ཇི་འདྲ་ཞིག་ལ་རྟོག་པ་ཡིད་ཤེས་ལ་ལྟོས་བའི་ལྟ་བ་དང་།རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བ་ཟེར།དེ་གཉིས་ཆོས་ཐམས་ཅད་ཀྱི་སྟེང་དུ་གཏན་ལ་ཕབ་པའི་ལན །༡

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-24 10:34:13     རྩོམ་པ་པོ།   ལྷ་རམས་པ་ཕ་ར་རིག་འཛིན།    ཀློག་ཐེངས།  

76549972386228242.jpg

             དྲི་གཞི་བཅུ་དགུ་བ། རྩ་བ་ལས། ཡུམ་གྱི་མདོ་ནས་མེད་ཅེས་གསུངས་པ་ཐམས་ཅད་ཀྱིས་ཀུན་བཏགས་འགོག་པ་ཐེག་བསྡུས་ལས་གསུངས་པ་རྣམས་ལ་དགོངས་འགྲེལ་གྱི་ཀུན་བཏགས་འགོག་ཚུལ་འདི་མི་ཤེས་ན་གཟུང་འཛིན་རྫས་གཞན་གྱི་ཀུན་བཏགས་ཁོ་ན་ལ་བཤད་པས་རྣལ་འབྱོར་སྤྱོད་པ་བ་དག་གི་ལུགས་ལ་ཡང་ཆེས་མི་རིགས་པ་དུ་མ་ཞིག་སྨྲ་དགོས་ལ། ཞེས་པའི་ཀུན་བཏགས་འགོག་ཚུལ་གཟུང་འཛིན་རྫས་གཞན་གྱི་ཀུན་བཏགས་ཁོ་ན་ལ་བཤད་ན་རྣལ་འབྱོར་སྤྱོད་པ་བ་དག་གི་ལུགས་ལ་ཆེས་མི་རིགས་པ་དུ་མ་ཞིག་སྨྲ་དགོས་ཚུལ་གང་ཡིན། ཇི་འདྲ་ཞིག་ལ་རྟོག་པ་ཡིད་ཤེས་ལ་ལྟོས་བའི་ལྟ་བ་དང་། རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བ་ཟེར། དེ་གཉིས་ཆོས་ཐམས་ཅད་ཀྱི་སྟེང་དུ་གཏན་ལ་ཕབ་པ་ཡོད་དམ།

                                                                                                             ལྷ་རམས་པ་ཕ་ར་རིག་འཛིན། འབྲས་སྤུངས་བློ་གསལ་གླིང་།

རབ་འབྱམས་རྒྱལ་ཀུན་གསང་གསུམ་བསྡུས་པའི་དཔྱིད། །
ངུར་སྨྲིག་གར་གྱི་རྣམ་པར་རོལ་བའི་སྡེ། །
ཁམས་གསུམ་འགྲོ་བའི་བླ་མ་ཙོང་ཁ་བ། །
བྱང་ཆུབ་བར་དུ་འབྲལ་མེད་གཙུག་ཏུ་མཆོད། །
བློ་གྲོས་ཟླ་མེད་མདོ་སྔགས་གཞུང་བརྒྱ་འབྱེད། །
བཟང་བོའི་བསླབ་གསུམ་ཡོན་ཏན་དཔལ་གྱིས་བརྗིད། །
དགེ་ལེགས་བྱེ་བས་སྒྲུབ་པའི་ཆོས་དབྱིངས་ནས། །
འདུན་ལྡན་ཐུགས་ཀྱི་མཆོད་སྤྲིན་འདི་བཞེས་མཛོད། །
 

