ཚོལ་བཞི་ཐོབ་ནས་ཤེས་བཞི་མ་ཐོབ་པ་དང་།ཤེས་བཞི་ཐོབ་པའི་གང་ཟག་རྒྱུད་ཀྱི་ཚོལ་བཞི་དང་ཤེས་བཞི་ལ་ཁྱད་པར་གང་གིས་ཕྱེ་བའི་ལན།༢

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-23 21:44:28     རྩོམ་པ་པོ།   ཚོགས་རམས་པ་ཟུང་ཆོས་སྐུ།     ཀློག་ཐེངས།  

76549972386228242.jpg

           དྲི་གཞི་བཅོ་བརྒྱད་པ། ཐེག་བསྡུས་ལས། ཡོངས་སུ་ཚོལ་བ་བཞི་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་བཞི་བོ་དག་གིས་ཡི་གེ་དང་དོན་ སྣང་བའི་ཡིད་ཀྱི་རྣམ་པར་རྟོག་པ་དེ་དག་ལ་རྣམ་པར་རིག་པ་ཙམ་ཉིད་དུ་ འཇུག་གོ ། ཞེས་པའི་ཚོལ་བཞི་དང་ཤེས་བཞིའི་སྒོ་ནས་རྣམ་རིག་ཙམ་ལ་འཇུག་ཚུལ་དང་། རྣམ་གཡེང་གི་རྟོག་པ་བཅུའི་གཉེན་པོར་འགྲོ་ཚུལ་ཇི་ལྟར་ཡིན། ཚོལ་བཞི་ཐོབ་ནས་ཤེས་བཞི་མ་ཐོབ་པ་དང་། ཤེས་བཞི་ཐོབ་པའི་ གང་ཟག་རྒྱུད་ཀྱི་ཚོལ་བཞི་དང་ཤེས་བཞི་ལ་ཁྱད་པར་གང་གིས་ཕྱེ།

                                                                                                                      ཚོགས་རམས་པ་ཟུང་ཆོས་སྐུ། འབྲས་སྤུངས་སྒོ་མང་།

རྡོ་རྗེ་འཆང་དང་ངོ་བོ་དབྱེར་མེད་པའི། །
སྐལ་ལྡན་གདུལ་བྱ་འདུལ་ཕྱིར་སྣང་ཚོད་ལ། །
བཤེས་གཉེན་དུ་མའི་གར་གྱིས་རྣམ་རོལ་བ། །
དཔལ་ལྡན་བླ་མར་དུས་ཀུན་དང་བས་འདུད། །
 

            དེ་ལ་འདིར་དྲང་ངེས་ཀྱི་དྲི་བ་ཉི་ཤུ་བཀོད་པ་ལས་བཅོ་བརྒྱད་པའི་ ལན་བཤད་པ་ལ། འདིར་སྐབས་སུ་མཁོ་བའི་ཆོས་བཤད་པ་དང་། ལན་ དངོས་བཤད་པ་གཉིས། དང་བོ་ལ་རིགས་པའི་དགག་བྱ་ངོས་བཟུང་བ་དང་། ཚོལ་བཞི་དང་ཤེས་བཞི་ངོས་བཟུང་བ། རྣམ་གཡེང་གི་རྟོག་པ་བཅུ་ངོས་བཟུང་བ་དང་གསུམ། དང་བོ་ནི། སྐབས་འདིའི་རིགས་པའི་དགག་བྱ་ལ་ གཉིས་ལས། གཞན་དབང་དང་ཡོངས་གྲུབ་གཉིས་བདེན་མེད་དུ་འཛིན་པའི་བློ་སྐུར་འདེབས་ཡིན་ལ། སྒྲོ་འདོགས་ལ་ཡང་ཕུང་བོའི་ཚོགས་རྒྱུན་གང་ལ་ཡང་ལྟོས་མེད་ཀྱི་རང་རྐྱ་བར་འཛིན་པའི་གང་ཟག་གི་བདག་འཛིན་གྱི་སྒྲོ་འདོགས་དང་། ཕུང་སོགས་མིང་བརྡའི་འཇུག་གཞིར་རང་གི་མཚན་ཉིད་ ཀྱིས་གྲུབ་པར་འཛིན་པའི་བློ་དང་གཟུང་འཛིན་རྫས་གཞན་དུ་འཛིན་པའི་བློ་གཉིས་ཏེ། ཆོས་ཀྱི་བདག་འཛིན་གྱི་སྒྲོ་འདོགས་གཉིས་ཡོད། སྔ་མ་ནི། རྩ་བར་ཉན་ཐོས་ཀྱི་སྡེ་སྣོད་ལ་བརྟེན་ནས་ཀྱང་བདག་མེད་གཉིས་གསུངས་པའི་དོན་བཤད་པའི་ས་ཁུངས་སུ་འཆད་པར་འགྱུར་བས་འདིར་འཆད་མི་དགོས་ལ། ཆོས་ཀྱི་བདག་འཛིན་ལ་གཉིས་ཡོད་པ་ལས་ཕྱི་མ་ནི། སེམས་ཙམ་པའི་གཞུང་མང་བོར་གསལ་བར་གསུངས་ཟིན་པས། འདིར་སྔ་མ་གཙོ་བོར་འཆད་པར་རྩ་བར་གསུངས་སོ། །

