ཚོལ་བཞི་ཐོབ་ནས་ཤེས་བཞི་མ་ཐོབ་པ་དང་།ཤེས་བཞི་ཐོབ་པའི་གང་ཟག་རྒྱུད་ཀྱི་ཚོལ་བཞི་དང་ཤེས་བཞི་ལ་ཁྱད་པར་གང་གིས་ཕྱེ་བའི་ལན།༡

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-23 21:39:07     རྩོམ་པ་པོ།   ལྷ་རམས་པ་ཀླུ་གྲགས་པ་རྒྱ་མཚོ།    ཀློག་ཐེངས།  

             76549972386228242.jpg

           དྲི་གཞི་བཅོ་བརྒྱད་པ། ཐེག་བསྡུས་ལས། ཡོངས་སུ་ཚོལ་བ་བཞི་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་བཞི་བོ་དག་གིས་ཡི་གེ་དང་དོན་ སྣང་བའི་ཡིད་ཀྱི་རྣམ་པར་རྟོག་པ་དེ་དག་ལ་རྣམ་པར་རིག་པ་ཙམ་ཉིད་དུ་ འཇུག་གོ ། ཞེས་པའི་ཚོལ་བཞི་དང་ཤེས་བཞིའི་སྒོ་ནས་རྣམ་རིག་ཙམ་ལ་འཇུག་ཚུལ་དང་། རྣམ་གཡེང་གི་རྟོག་པ་བཅུའི་གཉེན་པོར་འགྲོ་ཚུལ་ཇི་ལྟར་ཡིན། ཚོལ་བཞི་ཐོབ་ནས་ཤེས་བཞི་མ་ཐོབ་པ་དང་། ཤེས་བཞི་ཐོབ་པའི་ གང་ཟག་རྒྱུད་ཀྱི་ཚོལ་བཞི་དང་ཤེས་བཞི་ལ་ཁྱད་པར་གང་གིས་ཕྱེ།

                                                                                                        ལྷ་རམས་པ་ཀླུ་གྲགས་པ་རྒྱ་མཚོ། འབྲས་སྤུངས་སྒོ་མང་།

           ཚོལ་བཞི་དང་ཤེས་བཞིས་སྒོ་ནས་རྣམ་རིག་ཙམ་ལ་འཇུག་ཚུལ་དང་། རྣམ་གཡེང་གི་རྟོག་པའི་གཉེན་པོར་འགྲོ་ཚུལ་དང་། དེའི་ས་མཚམས་གསུམ་ལས། དང་བོ་ཚོལ་བ་བཞི་དང་ཤེས་པ་བཞིའི་ངོས་འཛིན་ནི། མིང་ཚོལ་བ་ནི་མིང་དེ་དོན་དེ་ལ་ཡུལ་དངོས་པོའི་དབང་གིས་འཇུག་པ་མ་ཡིན་པར་ཐ་སྙད་ཙམ་དུ་འཇུག་པར་ཚོལ་བ། དོན་ཚོལ་བ་ནི་དོན་དེ་ཡང་མིང་དེའི་འཇུག་གཞིར་དངོས་དབང་གིས་མིན་པར་ཐ་སྙད་ཙམ་དུ་དེ་ལྟར་ཚོལ་བ། ངོ་བོ་ཚོལ་བ་ནི་དོན་དེའི་ངོ་བོ་ཞེས་བརྗོད་པའི་སྒྲའི་གཞིར་རང་མཚན་གྱིས་གྲུབ་པ་མིན་པར་བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་བ་ཙམ་ལས་བཏགས་པར་ཚོལ་བ། ཁྱད་པར་ནི། ཁྱད་པར་དེ་ལྟར་ཚོལ་བ་བཞིའི་ཤེས་པ་བཞི་ནི་དེ་ལྟར་མངོན་སུམ་དུ་རྟོགས་པ་དགོས་སམ་སྙམ། དེའི་སྒོ་ནས་ རྟོག་པ་ཡིད་ཤེས་ལ་ལྟོས་པའི་རྣམ་རིག་ལ་འཇུག་ཚུལ་ཚོལ་བཞིས་བཙལ་ཏེ་ཆོས་རྣམས་མིང་བརྡའི་གཞིར་རང་མཚན་གྱིས་གྲུབ་པ་མིན་པར་ཐ་སྙད་ཙམ་དུ་དེ་ལྟར་ངེས་པ་ན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྣང་བའི་རྟོག་པ་འཁྲུལ་བར་ངེས་ནས་རྟོག་པ་ཡིད་ཤེས་ལ་ལྟོས་པའི་རྣམ་རིག་ཙམ་ལ་འཇུག དེ་ལ་བརྟེན་ནས་རྟོག་མེད་དབང་ཤེས་ལ་ལྟོས་པའི་རྣམ་རིག་ལ་འཇུག་ཚུལ་ནི།