           ཅེས་མཆོད་པར་བརྗོད་པའི་ཚིག་གིས་མདུན་བསུས་ཏེ་སྐབས་ཀྱི་དོགས་པ་གང་སློང་བར་བྱ་བ་ནི། ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཤར་ཙོང་ཁ་བ་ཆེན་པོའི་གསུང་དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་ལེགས་བཤད་ སྙིང་བོ་ལས། ཡུམ་གྱི་མདོ་ནས་མེད་ཅེས་གསུངས་པ་ཐམས་ཅད་ཀྱིས་ཀུན་བཏགས་འགོག་པ་ཐེག་བསྡུས་ལས་གསུངས་པ་རྣམས་ལས་དགོངས་འགྲེལ་གྱིས་ཀུན་བཏགས་འགོག་ཚུལ་འདི་མི་ཤེས་ན། གཟུང་འཛིན་རྫས་གཞན་གྱི་ཀུན་བཏགས་ཁོ་ན་ལ་བཤད་པས་རྣལ་འབྱོར་སྤྱོད་པ་བ་དག་གི་ལུགས་ལ་ཡང་ཆེས་མི་རིགས་པ་དུ་མ་ཞིག་སྨྲ་དགོས། ཞེས་སོགས་ལས་བརྩམས་ཏེ་དོགས་སློང་ཅུང་ཟད་འགོད་ན། ལུགས་འདིར་ཡུམ་གྱི་མདོའི་དགོངས་དོན་མཐར་ཐུག་མདོ་དགོངས་འགྲེལ་གྱིས་བཀྲལ་བས། མདོ་དེར་ཡིད་ཤེས་རྟོག་པ་ལ་ལྟོས་པའི་ལྟ་བའི་རྣམ་བཞག་ཤིན་ཏུ་གསལ་ཞིང་རྒྱས་པ་དང་། རྟོག་མེད་ཤེས་པ་ལ་ལྟོས་པའི་ལྟ་བ་ཡང་ཞི་གནས་ཀྱི་སྐབས་སུ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་གྱུར་བའི་གཟུགས་དེ་སེམས་ལས་ཐ་དད་དམ་ཐ་མི་དད་ཅེ་ན། ཐ་མི་དད་ཅེས་བྱའོ་ཞེས་སོགས་གསུངས་པ་ལྟར་བྱང་ས་དང་བསྡུ་བ་སོགས་ཀྱི་ལྟ་བའི་རྣམ་བཞག་དང་བོ་དེ་རྩལ་དུ་བཏོན་ནས་འཆད་པ་དང་། དམིགས་བརྟགས་དང་ཚད་མ་སྡེ་བདུན་གྱིས་ཀྱང་གོང་གི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ཞེས་སོགས་ལྟར་དང་། མདོ་སྡེ་ས་བཅུ་བར། ཁམས་གསུམ་པོ་ནི་སེམས་ཙམ་མོ། ། ཞེས་སོགས་ཀྱིས་དགོངས་པ་ལུང་རིགས་དུ་མས་གཏན་ལ་ཕབ་སྟེ་སེམས་ཙམ་པའི་ལྟ་བའི་རྣམ་བཞག་ཕྱོགས་ཀུན་ཏུ་ཁྱབ་པར་མཛད།