           འོ་ན། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་ཚུལ་དང་། དེ་ལྟར་འཛིན་ཚུལ་ཇི་ལྟར་ཡིན་ཅེ་ན། ཐ་མལ་བའི་སྣང་ཚོད་ལྟར་གྱི་ཕུང་སོགས་ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་ནི། རང་འཛིན་རྟོག་པའི་ཞེན་གཞིར་རམ་མིང་བརྡའི་འཇུག་གཞི་ཡིན་ལ། གཟུགས་སོགས་གཞི་དེར་རང་གི་གནས་ལུགས་ཀྱི་དབང་གིས་སམ་རང་མཚན་གྱིས་གྲུབ་པ་ནི། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་ཚུལ་ཡིན་ཏེ། རྩ་བ་ལས། ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པ་ཆོས་ཀྱི་བདག་འཛིན་དུ་འདོད་པའི་ཀུན་བཏགས་ནི་ཞེས་པ་ནས་ཕུང་སོགས་ངོ་བོ་དེར་རང་གི་མཚན་ཉིད་ཀྱིས་ཡོད་པར་འཛིན་པ་སྒྲོ་འདོགས་སོ། ། ཞེས་དང་། དྲང་ངེས་མཆན་ལས། སོ་སྐྱེས་གཟུགས་ལ་བལྟས་པའི་ཚེ་ཁོ་རང་གི་སྣང་ཚོད་ཙམ་པོ་ནི་སྣང་ཆ་དེ་ཁོ་ན་ཡིན་ཞིང་། ངས་གཟུགས་མཐོང་ཞེས་དངོས་སུ་བརྡ་སྦྱོར་བའང་དེ་ཉིད་ཡིན་པས་དེ་ལ་གཟུགས་ཀྱི་མིང་ཅན་ཞེས་བཏགས་སོ། ། ཞེས་གསུངས་པའི་ཕྱིར་དང་། དཔེར་ན། སྣང་ཞེན་གཉིས་ལྡན་གྱི་སྒྱུ་མའི་ལྟད་མོ་བས་རང་གི་སྣང་ཆའི་སྒྱུ་མའི་རྟ་གླང་ལ་འདི་རྟའོ། ། འདི་གླང་བོའོ། ། ཞེས་མིང་འདོགས་པ་བཞིན་ཡིན་པའི་ ཕྱིར་རོ། །

           རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་འཛིན་ཚུལ་ནི། སྔོ་འཛིན་མིག་ཤེས་ལ་སྔོན་པོ་སྣང་བའི་ཚེ། རྟོག་པའི་ཞེན་གཞིར་སྔོན་པོ་རང་གི་གནས་ཚོད་ཀྱི་ངོས་ནས་གྲུབ་པ་བཞིན་དུ་སྣང་བ་ནི། སྔོ་འཛིན་མིག་ཤེས་ལ་སྔོན་པོ་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྣང་ཚུལ་ཡིན་ལ། དེ་ལྟར་སྣང་བ་དེ་སྣང་བ་ལྟར་དུ་གྲུབ་པར་རྗེས་ཀྱི་རྟོག་པས་འཛིན་པ་ནི། སྔོན་པོ་རང་འཛིན་རྟོག་པའི་ཞེན་གཞིར་རང་ མཚན་གྱིས་གྲུབ་པར་འཛིན་ཚུལ་ཡིན་ནོ། ། སྔོ་འཛིན་མིག་ཤེས་ལ་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྣང་བ་མེད་དེ། སྔོན་པོ་དང་སྔོ་འཛིན་རྟོག་པ་གཉིས་དབང་ཤེས་ལ་སྦྲགས་ནས་འཆར་བ་མེད་པས་ཕྱིར་ན། མ་ཁྱབ་བོ། ། སྔོ་འཛིན་མིག་ཤེས་ལ་ཐ་སྙད་ཀྱི་གཞི་འམ་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྣང་བ་ཡོད་དེ། སྔོ་འཛིན་མིག་ཤེས་ལ་སྔོན་པོ་ ཚུལ་ཇི་ལྟར་སྣང་བ་དེ་ཉིད་དྲན་པའི་ཡུལ་དུ་བྱས་ནས། དེ་ལ་ཞེན་ཏེ་འདི་ སྔོན་པོའོ། ། འདི་སྔོན་པོའི་སྐྱེས་པའོ། ། ཞེས་སོགས་ཀྱི་ཐ་སྙད་བྱེད་པའི་ རྟོག་པ་དེ་སྔོ་འཛིན་མིག་ཤེས་དེས་རང་སྟོབས་ཀྱིས་འདྲེན་པའི་ཕྱིར་དང་། སྔོན་པོའོ་ཞེས་བརྗོད་པའི་དོན་དེའི་ངོ་བོ་ཉིད་གང་ཡིན་ཐ་མལ་བ་ལ་དྲིས་པ་ན། སྔོ་འཛིན་མིག་ཤེས་ལ་སྔོན་པོ་ཇི་ལྟར་སྣང་བའི་སྣང་བ་ལ་ཞེན་ནས་དོན་དེའི་ངོ་བོ་ཉིད་ནི། སྔོན་པོ་ཡིན་ནོ། ། ཞེས་ལན་འདེབས་པའི་ཀུན་སློང་གི་རྟོག་པའང་མིག་ཤེས་དེས་རང་སྟོབས་ཀྱིས་འདྲེན་ནུས་པས་ཕྱིར་རོ། །

           གཉིས་པ་ནི། ཚོལ་བ་བཞི་གང་ཡིན་ཞེ་ན། མིང་དེ་དོན་དེ་ལ་གནས་ལུགས་ཀྱི་དབང་གིས་ཞུགས་པ་མ་ཡིན་པར་ཐ་སྙད་དུ་འཇུག་པར་ཚོལ་བ་དེ། མིང་ཚོལ་བའི་ཚོལ་བ་དང་། དོན་དེ་མིང་ལ་གློ་བུར་ཏེ་མིང་བརྡའི་འཇུག་གཞིར་གདོད་མ་ནས་གནས་ལུགས་ཀྱི་དབང་གིས་མ་གྲུབ་པར་ཚོལ་བ་དེ། དོན་ཚོལ་བའི་ཚོལ་བ། མིང་དོན་གྱི་འབྲེལ་བ་ལ་བརྟེན་ནས་བརྗོད་བྱ་རྗོད་བྱེད་ཀྱི་ཆར་ དོན་དེའོ་ཞེས་ངོ་བོ་ཉིད་དུ་གདགས་པའི་གཞིར་དངོས་དབང་གིས་མི་གནས་པར་བཏགས་པ་ཙམ་དུ་ཟད་པར་ཡང་དག་པར་ཚོལ་བ་དེ། ངོ་བོ་ཉིད་དུ་ འདོགས་པ་ཡོངས་སུ་ཚོལ་བའི་ཚོལ་བ། མིང་དོན་གྱི་འབྲེལ་བ་ལ་བརྟེན་ ནས་དོན་དེའི་ཁྱད་པར་རམ་བྱེ་བྲག་ཏུ་བཏགས་པའི་གཞིར་བཏགས་པ་ཙམ་ལས་དོན་དམ་པར་དངོས་དབང་གིས་མ་གྲུབ་པར་ཚོལ་བ་དེ། ཁྱད་པར་དུ་འདོགས་པ་ཡོངས་སུ་ཚོལ་བའི་ཚོལ་བ་ཡིན་ནོ། ། ཚོལ་བ་བཞི་བོ་དེ་དག་ གིས་ཇི་ལྟར་བཙལ་བ་ལྟར་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཤེས་པ་བཞི་བོ་དེ་ཡང་དག་པར་ཡོངས་སུ་ཤེས་པའི་ཤེས་པ་བཞི་ཡིན་ནོ། །

