ཚོལ་བཞི་ཐོབ་ནས་ཤེས་བཞི་མ་ཐོབ་པ་དང་།ཤེས་བཞི་ཐོབ་པའི་གང་ཟག་རྒྱུད་ཀྱི་ཚོལ་བཞི་དང་ཤེས་བཞི་ལ་ཁྱད་པར་གང་གིས་ཕྱེ་བའི་ལན།༣

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-23 21:59:08     རྩོམ་པ་པོ།   ཀླུ་མཚན་བཟང་རྒྱ་མཚོ།     ཀློག་ཐེངས།  

 

76549972386228242.jpg
 

           དྲི་གཞི་བཅོ་བརྒྱད་པ། ཐེག་བསྡུས་ལས། ཡོངས་སུ་ཚོལ་བ་བཞི་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་བཞི་བོ་དག་གིས་ཡི་གེ་དང་དོན་ སྣང་བའི་ཡིད་ཀྱི་རྣམ་པར་རྟོག་པ་དེ་དག་ལ་རྣམ་པར་རིག་པ་ཙམ་ཉིད་དུ་ འཇུག་གོ ། ཞེས་པའི་ཚོལ་བཞི་དང་ཤེས་བཞིའི་སྒོ་ནས་རྣམ་རིག་ཙམ་ལ་འཇུག་ཚུལ་དང་། རྣམ་གཡེང་གི་རྟོག་པ་བཅུའི་གཉེན་པོར་འགྲོ་ཚུལ་ཇི་ལྟར་ཡིན། ཚོལ་བཞི་ཐོབ་ནས་ཤེབཞི་མ་ཐོབ་པ་དང་། ཤེས་བཞི་ཐོབ་པའི་ གང་ཟག་རྒྱུད་ཀྱི་ཚོལ་བཞི་དང་ཤེས་བཞི་ལ་ཁྱད་པར་གང་གིས་ཕྱེ།

                                                                  ཀླུ་མཚན་བཟང་རྒྱ་མཚོ། འབྲས་སྤུངས་སྒོ་མང་།

            མཁའ་ཁྱབ་འགྲོ་བའི་སྡུག་བསྔལ་སེལ་ཕྱིར་ཞི་བ་མཆོག་གི་གོ་འཕང་བརྙེས། ། གདུལ་བྱ་རྒྱ་མཚོའི་མོས་བློར་འཚམ་པའི་སྤྲུལ་བའི་རོལ་གར་སྣ་ཚོགས་སྟོན། ། མཛད་འཕྲིན་སྟོང་གིས་འཛམ་གླིང་ས་ཆེན་ཡོམ་ཡོམ་ཀུན་ནས་འདར་བར་བྱས། ། ང་ཡི་སྟོན་པ་འགྲན་པའི་ཟླ་བྲལ་དུས་ཀུན་སྤྱི་བོའི་རྒྱན་དུ་མཆོད། ། ཟླ་མེད་ལེགས་བཤད་བདུད་རྩི་འབེབ་པར་སྙིང་སྟོབས་མཆོག་གི་ དཀྱིལ་འཁོར་རྒྱས། ། བྱམས་དང་བརྩེ་བའི་འོད་ཀྱི་ཞགས་པས་ཆེར་སྙིགས་ འགྲོ་བ་ཡོངས་ལ་འཁྱུད། ། ཉ་རྒྱས་ཟླ་བའི་མཚན་དཔེའི་མེ་ཏོག་སྐལ་ལྡན་གདུལ་བྱའི་གཉེན་དུ་བཞད། ། མཁས་པའི་གཙུག་རྒྱན་ཙོང་ཁ་བ་དེར་སྒོ་ གསུམ་གུས་པས་ཕྱག་བགྱིའོ། ། གཞུང་ལུགས་རྒྱ་མཚོའི་ཕ་མཐའ་གཞལ་བར་རྣམ་དཔྱོད་གཡོར་གྲུའི་གར་སྟབས་བསྒྱུར། ། གྲངས་མེད་སྐལ་ལྡན་སློབ་བུའི་མགུལ་དུ་ལེགས་བཤད་ནོར་བུའི་རྒྱན་ཆ་སྤྲས། ། མདོར་ན་འཆད་རྩོད་རྩོམ་གྱི་བྱ་བས་ཉིན་མཚན་ལྟོས་པ་མེད་པར་བསྐྱལ། ། ངེས་པ་དོན་གྱི་བླ་མ་དམ་པ་དད་གསུམ་གཙུག་གི་རྒྱན་དུ་འགོད། །
           ཅེས་མཆོད་པར་བརྗོད་པ་སྔོན་དུ་བཏང་སྟེ། རྒྱལ་བའི་གསུང་རབ་ཀྱི་དྲང་བ་དང་ངེས་པའི་དོན་མ་ལུས་པ་རྣམ་པར་འབྱེད་པ་རྨད་དུ་བྱུང་བའི་བསྟན་བཅོས་ལེགས་བཤད་སྙིང་བོའི་དཀའ་གནད་ལ། དོགས་དཔྱོད་དྲི་བ་དྲིས་ལན་གྱི་ཚུལ་དུ་གླེང་བར་བྱ་བ་ནི། ཐེག་བསྡུས་ལས། ཡོངས་སུ་ཚོལ་བ་བཞི་དང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་བཞི་བོ་དག་གིས་ཡི་གེ་དང་དོན་སྣང་བའི་ཡིད་ཀྱི་རྣམ་པར་རྟོག་པ་དེ་དག་ལ་རྣམ་པར་རིག་པ་ཙམ་ཉིད་དུ་འཇུག་གོ ། ཞེས་པའི་ཚོལ་བཞི་དང་ཤེས་བཞིའི་སྒོ་ནས་རྣམ་རིག་ཙམ་ལ་འཇུག་ཚུལ་དང་། རྣམ་གཡེང་གི་རྟོག་པ་བཅུའི་གཉེན་པོར་འགྲོ་ ཚུལ་ཇི་ལྟར་ཡིན། ཚོལ་བཞི་ཐོབ་ནས་ཤེས་བཞི་མ་ཐོབ་པ་དང་། ཤེས་བཞི་ཐོབ་པའི་གང་ཟག་གི་རྒྱུད་ཀྱི་ཚོལ་བཞི་དང་ཤེས་བཞི་ལ་ཁྱད་པར་གང་གིས་ཕྱེ། ཞེས་བཀོད་པའི་དྲི་བའི་ལན་དུ། ཐེག་བསྡུས་ལས། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམ་པར་རིག་པ་ཙམ་ལ་འཇུག་པར་བརྩོན་པ་དེ་ལྟ་བུ་དེ། ཞེས་པ་ལྟར་བྱང་སེམས་སྦྱོར་ལམ་པ་ལྟ་བུས་ཚོལ་ཤེས་བཞིའི་སྒོ་ནས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་རྣམ་པར་རིག་པ་ཙམ་ལ་འཇུག་པར་བརྩོན་པ་ན། དོན་དེ་བརྗོད་པའི་ཡི་གེ་སྟེ་མིང་དང་། མིང་དེ་འཇུག་པའི་དོན་བློ་ལ་སྣང་བའི་ཡིད་ཀྱི་བརྗོད་པ་དེ་ལ་ཡི་གེའི་མིང་དེ་ཡང་ཡིད་ཀྱི་རྟོག་པ་ ཙམ་དུ་འཇུག་པར་ཟད་ཀྱི་རང་མཚན་གྱིས་གྲུབ་མ་གྲུབ་ཡང་དག་པར་ཡོངས་སུ་ཚོལ་བ་དེ་མིང་འཚོལ་ཚུལ་དང་། ཡི་གེའམ་མིང་ལ་བརྟེན་པའི་དོན་དེ་ཡང་མིང་དེའི་འཇུག་གཞིར་ཡིད་ཀྱི་བརྗོད་པ་ཙམ་དུ་འཇུག་པར་ཟད་ཀྱི་རང་མཚན་གྱིས་གྲུབ་མ་གྲུབ་ཡང་དག་པར་ཡོངས་སུ་ཚོལ་བ་དེ་དོན་འཚོལ་ཚུལ་དང་། དོན་དེ་ལ་དེའི་མིང་བཏགས་པའི་ངོ་བོ་དེ་ཡང་ཆོས་དེའོ་ཞེས་ངོ་བོ་ཉིད་དུ་རྟོག་པས་བཏགས་པ་ཙམ་དུ་འཇུག་པར་ཟད་ཀྱི་རང་མཚན་གྱིས་གྲུབ་མ་གྲུབ་ཡང་དག་པར་ཡོངས་སུ་ཚོལ་བ་དེ་ངོ་བོ་ཉིད་དུ་གདགས་པ་ཡོངས་སུ་ཚོལ་བ་དང་། དོན་དེ་ལ་དེའི་ཁྱད་པར་དུ་མིང་བཏགས་པའི་ངོ་བོ་དེ་ཡང་ཁྱད་པར་དུ་རྟོག་པས་བཏགས་པ་ཙམ་དུ་འཇུག་པར་ཟད་ཀྱི་རང་མཚན་གྱིས་གྲུབ་མ་གྲུབ་ཡང་དག་པར་ཡོངས་སུ་ཚོལ་བ་དེ་ཁྱད་པར་དུ་ གདགས་པ་ཡོངས་སུ་ཚོལ་བ་ཡིན་ལ།

            དེ་ལྟར་ཚོལ་བཞིས་བཙལ་བ་ལྟར་མིང་དོན་སོགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དེའི་ཕྱིར་མིང་དེ་ཡིད་ཀྱི་བརྗོད་པ་ཙམ་དུ་ཟད་པ་ཉིད་དུ་དམིགས་པའི་མིང་ཡོངས་སུ་ཤེས་པ་དང་། མིང་དང་བཅས་པའི་དོན་དེ་ངོ་བོ་དང་ཁྱད་པར་བཏགས་པ་ཙམ་དུ་དམིགས་པའི་དོན་ཡོངས་སུ་ཤེས་པ་དང་། ངོ་བོ་ཉིད་དང་ཁྱད་པར་དུ་འདོགས་པ་ཇི་ལྟར་སྣང་བ་ལྟར་གྱི་དོན་རང་མཚན་དུ་མི་དམིགས་པར་རྟོགས་པའི་ངོ་བོ་ཉིད་དུ་གདགས་པ་ཡོངས་སུ་ཤེས་པ་དང་། དེ་ལྟར་ཁྱད་པར་དུ་གདགས་པ་ཡོངས་སུ་ཤེས་པ་བཞི་སྐྱེ་ཞིང་། དེ་ལྟ་བུའི་ཤེས་ཚོལ་བཞི་ལ་བརྟེན་ནས་མིང་དོན་སྣང་བའི་རྟོག་པ་དེ་དག་ལ་ཇི་ལྟར་སྣང་བ་ལྟར་མེད་པར་རྟོགས་ པའི་རྣམ་པར་རིག་པ་ཙམ་དུ་འཇུག་པའི་ཕྱིར་ཏེ། ཐེག་བསྡུས་ལས། ཡི་གེ་དང་དོན་སྣང་བའི་ཡིད་ཀྱི་བརྗོད་པ་དེ་ལ་ཡི་གེའི་མིང་དེ་ཡང་ཡིད་ཀྱི་རྟོག་པ་ཙམ་དུ་ཟད་པར་ཡང་དག་པར་རྟོག་གོ ། ཞེས་པ་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་བཞི་བོ་དག་གིས་ཡི་གེ་དང་དོན་སྣང་བའི་ཡིད་ཀྱི་རྣམ་པར་རྟོག་པ་དེ་དག་ལ་རྣམ་པར་རིག་པ་ཙམ་ཉིད་དུ་འཇུག་གོ་ ཞེས་གསུངས་པའི་ཕྱིར། དེ་ལྟར་ཐེག་བསྡུས་ལས་གསུངས་པ་བཞིན། ཚོལ་བ་བཞི་དང་ཤེས་པ་བཞིའི་སྒོ་ནས་རྣམ་པར་རིག་པ་ཙམ་དུ་འཇུག་པའི་ལྟ་བ་གཏན་ལ་འབེབ་ཚུལ། མདོ་སྡེ་རྒྱན་དང་ཀུན་བཏུས་བྱང་ས་སོགས་ནས་གསུངས་པ་ཡིག་ཆར་གཞུང་ཚན་སོ་སོར་བཀོད་ནས་བསྒྲུབས་པ་དང་། ལེགས་བཤད་སྙིང་བོ་འདི་ཉིད་ལས་ཀྱང་། གལ་ཏེ་འདི་ཡིད་ཤེས་རྟོག་པ་ལ་ལྟོས་པའི་ཞེས་པ་ནས་རྣམ་རིག་ཙམ་ལ་འཇུག་པར་ཇི་ལྟར་འཐད་ཅེ་ན་སྐྱོན་མེད་དེ། འདི་ལྟར་སྔོན་པོ་གཟུང་བ་དོན་གཞན་དུ་འཛིན་པའི་རྟོག་པའི་ ཞེན་གཞི་ཡིན་པ་རང་མཚན་གྱིས་ཡོད་པ་རིགས་པས་ཁེགས་ན་སྔོན་པོ་ཞེན་གཞི་ཡིན་པ་སྣང་བའི་སྔོ་འཛིན་དེ་སྣང་ཡུལ་ལ་འཁྲུལ་བར་འགྲུབ་སྟེ། དེ་ སྣང་བ་ན་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བའི་ཕྱིར་རོ། ། དེ་གྲུབ་ན་སྔོན་པོ་དེ་རང་སྣང་བའི་ཤེས་པ་ལས་རྫས་གཞན་དུ་མེད་པ་གྲུབ་བོ། །

            ཞེས་པའི་རྩོད་ལན་དག་གིས་ཀྱང་ཚོལ་བ་བཞིའི་སྒོ་ནས་རྟོག་མེད་དབང་ཤེས་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་གྱིས་སྟོང་བའི་རྣམ་རིག་ཙམ་དུ་བརྒྱུད་ ནས་འཇུག་ནུས་པར་གསུངས་པ་སོགས་རྣམ་རིག་པ་ཙམ་དུ་འཇུག་པའི་ཚུལ་ལུང་རིགས་ཤིན་ཏུ་མང་བོས་གྲུབ་བོ། ། རྣམ་གཡེང་གི་རྟོག་པ་བཅུ་ཡང་གང་ཟག་གི་བདག་མེད་ལ་བརྟེན་པ་གཉིས་དང་། ཆོས་ཀྱི་བདག་མེད་ལ་བརྟེན་པ་བརྒྱད་ཀྱིས་ཤེས་པར་བྱ་སྟེ། དང་བོ་ནི། ཕུང་བོ་མེད་པར་ཞེན་པའི་དངོས་པོ་མེད་པའི་རྣམ་རྟོག་དང་། རྟག་གཅིག་རང་དབང་ཅན་གྱི་བདག་ཡོད་པར་ཞེན་པ་དངོས་པོ་རྣམ་པར་རྟོག་པ་སྟེ། གང་ཟག་གི་བདག་མེད་ལ་བརྟེན་པ་གཉིས་དང་། གཉིས་པ། གཟུང་འཛིན་རྫས་ཐ་དད་དུ་ཞེན་པ་སྒྲོ་འདོགས་ཀྱི་རྣམ་རྟོག་དང་། གཞན་དབང་མེད་པར་ཞེན་པ་སྐུར་འདེབས་ཀྱི་རྣམ་རྟོག་དང་། གཞན་དབང་དང་དེའི་ཆོས་ཉིད་གཉིས་གཅིག་ཏུ་འཛིན་པའི་རྣམ་རྟོག་དང་། དེ་ངོ་བོ་ཐ་དད་དུ་འཛིན་པའི་རྣམ་རྟོག་དང་། གཟུགས་ཞེས་མིང་གི་བརྗོད་བྱ་དོན་གྱི་ངོ་བོ་ཉིད་དུ་བདེན་པར་གྲུབ་པར་འཛིན་པ་ངོ་བོ་ཉིད་དུ་རྣམ་པར་རྟོག་པ་དང་། སྐྱེ་འགག་ལ་སོགས་པའི་མིང་གི་བརྗོད་བྱ་དོན་དམ་པར་གྲུབ་པར་འཛིན་པ་ཁྱད་པར་དུ་རྣམ་པར་རྟོག་པ་དང་། གཟུགས་ཞེས་པའི་མིང་ཇི་ལྟར་བཏགས་པ་དེ་དག་ཐོས་པ་ན། བརྗོད་བྱའི་དོན་སྣང་བའི་བློ་འཁྲུལ་མེད་དུ་འཛིན་པའི་མིང་ཇི་ལྟ་བ་བཞིན་དོན་དུ་འཛིན་པའི་རྣམ་རྟོག་དང་། གཟུགས་ལ་སོགས་པའི་དོན་དམིགས་པ་ན། དེ་ཡི་མིང་དུ་འཁྲུལ་མེད་དུ་འཛིན་པ་དོན་ཇི་ལྟ་བ་བཞིན་དུ་མིང་དུ་རྣམ་པར་རྟོག་པ་སྟེ། བརྒྱད་པོ་འདི་ཆོས་ཀྱི་བདག་མེད་ལ་བརྟེན་པའི་རྣམ་རྟོག་གོ །

           འདིའི་ཕྱི་མ་མིང་ཇི་ལྟ་བ་བཞིན་དུ་དོན་རྟོག་པ་དང་། དོན་ཇི་ལྟ་བ་བཞིན་དུ་མིང་རྟོག་པ། ངོ་བོ་ཉིད་དུ་རྟོག་པ། ཁྱད་པར་དུ་རྟོག་པ་བཞི་བོ་འདི་དག་མིང་ཚོལ་བ་དང་དོན་ཚོལ་བ། ངོ་བོ་ཉིད་དུ་གདགས་པ་ཚོལ་བ། ཁྱད་པར་དུ་གདགས་པ་ཚོལ་བ་བཞི་དང་། ཤེས་བཞིའི་དངོས་ཀྱི་མི་མཐུན་ཕྱོགས་ཡིན་པས། ཤེས་པ་དེ་དག་གིས་རང་གི་འཛིན་སྟངས་ཀྱི་ཡུལ་གྱི་རྣམ་པ་མངོན་སུམ་དུ་ཤར་བའི་སྒོ་ནས་རང་གི་མི་མཐུན་ཕྱོགས་དེ་དག་གི་གཉེན་པོ་བྱེད་དེ། གྲུབ་མཐའ་རྩ་བ་ལས། ཚོལ་བཞིས་བཙལ་བཞིན་མེད་ཕྱིར་དེར་དེ་མེད། ། ཅེས་གསུངས་པའི་ཕྱིར། ལྷག་མ་གང་ཟག་གི་བདག་མེད་ལ་བརྟེན་པ་གཉིས་དང་ཆོས་ཀྱི་བདག་མེད་ལ་བརྟེན་པ་བཞི་སྟེ་དྲུག་གི་གཉེན་པོར་འགྲོ་ཚུལ། དཔེར་ན། ཐེག་ཆེན་རིགས་ངེས་ས་དང