               རྟོག་པ་ལ་དེ་ལྟར་སྣང་བ་དེ་འདྲེན་བྱེད་དབང་ཤེས་ལ་ བག་ཆགས་ཀྱི་དབང་གིས་སྔོན་པོ་སྔོན་པོར་སྣང་། སྔོན་པོ་རྟོག་པའི་ཞེན་གཞིར་སྣང་། ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྣང་། ཕྱི་དོན་དེ་ཤེས་པ་ལ་མ་ལྟོས་པར་རྒྱང་ཆད་དུ་སྣང་བ་བཞི་འབྱུང་ལ། བཞི་བོ་དེ་ཡང་རིགས་མཐུན་གྱི་བག་ཆགས། མངོན་བརྗོད་ཀྱི་བག་ཆགས། བདག་ལྟའི་བག་ཆགས། སྲིད་པའི་ཡན་ལག་གི་བག་ཆགས་བཞིས་རིམ་པ་ལྟར་སྣང་བས། སྔ་མ་གཉིས་བག་ཆགས་བརྟན་པ་དང་ཕྱི་མ་གཉིས་བག་ཆགས་མི་བརྟན་པ་བློ་ཕྱིན་ཅི་ལོག་གིས་བཞག་པའི་བག་ཆགས་ཀྱིས་སྣང་བས་སྣང་བ་ལྟར་མེད་པས་རྟོག་པ་ཕྱི་མ་གཉིས་ཀྱི་སྣང་ཚུལ་ཁེགས་ན་དེ་བྱུང་བ་དབང་ཤེས་ཀྱི་སྟོབས་ཀྱིས་ཡིན་པས། དེ་གཉིས་འདྲེན་བྱེད་དབང་ཤེས་ལ་སྣང་ཚུལ་བཞིའི་ནང་གི་ཕྱི་མ་གཉིས་ འཁྲུལ་བར་འདུག་སྙམ་དུ་ངེས་ཤེས་རྙེད་པ་ཡིན་ནམ་སྙམ། ། གཉིས་པ། རྣམ་གཡེང་གི་རྟོག་པ་བཅུ་ཞེས་པ་རྣམ་གཡེང་དངོས་མིན་པར་དབུ་མའི་ སྐབས་བདེན་འཛིན་སྟོང་ཉིད་ལ་རྣམ་གཡེང་དུ་གསུངས་པ་ལྟར་ཡིན། འདིར་རྣམ་གཡེང་བཅུ་ནི་མདོ་སྡེ་རྒྱན་ལས།

             རྒྱལ་བའི་སྲས་རྣམས་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན་ལ། དེ་ལ་ཡང་ཀུན་བཏུས་དར་ཊཱིཀ་དུ་གང་ཟག་གི་བདག་ལ་བརྟེན་པ་གཉིས་གསུངས་པ་གཙོ་ཆེ་བ་ལ་དགོངས་ཀྱི་བཅུ་ག་ལ་ ཆོས་ཀྱི་བདག་འཛིན་བཞག་ཆོག་གམ་སྙམ། དེས་ན་གཉེན་པོར་འགྲོ་ཚུལ་ འཛིན་སྟངས་འགལ་བའི་སྒོ་ནས་ཡིན་ནོ། ། བཅུའི་གྲངས་འདྲེན་དང་མདོར་སྦྱར་ཚུལ་གྲུབ་མཐའ་ཆེན་མོའི་སྔ་རོལ་དེ་བློ་མེད་ཕྱིར་དེའི་བདག་འགལ་ཞེས་སོགས་ཀྱི་ཐད་དུ་གསལ་ལོ། ། གསུམ་པ་ཚོལ་བཞི་ནི་དོན་དམ་ལ་དཔྱད་ནས་ཡིད་དཔྱོད་སྐྱེས་པ་ནས་མི་སློབ་ལམ་མ་ཐོབ་བར་དང་། ཤེས་པ་བཞི་དོན་དམ་རྟོགས་པ་ནས་སངས་རྒྱས་སའི་བར་ཡོད་སྙམ། མདོ་སྡེ་རྒྱན་གྱི་དངོས་བསྟན་ལ་རང་དང་ཁྱད་པར་རྟོག་དང་མིང་དོན་ཇི་བཞིན་དུ་ཞེས་གསུངས་པས་ཕྱི་མ་བཞི་སོ་སོར་སྦྱར་དགོས་པ་ལྟ་བུ་ཡོད་པས་དཔྱད་དགོས་སྙམ། །
 

            ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                  རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།