             དེ་ལ་རང་ཕྱོགས་ཀྱི་མཁས་པའི་དབང་བོ་རེ་འགས་ལྟ་བ་དེ་གཉིས་ལ་རྟོགས་དཀའ་སླའི་རིམ་པ་ཡོད་པར་བཞེད་པ་དང་། ཡང་འགའ་རེས་རྟོགས་རིམ་དེ་ལྟར་མེད་ཀྱང་ལྟ་བ་ཕྱི་མ་འདི་སྟོང་ཐུན་ཆེན་མོའི་སྒྲས་ཟིན་ལྟར་གཟུགས་སོགས་དོན་ལྔ་ཁོ་ནའི་སྟེང་དུ་འཇོག་པའི་སྟོང་བ་ཉི་ཚེ་བ་ལ་དགོངས་པ་བླངས་ཀྱང་སྔ་ཕྱི་གཉིས་ཀར་དོགས་པ་འདི་ལྟར་ཡོད་དེ། དེ་ཡང་དང་བོ་ལྟར་ན། གཟུགས་སོགས་ཐ་སྙད་ཀྱི་གནས་སུ་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་བ་དང་། གཟུགས་སོགས་རང་འཛིན་ཚད་མ་དང་དོན་གཞན་གྱིས་སྟོང་བ་གཉིས་དགག་བྱ་སོ་སོར་བཀག་པའི་བཀག་པ་མི་འདྲ་བ་སོ་སོར་འཇོག་དགོས་ཤིང་། དེ་ལྟར་ན་འཛིན་སྟངས་མི་མཐུན་པའི་ཆོས་ཀྱི་བདག་འཛིན་གཉིས་སུ་འགྱུར་ལ། བསྡུ་བ་ལས་ཀྱང་དོན་དམ་པ་མཚན་ཉིད་ལྔ་ལྡན་གྱི་སྐབས་སུ་ཐམས་ཅད་རོ་གཅིག་པའི་མཚན་ཉིད་ཀྱི་གོ་དོན་སོགས་ཇི་ལྟར་འཇོག་གམ་སོམས་ཤིག དེ་ལ་ད་དུང་ཅུང་ཟད་དཔྱད་ན། ཤེས་བྱ་ཆོས་ཅན། གཟུང་ འཛིན་རྫས་གཞན་འགོག་པའི་རིགས་པས་ཞེན་གཞིར་རང་མཚན་གྱིས་གྲུབ་པ་མི་འགོག་པར་ཐལ། དམ་བཅའ་དེའི་ཕྱིར།

           འདོད་ན། གཞུང་ལས་དེས་ན་ངོ་བོ་དང་ཁྱད་པར་དུ་བཏགས་པའི་ཀུན་བཏགས་ཀྱིས་སྟོང་བ་ཡོངས་གྲུབ་ཏུ་དགོངས་འགྲེལ་ལས་གསུངས་པ་དེ་ལ་གཟུང་འཛིན་རྫས་གཞན་བཀག་པ་མེད་པ་ཡང་མིན་ནོ་ཞེས་པའི་དགོངས་དོན་ཇི་ལྟར་འགྲེལ། གཞན་ཡང་གཟུང་འཛིན་རྫས་གཞན་གྱིས་སྟོང་བ་སྒོམ་པའི་རྣལ་འབྱོར་བས་ལུགས་འདིའི་ཆོས་ཀྱི་བདག་མེད་ཕྲ་མོ་མ་བསྒོམ་པར་ཐལ། དེས་སྟོང་གཞི་གཞན་དབང་དེ་ཉིད་ངོ་བོ་ལ་ཀུན་བཏགས་པའི་ཀུན་བཏགས་ཀྱི་ངོ་བོར་རང་གི་མཚན་ཉིད་ཀྱིས་གྲུབ་པ་བཀག་ཙམ་ཀྱིས་སྟོང་བ་མ་བསྒོམ་པའི་ཕྱིར། ཁྱབ་སྟེ། མདོ་སྡེ་དགོངས་འགྲེལ་ལས། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བཏགས་ པའི་མཚན་ཉིད་ཀྱི་གནས། འདུ་བྱེད་ཀྱི་མཚན་མ་དེ་ཉིད་ཀུན་བཏགས་པའི་མཚན་ཉིད་དེར་ཡོངས་སུ་མ་གྲུབ་ཅིང་། ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད། ཆོས་ལ་བདག་མ་མཆིས་པ་དེ་བཞིན་ཉིད་ཅེས་སོགས་དང་། དེའི་ཐད་ཀྱི་གཞུང་འདི་ཉིད་ལས། ངོ་བོ་ཉིད་དེ་ཁོ་ནས་ཞེས་ཀུན་བཏགས་ཀྱི་ངོ་བོ་ཉིད་གོང་དུ་སྨྲས་པ་ལ་གསུངས་ནས་ཁོ་ནས་ཞེས་པས་ནི་གཞན་གཅོད་པས་ཞེས་ཚིག་གི་འབྲུ་སྣོན་དང་བཅས་སྦྱར་བས། དེས་ན་སྟོང་བ་དེ་གཉིས་ དགག་བྱ་ཆོས་བདག་ཕྲ་མོ་བཀག་པའི་སྟོང་བ་རོ་གཅིག་ཡིན་པ་ལས་དགག་བྱ་འགོག་དཀའ་སླའི་ཁྱད་པར་དང་། སྟོང་བ་གཉིས་རྟོགས་དཀའ་སླའི་ཁྱད་པར་སོགས་ཕྱེ་ན་གཞུང་དོན་དང་འགྲིག་མིན་ད་དུང་ལེགས་པར་བརྟགས་ དགོས། རྩ་བའི་ཕྱོགས་གཉིས་པའི་བཞེད་དགོངས་ཅུང་ཟད་བརྗོད་ན། གཟུང་འཛིན་དོན་གཞན་ཞེས་པའི་གཟུང་བ་ཆོས་ཐམས་ཅད་ལ་འཇོག་ན་མི་འཐད་དེ། གཟུང་བ་ཞེས་པ་ཤེས་པའི་དམིགས་རྐྱེན་ལ་འཇོག་དགོས་པས་དེ་དག་འདུས་བྱས་ལས་ལྡན་མིན་དང་ཤེས་པ་མི་འཇོག་པའི་ཚུལ་ནི། ཕྱི་རོལ་དོན་དུ་གྲུབ་ན་རྡུལ་ཕྲ་རབ་བམ། དེ་བསགས་པའི་གོང་བུར་གྲུབ་དགོས་པས་ངེས་པར་གཟུགས་སུ་གྲུབ་པ་ཞིག་དགོས་ཏེ། ཕྱི་རོལ་དོན་དུ་གྲུབ་པ་ འདོད་པ་དག་གིས་སྒྲུབ་བྱེད་མཐར་ཐུག་རྡུལ་ཕྲན་ཆ་མེད་བསགས་པའི་གོང་བུ་གཟུགས་ཤིག་གི་སྟེང་ནས་འཇོག་པ་ལས་གཞན་གཟུང་འཛིན་དོན་གཞན་དུ་འཛིན་ཚུལ་མེད་ཅེས་བཞེད་པར་འདྲ་མོད། དེ་ལའང་འདི་ལྟར་དོགས་ཏེ། གཟུང་འཛིན་གཉིས་ཀྱིས་སྟོང་བའི་སྟོང་ཉིད་དེ་ཆོས་ཅན། མདོ་དགོངས་འགྲེལ་ལས་གསུངས་པའི་མཚན་ཉིད་གསུམ་པོ་གང་རུང་མ་ཡིན་པར་ཐལ། ཡོངས་གྲུབ་མ་ཡིན་པ་གང་ཞིག་གཞན་གཉིས་མིན་པ་སླའོ། །

               རྟགས་དང་བོ་མ་གྲུབ་ཅེ་ན། འོ་ན་དེ་ཆོས་ཅན། ཁྱོད་ཆོས་ཐམས་ཅད་ཀྱི་སྟེང་དུ་འཇོག་རིགས་པར་ཐལ། རྟགས་དང་བོ་དེའི་ཕྱིར། འདོད་ན་རྩ་བ་ཉམས། ཁྱབ་པ་མ་གྲུབ་ཅེ་ན། ཁྱབ་པ་གྲུབ་པར་ཐལ། མདོ་དགོངས་འགྲེལ་ལས་ཡོངས་གྲུབ་ནམ་མཁའ་དང་། དཔེ་དོན་འཇོག་པའི་སྐབས་སུ་ནམ་མཁའ་གཟུགས་མེད་པ་ཙམ་ལ་འཇོག་པ་དང་། ཕྱོགས་ཐམས་ཅད་ལ་ཁྱབ་པ་བཞིན་དུ་ཡོངས་གྲུབ་ཀྱང་ཆོས་ཀྱི་བདག་རྣམ་པར་བཅད་ཙམ་གྱི་ཆོས་ཐམས་ཅད་ལ་ཁྱབ་ཚུལ་གཞུང་འདི་ཉིད་ལས་ཤིན་ཏུ་གསལ་བས་རེ་རེ་བཞིན་ག་ལ་བགྲང་དགོས། དེའི་ཕྱིར་རྡུལ་ཕྲ་རབ་བམ་ཆ་མེད་བཀག་པ་ཙམ་གྱིས་དགག་བྱ་དེ་ཉིད་ཁེགས་མི་ཐུབ་པ་ནི་ཤིན་ཏུ་གསལ། སྟོང་བ་དེ་ཉིད་གཟུགས་སོགས་དོན་ལྔ་ཁོ་ནའི་སྟེང་དུ་འཇོག་ན་གནོད་བྱེད་གཞན་ཡང་། འཇུག་པ་རང་འགྲེལ་ལས་སེམས་ཙམ་པའི་འདོད་པ་བརྗོད་པ་ན། ཕ་རོལ་བོ་གང་ཞིག སད་པའི་རྣམ་པར་ཤེས་པ་ནི་དོན་གྱིས་སྟོང་བ་ཡིན་ཏེ། རྣམ་པར་ཤེས་པ་ཡིན་པའི་ཕྱིར་རྨི་ལམ་གྱི་ཤེས་པ་བཞིན་ནོ། ། ཞེས་ཡུལ་ཤེས་སམ་གཟུང་འཛིན་གཉིས་ཀར་འཇོག་པ་དང་དེའི་ཐད་ཀྱི་འཇུག་ཊཱིཀ་ལས་ཀྱང་གསལ་བས། རྣམ་ཤེས་དང་ཡུལ་སོགས་ཕྱི་རོལ་དོན་དུ་འགོག་པས། བཀག་པ་དེ་དག་ཆོས་བདག་ཕྲ་མོ་མིན་པའི་དགོངས་པ་ཇི་ལྟར་འགྲེལ་ལམ། ཡང་འཇུག་ཊཱིཀ་ཆེན་མོ་ལས། གལ་ཏེ་འབྲས་བུའི་གནས་འགྱུར་མ་ཐོབ་པའི་སྐབས་སུ་རྣམ་པར་རིག་པ་དོན་གཞན་ཞིག་རྣམ་པར་རིག་པའི་སྣང་ཡུལ་ཡིན་ན་རྣམ་པར་རིག་པ་ཙམ་ཉིད་དུ་སྨྲ་བ་ཉམས་པར་འགྱུར་རོ། ། ཞེས་སེམས་ཙམ་གྱི་གཞུང་ལས་འབྱུང་བའི་ཕྱིར་ཞེས་པ་ལྟར་ན། ས་བཅུ་བའི་མདོ་ལས། ཁམས་གསུམ་པོ་ནི་སེམས་ཙམ་མོ།། ཞེས་པའི་དགོངས་པ་འགྲེལ་ཚུལ་ཊཱིཀ་བྱེད་པ་དང་མཁས་པ་ཕལ་མོ་ཆེས་ཙམ་སྒྲས་ཆ་མེད་བསགས་པའི་གོང་བུ་ཡོད་པ་གཅོད་ཙམ་ལས་རྣམ་ཤེས་དོན་གཞན་ཙམ་སྒྲའི་གཅད་བྱ་མི་འདོད་པས། དེ་ལྟར་ན་གོང་གི་འཇུག་པའི་ཊཱིཀ་ཆེན་གྱི་དགོངས་པ་སོགས་ཇི་ལྟར་འགྲེལ་ལགས་སོ། །

             དེས་ན་རང་གི་ཐོས་བྱུང་གི་ཡུལ་དུ་གོ་ཚོད་ལྟར་ན། ཡུམ་གྱི་མདོ་ལས་མེད་ཅེས་པའི་མེད་རྒྱུའི་ཀུན་བཏགས་ལ་ཆོས་རྣམས་རང་རང་ཐ་སྙད་ཀྱི་གནས་སུ་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་གཟུང་འཛིན་རིགས་ཐ་དད་དུ་གྲུབ་པ་གཉིས་ཀ་འཇོག་དགོས་པ་ནི། མདོ་དགོངས་འགྲེལ་ལས་ཤིན་ཏུ་གསལ་བའི་ཇི་སྐད་ཞུས་ཟིན་པ་ལྟར་དང་། དགོངས་འགྲེལ་གྱི་དགོངས་པ་འཕགས་པ་ཐོགས་མེད་ཀྱི་བྱང་ས་དང་བསྡུ་བ་སོགས་ལས་ལྟ་བ་སྔ་མ་གཙོ་འདོན་དང་