          གསུམ་པ་ནི། མདོ་སྡེ་རྒྱན་ལས། རྒྱལ་བའི་སྲས་རྣམས་ཀྱིས་ནི་ཡོད་དང་མེད་པ་དང་། ། སྒྲོ་འདོགས་སྐུར་བའི་མཐའ་དང་གཅིག་ཉིད་དུ་མ་ཉིད། ། རང་དང་ཁྱད་པར་རྟོགས་དང་མིང་དོན་ཇི་བཞིན་དུ། །མངོན་པར་ཞེན་པའི་རྟོག་པ་ཡང་དག་སྤོང་བར་བྱ། ། ཞེས་གསུངས་པ་ལྟར། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་འཛིན་པ་དང་། རང་རྐྱ་བས་སྟོང་བའི་ཕུང་སོགས་མེད་པར་འཛིན་པའི་འཛིན་པ་གཉིས་ཏེ། གང་ཟག་གི་བདག་ལ་བརྟེན་པ་གཉིས་དང་། ཀུན་བཏགས་རང་མཚན་དུ་གྲུབ་པར་འཛིན་པའི་འཛིན་པ་དང་། གཞན་དབང་དང་ཡོངས་གྲུབ་གཉིས་བདེན་མེད་དུ་འཛིན་པའི་འཛིན་པ། སྟོང་གཞི་ཆོས་ཅན་དང་དེའི་སྟེང་གི་ཆོས་ཉིད་གཉིས་ལྡོག་པ་གཅིག་ཏུ་འཛིན་པའི་འཛིན་པ། དེ་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་འཛིན་པ། རང་གི་ངོ་བོ་མིང་བརྡའི་འཇུག་གཞིར་རང་མཚན་གྱིས་གྲུབ་པར་འཛིན་པའི་འཛིན་པ། རང་གི་ཁྱད་པར་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་འཛིན་པའི་འཛིན་པ། མིང་དེ་དོན་དེ་ལ་དངོས་དབང་གིས་འཇུག་པར་ འཛིན་པའི་འཛིན་པ། དོན་དེ་མིང་དེའི་ཡུལ་དུ་གནས་ལུགས་ཀྱི་དབང་གིས་གྲུབ་པར་འཛིན་པའི་འཛིན་པ་ལ་སོགས་པའི་ཆོས་ཀྱི་བདག་ལ་བརྟེན་པ་བརྒྱད་དེ། བཅུ་བོ་ནི། རྣམ་གཡེང་གི་རྟོག་པ་བཅུར་འཇོག་པ་ཡིན་ནོ། ། དང་བོ་གཉིས་གང་ཟག་གི་བདག་ལ་བརྟེན་པར་སྦྱར་བ་ནི། ཀུན་བཏུས་ དར་ཊིཀ་ལྟར་ཡིན་ལ། བཅུ་ག་ཆོས་ཀྱི་བདག་ལ་བརྟེན་པ་སྦྱོར་ཚུལ་ཞིག་ ཀྱང་ཡོད་པར་གསུངས་སོ། །

          གཉིས་པ་ལན་དངོས་བཤད་པ་ནི། ཚོལ་བཞི་དང་ཤེས་བཞིའི་སྒོ་ནས་རྣམ་རིག་ཙམ་ལ་འཇུག་ཚུལ་ཡོད་དེ། ཚོལ་བ་བཞིའི་སྒོ་ནས་གཟུགས་སོགས་རང་འཛིན་རྟོག་པ་ལ་ངོ་བོ་དང་ཁྱད་པར་གྱི་ཐ་སྙད་ཀྱི་གཞིར་གཟུགས་སོགས་རང་གི་དངོས་པོའི་གནས་ཚོད་ཀྱི་ངོས་ནས་སྣང་བ་དེ་སྣང་བ་ལྟར་དུ་གྲུབ་པ་ཁེགས་པ་གང་ཞིག དེ་ཁེགས་ན་རྟོག་པ་ལ་གཟུགས་སོགས་ངོ་བོ་དང་ཁྱད་པར་ཀྱི་ཐ་སྙད་ཀྱི་གཞིར་སྣང་བ་ནི། གཟུགས་སོགས་རང་གི་གནས་ཚོད་ཀྱི་ངོས་ནས་ཤར་བ་མ་ཡིན་པར་གྲུབ་ལ། དེ་གྲུབ་ན་དེ་ ལྟར་སྣང་བ་ནི། ནང་ཤེས་པའི་བདག་ཉིད་མངོན་བརྗོད་ཀྱི་བག་ཆགས་ཀྱི་དབང་གིས་ཐ་སྙད་ཀྱི་གཞིར་ཕྱི་རོལ་ཀྱི་གཟུགས་ཀྱི་རྣམ་པ་སྣང་བ་རྟོགས་ནུས་པས། རྟོག་པ་ཡིད་ཤེས་ལ་ལྟོས་པའི་རྣམ་རིག་ཙམ་ལ་འཇུག་ནུས་པའི་ཕྱིར། དང་བོ་གྲུབ་སྟེ། མིང་ཚོལ་བས། མིང་དེ་དོན་དེ་ལ་གནས་ལུགས་ཀྱི་དབང་གིས་འཇུག་པ་ཡིན་མིན་ཚོལ་བ་གང་ཞིག དོན་ཚོལ་བས། དོན་དེ་མིང་གི་འཇུག་གཞིར་གནས་ལུགས་ཀྱི་དབང་གིས་གྲུབ་མ་གྲུབ་ཚོལ། ངོ་བོ་ཉིད་དུ་འདོགས་པ་ཚོལ་བས། མིང་དོན་གྱི་འབྲེལ་བ་ལ་བརྟེན་ནས་བཏགས་པ་ཙམ་ལས་དོན་དེ་དེའི་ངོ་བོའོ། །ཞེས་བརྗོད་པའི་སྒྲའི་འཇུག་གཞིར་དངོས་དབང་གིས་གྲུབ་མ་གྲུབ་ཚོལ། ཁྱད་པར་དུ་འདོགས་པ་ཚོལ་བས། དོན་དེའི་ཁྱད་པར་དུ་བཏགས་པའི་གཞིར་རང་མཚན་གྱིས་གྲུབ་མ་གྲུབ་ཚོལ་བ་ཡིན་པའི་ཕྱིར། ཟུར་ཕྱི་མ་དེ་དག་གྲུབ་སྟེ། སྔོ་འཛིན་རྟོག་པ་ལ་དེ་ལྟར་སྣང་བ་དེ། བག་ཆགས་ཀྱི་དབང་གིས་ཤར་བ་ཡིན་པར་རྟོགས་ན་སྔོན་པོ་སྔོ་འཛིན་རྟོག་པའི་བདག་ཉིད་དུ་རྟོགས་ནུས་པའི་ཕྱིར་ཏེ། ཐེག་བསྡུས་ལས། ཡིད་ཀྱི་བརྗོད་པ་ཙམ་དུ་ཟད་པ་ཉིད་དུ་ཡང་དག་པར་རྟོག་གོ ། ཞེས་གསུངས་པས་ཕྱིར་དང་།