་བོའི་སྒོམ་ལམ་བར་ཆད་མེད་ལམ་གྱི་ངོ་བོར་གྱུར་བའི་མིང་ཡོངས་སུ་ཤེས་པ་དེས། རང་གི་ངོས་སྐལ་གྱི་སྤང་བྱ་བདག་འཛིན་གཉིས་ཀྱི་གཉེན་པོ་བྱེད་པར་ལུང་རིགས་ཀྱིས་འགྲུབ་ལ། དེ་བཞིན་དུ་ས་གཞན་ལ་ཡང་རིགས་བསྒྲེ་བར་བྱའོ། ། སྤྱིར་ཐེག་བསྡུས་སུ་ རྣམ་གཡེང་གི་རྟོག་པ་བཅུའི་གཉེན་པོར་སྒྲུབ་པའི་ངོ་བོ་ལ་གདམས་པའི་མདོ་ཚན་པ་བཅུ་བཀོད་ནས་བསྒྲུབས་ཡོད་ལ། དེ་ཡང་མདོ་ཚན་བཅུའི་ སྐབས་སུ་བསྟན་པའི་སྟོང་ཉིད་བཅུ་དྲུག་རྟོགས་པའི་སྒོམ་པ་བཅུའམ་ས་བཅུའི་རྣམ་པར་མི་རྟོག་པའི་ཡེ་ཤེས་བཅུ་ས་རང་རང་གི་ངོས་སྐལ་གྱི་རྣམ་རྟོག་དེ་ དང་དེའི་གཉེན་པོ་བྱེད་པར་བསྟན་པ་ཡིན་མིན་དང་། སྟོང་ཉིད་རྟོགས་པའི་བློ་ལ་ཚོལ་ཤེས་གང་རུང་དང་། ཆོས་ཀྱི་བདག་འཛིན་ལ་རྣམ་གཡེང་གི་རྟོག་པ་བཞི་གང་རུང་དགོས་མིན་སོགས་དཔྱད་རྒྱུ་མང་ངོ་། །

             ཚོལ་ཤེས་བཞིའི་ས་མཚམས་སྒྲ་ཡངས་པའི་དབང་དུ་བྱས་ན། གནས་ལུགས་ལ་དཔྱོད་བློ་རྙེད་པ་ནས་མི་སློབ་ལམ་བར་དུ་ཚོལ་བ་དང་། གནས་ལུགས་རྟོགས་པའི་ལྟ་བ་རྙེད་པ་ནས་དེའི་བར་དུ་ཤེས་བཞི་འཇོག་ལ། འདི་ལྟར་བཞག་པ་དོན་དམ་དཔྱོད་པའི་རིགས་ཤེས་དང་གནས་ལུགས་ཡང་དག་པར་རྟོགས་པའི་ས་མཚམས་དང་བསྟུན་པ་ཡིན་པས་དཔྱད་རྒྱུ་ཡོད་དེ། ཡིག་ཆར། དོན་དམ་ དཔྱོད་བྱེད་ཀྱི་རིགས་ཤེས་དང་། གནས་ལུགས་ཡང་དག་པར་རྟོགས་པ་དག་གི་ས་མཚམས་དེ་ལྟར་ཡིན་པའི་ཕྱིར་སྙམ་སྟེ་དཔྱད། ཅེས་གསུངས་པའི་ཕྱིར། སྒྲ་དོག་པའི་དབང་དུ་བྱས་ན། ཚོལ་བཞི་ལམ་མ་ཞུགས་ཀྱི་གནས་ལུགས་ལ་སེམས་པ་ནས་རྒྱུན་མཐའི་བར་དང་། ཤེས་བཞི་ཆོས་ཀྱི་བདག་ མེད་ཕྲ་མོ་མངོན་སུམ་དུ་རྟོགས་པ་ནས་མི་སློབ་ལམ་བར་དུ་འཇོག་སྟེ། ཚོལ་བཞི་ལ་གནས་ལུགས་བཙལ་ནས་སྒོམ་པ་དགོས་ལ། ཤེས་བཞི་ལ་དེ་ལྟར་མི་དགོས་པའི་ཕྱིར་ཏེ། ཡིག་ཆར། གནས་ལུགས་ཚོལ་བཞིས་བཙལ་དེ་སྒོམ་པའི་ས་མཚམས་ལམ་མ་ཞུགས་ནས་རྒྱུན་མཐའི་བར་ཡོད་ཅིང་སངས་རྒྱས་ སར་གནས་ལུགས་བཙལ་ནས་སྒོམ་པ་མེད་པ་གང་ཞིག ཚོལ་བཞིས་བཙལ་བ་ལྟར་མ་གྲུབ་པར་ཡང་དག་པར་མངོན་སུམ་དུ་རྟོགས་པ་འཕགས་ལམ་མན་ཆད་ན་མེད་ཅིང་སངས་རྒྱས་ས་ན་ཡོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། སྒྲ་ཡངས་དོག་གང་གི་དབང་དུ་བྱས་ཀྱང་ཚོལ་བཞི་དང་བོར་ཐོབ་ ནས་ཤེས་བཞི་ཕྱིས་སུ་ཐོབ་དགོས་ལ། སྤྱིར་ན་སྒྲ་ཡངས་པའི་དབང་དུ་བྱེད་དགོས་པར་སྙམ་སྟེ། སངས་རྒྱས་འཕགས་པའི་རྒྱུད་ན་དོན་དམ་དཔྱོད་ བྱེད་ཀྱི་རིགས་ཤེས་ཡོད་པའི་ཕྱིར། འོན་ཀྱང་སྒྲ་དོག་པའི་དབང་དུ་བྱས་ན། རྒྱུན་མཐའི་བར་ཆད་མེད་ལམ་གྱི་ངོ་བོར་གྱུར་བའི་དོན་ཡོངས་སུ་ཤེས་པ་ལྟ་བུ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཆ་ནས་ཡོངས་སུ་ཤེས་པ་དང་། སྒོམ་པ་མཐར་མ་ཕྱིན་པའི་ཆ་ནས་ཤེས་ཚོལ་གཉིས་ཀྱི་གཞི་མཐུན་དུ་འཇོག་ལ། དེ་ལྟ་ན་ཚོལ་ཤེས་གཉིས་ལ་མུ་བཞི་ཡོད་པས། དྲང་ངེས་བློ་གསལ་ མགྲིན་རྒྱན་སོགས་དང་བསྡུར་ན་དཔྱད་རྒྱུ་ཡོད་དོ། །

          འདིར་འབད་དགེ་བའི་རྣམ་དཀར་ཅི་མཆིས་པས། ། ཚེ་རབས་ཀུན་ཏུ་བླ་མའི་ཞལ་མཇལ་ཏེ། ། གསུང་གི་བདུད་རྩི་ཟད་པ་མེད་པ་རུ། ། ལོངས་སུ་སྤྱོད་པའི་སྐལ་བ་ལྡན་པར་ཤོག ། ཅེས་གཞུང་ལུགས་རབ་འབྱམས་ཀྱི་ཕ་མཐར་སོན་པ་ཡབ་རྗེ་བླ་མ་དམ་པ་རྗེ་བློ་བཟང་ དགེ་འདུན་མཆོག་གི་རྗེས་དྲན་གྱི་ཚུལ་དུ། གང་གི་གསུང་སྐྱེས་ཀྱི་གྲལ་མཐའ་འཛིན་པ་འབྲས་སྒོ་མང་ཀླུ་མཚན་བཟང་རྒྱ་མཚོས།
ཕྱི་ལོ་༢༠༡༠ཟླ་ ༤ ཚེས་ ༡ ཉིན་བྲིས། །
 

          ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                              རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།