། ཐེག་བསྡུས་སོགས་ལས། འདས་སོགས་དེ་བཞིན་རྨི་ལམ་དང་། ། གཟུགས་བརྙན་རྣམ་པ་གཉིས་པོ་ཡང་། ། ཞེས་སོགས་ཀྱིས་ལྟ་བ་ཕྱི་མ་གཙོ་འདོན་གནང་བ་གཞུང་ལས་ཤིན་ཏུ་གསལ། དེ་བཞིན་སློབ་དཔོན་ཕྱོགས་ཀྱི་གླང་བོས། ཤེས་རབ་ཕ་རོལ་ཕྱིན་པ་ནི། ། བསྟན་པ་གསུམ་ལ་ཡང་དག་ཉིད། ། བརྟགས་པ་དང་ནི་གཞན་དབང་དང་། ། ཡོངས་སུ་གྲུབ་པ་ཁོ་ནའོ། ། ཞེས་མཚན་ཉིད་གསུམ་གྱི་འགྲེལ་ཚུལ་དབུས་མཐའ་དང་ཐེག་བསྡུས་ཇི་ལྟ་བ་བཞིན་དང་། དེ་བཞིན་དམིགས་བརྟག་ལས། དབང་བོ་རྣམ་པ་རིག་པའི་རྒྱུ། ། ཞེས་སོགས་རྡུལ་ཕྲན་ཆ་མེད་བཀག་ནས་ལྟ་བ་ཕྱི་མའི་ཐབས་ལ་གཙོ་བོར་འཇུག་པར་སྣང་ངོ་། ། དེ་དག་ནི་དཔལ་ཆོས་ཀྱི་གྲགས་པས་རྣམ་འགྲེལ་ངེས་སོགས་ལས། གཙོ་བོ་ལྷན་ཅིག་དམིགས་ངེས་དང་། རྣམ་འགྲེལ་ལས། མཚན་ཉིད་སྐྱེས་ལ་འདྲ་བ་འགོག་ པའི་རིགས་པ་སོགས་ལུང་རིགས་དུ་མས་བསྒྲུབས་པར་མཛད། དེ་དག་བསྒྲུབ་ལུགས་ཀྱང་གཟུགས་ནས་རྣམ་མཁྱེན་གྱི་བར་ཆོས་ཐམས་ཅད་ཀྱི་སྟེང་དུ་མཚན་ཉིད་གསུམ་གསུམ་དངོས་གནས་ལ་འཇོག་པ་གནང་བས་ལྟ་བ་དེ་གཉིས་གཟུགས་སོགས་ཀྱི་སྟེང་དུ་སྟོང་བ་རོ་གཅིག་པ་ཙམ་དུ་མ་ཟད། ཆོས་ཐམས་ཅད་ཀྱི་སྟེང་དུ་ཡང་ལྟ་བ་གཉིས་ཆར་འཇོག་ཤེས་དགོས་པ་ནི་གནད་ཀྱི་དོན་པོ་ཡིན་སྙམ་ལགས། འོ་ན་འདུས་མ་བྱས་ཀྱི་སྟེང་དུ་རྟོག་མེད་དབང་ཤེས་ལ་ལྟོས་པས་གཟུང་འཛིན་རྒྱང་ཆད་ཀྱིས་སྟོང་བའི་ལྟ་བ་ཇི་ལྟར་འཇོག་ཅེ་ན། དེ་ནི་ཆོས་གང་རང་འཛིན་ཚད་མའི་བག་ཆགས་སད་སྟོབས་ཀྱིས་གྲུབ་པ་མིན་པ་ཡུལ་ཅན་ཚད་མ་དེའི་སྣང་ཆའང་ཤེས་པའི་གཟུགས་བརྙན་ལྟ་བུ་ལས་ལོགས་སུ་མ་གྲུབ་པ་ཙམ་ལ་འཇོག་སྟེ། ཐེག་བསྡུས་ལས། དེ་ལྟར་སེམས་མཉམ་པར་བཞག་པ་ན་ཤེས་བྱའི་གཟུགས་བརྙན་རྣམ་པར་བསྔོས་པ་ལ་སོགས་པ་གང་དང་གང་མཐོང་བ་དེ་ཉིད་སེམས་མཐོང་བ་སྟེ། ཞེས་དང་། སུམ་ཅུ་བ་ལས་ཀྱང་། སྣ་ཚོགས་དག་ནི་གང་འབྱུང་བ། །རྣམ་པར་ཤེས་པར་གྱུར་བ་སྟེ། ། ཞེས་སོགས་མང་དུ་འབྱུང་བའི་ཕྱིར། དེས་ན་ཤེས་པའི་བག་ ཆགས་སད་སྟོབས་ཀྱིས་གྲུབ་པ་དང་། ཡང་ཤེས་པའི་བག་ཆགས་སད་པ་ལས་གྲུབ་ཚུལ་གཉིས་པོའི་ཁྱད་པར་ལེགས་པར་མ་ཕྱེ་བར་དུ་འདུས་མ་བྱས་ཀྱི་སྟེང་དུ་གཟུང་འཛིན་རིག་གསུམ་རྫས་ཐ་དད་ཀྱིས་སྟོང་བ་ཆོས་ཀྱི་བདག་མེད་ཕྲ་མོར་འཇོག་དཀའ་སྙམ། རྡུལ་ཕྲན་ཆ་མེད་བསགས་པའི་གོང་བུར་ཡོད་པ་ཙམ་ནི་ཕྱི་དོན་ཡོད་པའི་སྒྲུབ་བྱེད་མཐར་ཐུག་ཡིན་མོད། དེར་འཛིན་ཙམ་གྱིས་ཕྱི་རོལ་དོན་དུ་གྲུབ་པར་འཛིན་པ་དང་། དེ་བཀག་ཙམ་གྱིས་ཆོས་བདག་ཕྲ་མོ་ཁེགས་པ་མིན་ཏེ། དཔེར་ན་ཐལ་འགྱུར་བའི་ལུགས་ལ་མཐའ་བཞིའི་སྐྱེས་པ་དང་། མཐའ་བདུན་བཀག་པ་ཙམ་གྱིས་ཆོས་བདག་མི་ཁེགས་པ་ལྟར་རོ། །

             འོ་ན་ཁྱོད་ཀྱིས་གཞུང་གི་དགོངས་པ་ཇི་ལྟར་འགྲེལ་ཞེ་ན། བཤད་པར་བྱ་སྟེ། ཡུམ་གྱི་མདོ་ལས་མེད་ཅེས་གསུངས་པའི་ཀུན་བཏགས་ཚུལ་ལ་ཐེག་བསྡུས་ལས་གསུངས་པ་རྣམས་ལ་ཞེས་ཐེག་བསྡུས་ལས། འདས་སོགས་དེ་བཞིན་རྨི་ལམ་དང་། ཞེས་སོགས་དང་། ཡང་ཡི་དྭགས་དུད་འགྲོ་མི་རྣམས་དང་། ། ཞེས་བལྟ་བྱ་བརླན་གཤེར་ཕོར་བ་གང་ལ་ལྷ་མི་ཡི་དྭགས་གསུམ་གྱིས་ཅིག་ཆར་ཏུ་ལྟ་བའི་ཚེ་སོ་སོའི་བག་ཆགས་ལས་སྐྱེས་པའི་བལྟ་བྱ་ཐུན་མོང་ མིན་པ་རེ་གཞི་དེར་གྲུབ་དགོས་ལ། དོན་དེ་སོ་སོའི་ཐུན་མིན་ལས་སྣང་འབའ་ཞིག་ལས་ཡུལ་བརླན་གཤེར་གྱི་ངོས་ནས་རྡུལ་དུ་གྲུབ་པ་ཞིག་བཀག་པ་ཙམ་མིན་པ་དགོངས་འགྲེལ་ལས་གསུངས་པའི་ཀུན་བཏགས་གཉིས་ཀྱི་འགོག་ཚུལ་མཐིལ་ཕྱིན་པ་མི་ཤེས་པར་གོང་གི་འདོད་ཚུལ་དེ་ཙམ་དང་། གཟུང་འཛིན་རྫས་གཞན་གྱི་ཀུན་བཏགས་ཏེ་ཡུལ་ཅན་འཛིན་པའི་བདག་ཉིད་ཙམ་དུ་མ་གྲུབ་པར་ཕྱིའི་གཟུགས་སོགས་ཆ་མེད་བསགས་པའི་གོང་བུར་འགོག་པ་ཁོ་ན་ལ་བཞེད་ན་རྣལ་འབྱོར་སྤྱོད་པ་བ་དག་གི་ལུགས་ལ་ཆེས་མི་རིགས་པ་དུ་མ་ཞིག་སྨྲ་དགོས་ལ། རྟག་མི་རྟག་ལ་སོགས་གང་དུ་ཡང་གཟུང་ས་མེད་ པར་གསུངས་པ་རྣམས་ཀྱང་ལུགས་འདིས་བཤད་པར་ཤིན་ཏུ་དཀའ་འོ་ཞེས་འགྲེལ་དགོས་སམ་སྙམ། སྟོང་ཐུན་ལས། དེ་ལྟར་ན་ནམ་མཁའ་ཕྱི་རོལ་བེམ་པོས་སྟོང་བ་ནམ་མཁའི་སྟོང་ཉིད་དུ་སྨྲ་དགོས་པ་སོགས་རྣམ་རིག་པའི་ལུགས་འདིར་ཆེས་མི་རིགས་པ་དུ་མ་ཞིག་སྨྲ་དགོས་པར་འགྱུར་ལ། ཞེས་ནམ་མཁའ་ཕྱི་རོལ་བེམ་པོ་སོགས་ཆ་མེད་བསགས་པའི་གོང་བུས་སྟོང་བ་ཞེས་པ་གཉིས་གནད་གཅིག་ཏུ་སྣང་བས་དོན་གྱི་སྟོང་ཐུན་ཆེན་མོའི་དགོངས་པ་འདི་འདྲ་བ་ཞིག་ལ་འབབ་སྙམ་པ་ནི་རང་གི་རྣམ་རྟོག་གི་འཆར་སྒོ་ཙམ་ལས་གཞུང་ དོན་དང་འགལ་བའི་ནོངས་པ་ཅི་མཆིས་རིགས་སྨྲ་ཡོངས་ཀྱི་སྤྱན་སྔར་བཟོད་པར་གསོལ་ཞིང་སྙིང་ཐག་པ་ནས་མཐོལ་ཞིང་བཤགས་པ་ལགས་སོ། ། 
              ཞེས་བྱིས་པའི་ཅ་ཅོའི་གཏམ་ཕྲན་འདི་ཉིད་ཞིང་གཤེགས་དམ་པ་ཀླུ་འབུམ་ལྷ་རམས་པ་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་དགེ་འདུན་མཆོག་གི་རྗེས་དྲན་དུ་དེབ་ཅིག་འདོན་འཆར་ལྟར་བུ་སློབ་ཆོས་གྲོགས་འགས་བསྐུལ་ངོར་ས་བཅད་མ་སྟོང་ཙམ་དོགས་སློང་ཆུན་པོ་ཞིག་ཕུལ་བས་དགེ་བའི་བཤེས་གཉེན་གང་གི་ཐུགས་དགོངས་ཡོངས་སུ་རྫོགས་ཏེ་སྤྲུལ་བའི་ཉི་གཞོན་སླར་ཡང་འཆར་བའི་སྨོན་འདུན་བཅས་གུས་འབྲས་བློ་གླིང་ཕ་ར་རིག་འཛིན་རྡོ་རྗེས་འཕགས་ཡུལ་ལྷོ་ཕྱོགས་ནས་བྲིས་ཏེ་ཕུལ། །
            དགེ་བཤེས་ཕ་ར་རིག་འཛིན་མཆོག་གིས་གནང་བའི་རྩོམ་ཤོག་འདིའི་མ་ཕྱི་མི་གསལ་བའི་དབང་གིས་ནང་དུ་ཀློག་མ་ཐུབ་པ་གང་མང་ཞིག་བྱུང་བར་བརྟེན། གོང་འོག་གི་ཚིག་ཉམས་ལ་བལྟས་ཏེ་རང་བཟོ་འགའ་རེ་བྱེད་དགོས་བྱུང་བས། རྩོམ་པ་པོ་ཁོང་གི་ཐུགས་དགོངས་ངོ་མ་དང་མི་མཐུན་པ་རེ་བྱུང་ཡོད་ན། དགོངས་འགལ་མེད་པར་ཞུ།
 

                ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                    རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
                རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།