            ཡིག་ཆ་ལས། དོན་དེ་མིང་དེའི་འཇུག་གཞིར་དོན་དམ་པར་གྲུབ་པ་ཁེགས་ན་ཞེས་པ་ནས་རྟོག་པའི་བདག་ཉིད་ཙམ་དུ་ཟད་པར་ཡང་དག་པར་རྟོག་ པའི་མངོན་སུམ་འབྱུང་བའི་ཕྱིར། ཞེས་གསུངས་པའི་ཕྱིར། གཞན་ཡང་། ཚོལ་བཞི་དང་ཤེས་བཞིའི་སྒོ་ནས་རྟོག་མེད་ཤེས་པ་ལ་ལྟོས་པའི་རྣམ་རིག་ ཙམ་ལ་འཇུག་ནུས་ཏེ། དེ་བཞིའི་སྒོ་ནས་གཟུགས་སོགས་ཐ་སྙད་ཀྱི་གཞིར་རང་མཚན་གྱིས་མ་གྲུབ་པར་རྟོགས་ན། དེ་ལ་བརྟེན་ནས་དབང་ཤེས་ལ་ཐ་སྙད་ཀྱི་གཞིར་རང་མཚན་གྱིས་གྲུབ་པ་སྣང་བ་ལྟར་དུ་མ་གྲུབ་པར་རྟོགས་ནུས། དེ་རྟོགས་ན། དབང་ཤེས་ལ་གཟུགས་སོགས་སྣང་བ་ལྟར་མ་གྲུབ་པར་རྟོགས་ནུས་པས་གཟུགས་སོགས་དབང་ཤེས་ལས་རྫས་གཞན་དུ་མེད་པར་རྟོགས་ ནུས་པའི་ཕྱིར་རོ། ། ཡང་ན། སྔོ་འཛིན་མིག་ཤེས་ལ་སྔོན་པོ་རྟོག་པའི་ཞེན་གཞིར་སྣང་བ་ལྟར་གྲུབ་པ་ཁེགས་ན། སྔོ་འཛིན་མིག་ཤེས་ལ་དེ་ལྟར་སྣང་བ་དེ། སྔོན་པོའི་ངོས་ནས་ཚུར་རྣམ་པ་གཏད་སྟོབས་ཀྱིས་སྣང་བ་མ་ཡིན་པར་རྟོགས་ནུས་ལ། དེ་རྟོགས་ན། སྣང་བ་དེ་བག་ཆགས་སད་སྟོབས་ཀྱིས་སྔོ་འཛིན་མིག་ཤེས་ལ་བྱུང་བ་ཡིན་པས། སྔོ་འཛིན་མིག་ཤེས་དང་སྔོན་པོ་གཉིས་ཉེར་ལེན་བག་ཆགས་གཅིག་ལས་སྐྱེས་པ་དང་། སྔོན་པོ་སྔོ་འཛིན་མིག་ཤེས་ཀྱི་བདག་ཉིད་དུ་རྟོགས་ནུས་པའི་ཕྱིར་རོ། ། དྲི་ཟུར་གཉིས་པའི་ལན་ནི། ཚོལ་བ་བཞི་དང་ཤེས་པ་བཞི་རྣམ་གཡེང་གི་རྟོག་པ་བཅུའི་གཉེན་པོར་འགྲོ་ཚུལ་ཇི་ལྟར་ཡིན་ཞེ་ན། རྣམ་གཡེང་གི་རྟོག་པ་བཅུ་བོ་རེ་རེའི་འཛིན་སྟངས་འགལ་བའི་གཉེན་པོར་འགྲོ་ཚུལ་མེད་དེ། གང་ཟག་གི་བདག་ལ་བརྟེན་པ་གཉིས་དང་། ཆོས་ཀྱི་བདག་ལ་བརྟེན་པ་དང་བོ་བཞིའི་འཛིན་སྟངས་འགལ་བས་གཉེན་པོར་འགྲོ་ཚུལ་མེད་པའི་ཕྱིར།

