་པ་ཡིན་ལ། བག་ཆགས་བརྟན་པ་ལས་བྱུང་བའི་རྟོག་མེད་ཀྱི་ཤེས་པ་ལ་ལྟོས་པའི་གཟུང་འཛིན་རིགས་པས་ཁེགས་པ་མིན་པས་རྣམ་རིག་ཙམ་ལ་འཇུག་པ་ཇི་ལྟར་ འཐད་ཅེ་ན། ཞེས་སོགས་ཀྱི་དོན་ལས་ཤེས་ནུས་པའི་ཕྱིར་ཏེ། དེའི་དོན་ ཡང་ཚོལ་བཞི་ཤེས་བཞིའི་རིགས་པ་འདིས། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་ཁེགས་ལ། ཕྱི་རོལ་དོན་དུ་གྲུབ་པ་ཁེགས་པ་མིན་ པའི་རྣམ་རིག་ཙམ་ལ་འཇུག་པ་ཇི་ལྟར་འཐད་ཅེ་ན། ཞེས་པའི་དོན་ཡིན་པས་དེས་ཀྱང་། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པས་སྟོང་བ་རྟོག་པ་ཡིད་ཤེས་ལ་ལྟོས་པའི་ལྟ་བ་དང་། ཕྱི་རོལ་དོན་སྟོང་རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བར་གསལ་བར་གསུངས་པའི་ཕྱིར། དེས་ན་ནམ་མཁའི་སྟེང་དུ་རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བ་གཏན་ལ་ཕབ་རྒྱུ་ཡོད་ཀྱང་། ནམ་མཁའ་ཕྱི་དོན་གྱིས་སྟོང་བ་ནམ་མཁའི་སྟེང་གི་རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བ་མ་ཡིན་པའི་ཁྱད་འབྱེད་དགོས་སོ། །

           གང་དག་ནམ་ མཁའ་ཕྱི་རོལ་དོན་དུ་གྲུབ་པའི་སྟོང་བ་ནམ་མཁའི་སྟོང་ཉིད་དུ་མི་འདོད་པ་དང་། སྟོང་ཉིད་དུ་འདོད་ཀྱང་། དེའི་སྟོང་གཞི་ལ་ནམ་མཁའ་མི་འཇོག་པར་ནམ་མཁའ་འཛིན་པའི་ཚད་མ་འཇོག་པར་འདོད་པ་དག་གིས་ཆོས་ཐམས་ ཅད་ནང་སེམས་ཀྱི་བདག་ཉིད་ཙམ་དུ་མ་གྲུབ་པར་ཐལ་བ་དང་། ནམ་མཁའ་ནམ་མཁའི་གཞན་དབང་མིན་ན་འགོག་བདེན་ཡང་འགོག་བདེན་གྱི་གཞན་དབང་མིན་པར་ཐལ་བ་དང་། དེ་འདོད་ན། རྩ་བར། དེ་བཞིན་དུ་བདེན་པ་ལྷག་མ་ལ་ཡང་སྦྱར་དེ་ཞེས་པའི་ལུང་དང་འགལ་བ་དང་། རྩ་བར། དེ་ལ་རྣལ་འབྱོར་སྤྱོད་པ་བ་དང་དབུ་མ་བ་སུའི་ལུགས་ལའང་ཆོས་ཀྱི་བདག་མེད་ཀྱི་ཡོངས་གྲུབ་གཏན་ལ་འབེབས་པ་ན་སྟོང་གཞི་གང་ལ་བྱ་དགོས་པ་ནི། ཆོས་ཀྱི་བདག་འཛིན་གྱིས་གཞི་གང་ལ་ཆོས་ཀྱི་བདག་ཏུ་བཟུང་བ་དེ་ལ་རག་ལས་ཏེ། ཞེས་གསུངས་པ་མི་འཐད་པར་ཐལ་བ་དང་། ནམ་མཁའ་ཕྱི་དོན་དུ་ འཁྲུལ་བའི་ཚེ་ནམ་མཁའ་ཁྱད་གཞིར་བཟུང་ནས་ཆོས་བདག་ཏུ་གྲུབ་པའི་ སྟོང་བར་བསྟན་མི་དགོས་ན། རྩ་བར། དཔེར་ན་ཐག་པ་ལ་སྦྲུལ་དུ་བཟུང་ནས་སྐྲག་པའི་སྡུག་བསྔལ་བསལ་བར་འདོད་པ་ན། ཐག་པ་སྟོང་གཞིར་བཟུང་ནས་དེ་སྦྲུལ་གྱིས་སྟོང་ངོ་ཞེས་བསྟན་དགོས་ཀྱི། ཞེས་གསུངས་པ་དང་འགལ་བར་འགྱུར་བ་དང་། ཚད་མ་ཕྱི་རོལ་དོན་དུ་མ་གྲུབ་པ་སྒྲུབ་བྱེད་ཀྱི་རྟགས་ཡང་དག་མེད་པར་ཐལ་བ་སོགས་འབྱུང་ངེས་པར་སེམས། གཞན་ཡང་ནམ་མཁའ་ཕྱི་དོན་གྱིས་སྟོང་བ་སྟོང་ཉིད་ཡིན་པར་ཐལ། ནམ་མཁའ་རང་འཛིན་ཚད་མ་དང་བདག་ཉིད་ཐ་དད་ཀྱིས་སྟོང་བ་སྟོང་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། བརྟག་པ་མཐའ་བཟུང་གིས་ཕྱི་དོན་དུ་གྲུབ་ཚད་རང་འཛིན་ཚད་མ་ དང་བདག་ཉིད་ཐ་དད་དུ་གྲུབ་པ་ལ་བྱེད་དགོས་པའི་ཕྱིར་ཏེ། དེ་ལྟར་མི་བྱེད་པར་ཕྱི་དོན་དུ་གྲུབ་ཚད་དང་ཕྱི་དོན་གྱིས་བེམ་པོར་གྲུབ་ཚད་གཅིག་པ་བྱས་ན་གཟུགས་ཕྱི་དོན་གྱིས་སྟོང་བ་སྟོང་ཉིད་མ་ཡིན་པར་འགྱུར་ཏེ། གཟུགས་ཕྱི་དོན་གྱི་བེམ་པོས་སྟོང་བ་སྟོང་ཉིད་མ་ཡིན་པའི་ཕྱིར། དེར་ཐལ། གཟུགས་རྡུལ་ཆ་མེད་བསགས་པའི་ཕྱི་རོལ་དོན་དུ་མ་གྲུབ་པ་སྟོང་ཉིད་མ་ཡིན་པའི་ ཕྱིར་ཏེ། རྡུལ་ཆ་མེད་བསགས་པའི་ཕྱི་དོན་མེད་པ་བསྒོམས་པས་ཆོས་ཀྱི་ བདག་འཛིན་ལྷན་སྐྱེས་ལ་ཅི་ཡང་མི་གནོད་པའི་ཕྱིར་ཏེ། རྩ་བ་ལས། ཆོས་ཀྱི་བདག་འཛིན་ཡང་རྡུལ་ཕྲ་རབ་སོགས་ཀྱི་ཆ་མེད་དང་དེ་བསགས་པའི་བཟུང་བ། ཞེས་པ་ནས། དེས་ན་དེ་ཙམ་ཞིག་མེད་པས་སྟོང་བ་བསྟན་ཡང་ཐོག་མ་མེད་པ་ནས་རྗེས་སུ་ཞུགས་པའི་ལྷན་སྐྱེས་ལ་ཅི་ཡང་མི་གནོད་པས། ཞེས་གསུངས་པའི་ཕྱིར།

          ཡང་རྟོག་པ་ཡིད་ཤེས་ལ་ལྟོས་པའི་ལྟ་བ་རྙེད་ན་ རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བ་རྙེད་པས་ཁྱབ་སྟེ། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་མ་གྲུབ་པར་རྟོགས་ན་ཕྱི་རོལ་དོན་དུ་མ་གྲུབ་པ་རྟོགས་པས་ཁྱབ་པའི་ཕྱིར་ཏེ། དེ་གཉིས་རྟོགས་དཀའ་སླའི་ཁྱད་པར་དང་ཕྲ་རགས་ཀྱི་ཁྱད་པར་མེད་ཟེར་ན། དེ་མི་འཐད་པར་ཐལ། དེ་གཉིས་ལ་ཕྲ་རགས་མེད་ཀྱང་རྟོགས་དཀའ་སླའི་ཁྱད་པར་ཡོད་པའི་ཕྱིར་ཏེ། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་མ་གྲུབ་པ་རྟོགས་སླ་ལ་ཕྱི་དོན་དུ་མ་གྲུབ་པ་རྟོགས་དཀའ་བའི་ཕྱིར། དེར་ཐལ། གཟུགས་སོགས་རང་ འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་མ་གྲུབ་པ་རྟོགས་ནས་ཕྱི་དོན་དུ་མ་གྲུབ་པ་མ་རྟོགས་པ་ཡོད་པའི་ཕྱིར། དེར་ཐལ། སྔ་མ་རྟོགས་པ་ལ་བརྟེན་ནས་གཟུང་འཛིན་རྫས་གཞན་དུ་མེད་པ་རྟོགས་དགོས་པའི་ཕྱིར་ཏེ། གཟུང་འཛིན་རྫས་གཞན་དུ་མེད་པའི་རྣམ་རིག་ཙམ་ལ་འཇུག་དགོས་པའི་ཕྱིར་ཏེ། རྩ་བར། ཆོས་རྣམས་མིང་གི་ཐ་སྙད་འདོགས་པའི་གནས་དང་རྣམ་རྟོག་གི་ཞེན་པའི་གཞི་ཡིན་པ་དེ་དོན་དམ་པར་གྲུབ་པ་ཁེགས་པ་ན། ཞེས་པ་ནས། དེ་ལྟར་འཛིན་པ་མ་འཁྲུལ་བ་ཡང་མེད་དོ་སྙམ་ནས་གཟུང་འཛིན་གཉིས་ མེད་པའི་རྣམ་རིག་ཙམ་ལ་འཇུག་སྟེ། ཞེས་གསུངས་པའི་ཕྱིར་དང་། སྟོང་ཐུན་ལས་ཀྱང་། སྒྲོ་འདོགས་འདི་ཁེགས་པ་ཉིད་ཀྱིས་ཕྱི་རོལ་དོན་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་ཡང་འབད་མེད་དུ་ཁེགས་པར་འགྱུར་ཏེ། ཞེས་པ་ནས། སྔོ་སོགས་རྣམས་རང་སྣང་མཁན་གྱི་དབང་ཤེས་ལས་རྫས་གཞན་ དུ་ཡོད་པའང་ཁེགས་སོ། ། ཞེས་གསུངས་པའི་ཕྱིར་དང་། རྗེ་ཡབ་སྲས་ རྣམས་ཀྱིས་དུས་གསུམ་གྱི་ཁྱད་པར་མ་དགོངས་པ་མིན་ལས་ཆེ་སྙམ། ཡང་སྔ་མ་ལས་ཕྱི་མ་རྟོགས་དཀའ་བར་ཐལ། སྔ་མའི་དགག་བྱ་ལས་ཕྱི་མའི་དགག་བྱ་བློ་ཡུལ་དུ་འཆར་དཀའ་བའི་ཕྱིར་ཏེ། སྟོང་ཐུན་ལས། རྟོག་པའི་ཞེན་ ཚུལ་ལས་དབང་ཤེས་ཀྱི་སྣང་ཚུལ་དགག་བྱ་བློ་ཡུལ་དུ་འཆར་དཀའ་བས། ཞེས་གསུངས་པའི་ཕྱིར་རོ། །
          འདིར་འབད་ཅུང་ཟད་བྲིས་པའི་དགེ་བ་འདིས། ། སྣོད་བཅུད་རྒུད་པ་མཐའ་དག་ཞི་བ་དང་། ། དགེ་བའི་བཤེས་ཀྱིས་མཉེས་བཞིན་རྗེས་བཟུང་ནས། ། བསྟན་འགྲོའི་དོན་དུ་བྱང་ཆུབ་མྱུར་ཐོབ་ཤོག །
ཅེས་འབྲས་སྤུངས་ཆོས་ཀྱི་སྡེ་ཆེན་པོ་བཀྲ་ཤིས་སྒོ་མང་བསམ་བློ་ཐུབ་བསྟན་ཡར་འཕེལ་ནས་བོད་རྒྱལ་ལོ་༢༡༣༧ཟླ་༣ཚེས་༥ཉིན་རྫོགས་པར་བྲིས། །
 

             ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                   རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།