           འོན་ཀྱང་། ངོ་བོ་ཉིད་དུ་འདོགས་པ་ ཚོལ་བ་དང་། ཁྱད་པར་དུ་འདོགས་པ་ཡོངས་སུ་ཚོལ་བ་གཉིས། ཆོས་ཀྱི་ བདག་ལ་བརྟེན་པའི་རྣམ་གཡེང་གི་རྟོག་པ་ལྔ་བ་དང་། དྲུག་པ་གཉིས་ཀྱི་ གཉེན་པོར་འགྲོ་ལ། མིང་ཡོངས་སུ་ཚོལ་བ་དང་། དོན་ཡོངས་སུ་ཚོལ་བ་ གཉིས། རྣམ་གཡེང་གི་རྟོག་པ་ཕྱི་མ་གཉིས་ཀྱི་གཉེན་པོར་འགྲོ་བར་མཁས་པ་གཞན་གྱིས་གསུངས་པ་ལྟར་འཐད་པ་ཡིན་ནོ། ། དྲི་ཟུར་གསུམ་པའི་ལན་ནི། ཚོལ་བཞི་ཐོབ་ནས་ཤེས་བཞི་མ་ཐོབ་པའི་གང་ཟག་ནི། དོན་དམ་ལ་དཔྱོད་པའི་ཡིད་དཔྱོད་ཙམ་རྒྱུད་ལ་ལྡན་པའི་གང་ཟག་འཇོག་སྟེ། ཡིག་ཆ་ལས། ཚོལ་བ་བཞི་ནི་ལམ་མ་ཞུགས་ཀྱི་གནས་ལུགས་ལ་དཔྱོད་བློ་རྙེད་པ་ནས་དང་། ཤེས་པ་བཞི་གནས་ལུགས་རྟོགས་པའི་ལྟ་བ་རྙེད་པ་ནས་ཡ་མཐའ་མི་སློབ་ལམ་གྱི་བར་ན་ཡོད་པར་མངོན་ཏེ། ཞེས་གསུངས་པའི་ཕྱིར། ཤེས་པ་བཞི་ཐོབ་པའི་གང་ཟག་གི་རྒྱུད་ཀྱི་ཤེས་བཞི་ལ་ཚོལ་བཞིས་ཁྱབ་སྟེ། དེའི་ཤེས་བཞི་ལ་དོན་དམ་དཔྱོད་བྱེད་ཀྱི་རིག་ཤེས་ཀྱིས་ཁྱབ་པའི་ཕྱིར། ཁྱབ་སྟེ། དོན་དམ་དཔྱོད་བྱེད་ཀྱི་རིག་ཤེས་ཀྱི་ས་མཚམས་ཡ་མཐའ་མི་སློབ་ལམ་ལ་ ཡོད་པས། ཚོལ་བཞིའི་ས་མཚམས་མི་སློབ་ལམ་ལ་ཡོད་པར་ཡིག་ཆས་བསྒྲུབས་ཚུལ་ཡོད་པའི་ཕྱིར། ཤེས་བཞི་ཐོབ་པའི་གང་ཟག་གི་རྒྱུད་ཀྱི་ཚོལ་བཞི་ལ་ ཤེས་བཞིས་མ་ཁྱབ་སྟེ། དེའི་རྒྱུད་ཀྱི་དོན་དམ་དཔྱོད་བྱེད་ཀྱི་བློ་ལ། གནས་ལུགས་རྟོགས་པས་མ་ཁྱབ་པའི་ཕྱིར། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བཀའ་དྲིན་ མཚུངས་མེད་རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོའི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་གསང་ ཆེན་རྒྱུད་སྨད་གྲྭ་ཚང་དུ་རྒྱུད་སྡེ་བཞིའི་རྣལ་འབྱོར་ལ་བརྩོན་བཞིན་པའི་ཞར་བྱུང་དུ་ཁོང་གི་སློབ་བུའི་གྲལ་མཐར་འཛིན་པ་དགེ་བཤེས་ཚོགས་རམས་པ་དཀོན་མཆོག་རྒྱ་མཚོའམ་ཆོས་སྐུར་འབོད་པས་བྲིས་པའོ༎

ཕྱི་ལོ་༢༠༡༠ཟླ་༨་ཚེས་༢༢
 

           ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                 རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།