ཆོས་ཀྱི་བདག་འཛིན་ཀུན་བཏགས་ཀྱི་ཞེན་ཡུལ་ཁེགས་པ་ལ་ཆོས་ཀྱི་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་ཁེགས་དགོས་མིན་གྱི་ལན།༤

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-23 21:21:04     རྩོམ་པ་པོ།   རྒྱ་ཡེ་སངས་རྒྱས།    ཀློག་ཐེངས།  

 

         76549972386228242.jpg76549972386228242.jpg

              དྲི་གཞི་བཅུ་བདུན་པ། རྩ་བ་ལས། གྲུབ་མཐས་ཆོས་བདག་བཏགས་པ་ཡང་ལྷན་སྐྱེས་ཀྱིས་བཟུང་བའི་ཆོས་བདག་སྒྲུབ་པའི་དོན་ཡིན་པའི་ཕྱིར་དང་རིགས་པའི་དགག་བྱའི་གཙོ་བོ་ཡང་དེ་ཡིན་པའི་ཕྱིར་རོ། ། ཞེས་པའི་སྐབས་ཀྱི་གཙོ་ཕལ་གཉིས་ལ་སོ་སོར་གང་འཇོག རྒྱུ་མཚན་ཅི། ཆོས་ཀྱི་བདག་འཛིན་ཀུན་བཏགས་ཀྱི་ཞེན་ཡུལ་ཁེགས་པ་ལ་ཆོས་ཀྱི་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་ཁེགས་དགོས་མིན་ཇི་ལྟར་ཡིན།

                                                                                                        རྒྱ་ཡེ་སངས་རྒྱས། འབྲས་སྤུངས་སྒོ་མང་།

            རྩ་བར། རིགས་པའི་དགག་བྱའི་གཙོ་བོ་ཡང་དེ་ཡིན་པའི་ཕྱིར། ཞེས་པའི་སྐབས་ཀྱི་དགག་བྱ་ཕལ་བ་བདག་འཛིན་ཀུན་བཏགས་ཡུལ་དང་ བཅས་པ་དང་གཙོ་བོར་ལྷན་སྐྱེས་ཡུལ་དང་བཅས་པ་འཇོག་དགོས་པར་སྣང་སྟེ། གྲུབ་མཐས་སྒྲོ་བཏགས་པ་ངོས་བཟུང་བ་ནི་ལྷན་སྐྱེས་ཀྱིས་བཟུང་བའི་ཆོས་བདག་དགག་པའི་ཕྱིར་དང་། གྲུབ་མཐས་སྒྲོ་བཏགས་པ་དགག་པ་ནི་ལྷན་སྐྱེས་ཀྱིས་བཟུང་བ་འགོག་པའི་ཡན་ལག་ཏུ་མཛད་པའི་ཕྱིར་ཀུན་བཏགས་ཡུལ་བཅས་དགག་བྱ་ཕལ་བར་སེམས་སོ། །ལྷན་སྐྱེས་ནི་དགག་བྱའི་གཙོ་བོ་ཡིན་ཏེ་འཁོར་བར་འཆིང་བྱེད་དང་འཁོར་བའི་གཞི་རྩ་ཡིན་པའི་ཕྱིར་དང་། འདོད་ཆགས་ལ་སོགས་པའི་ཕྱིན་ཅི་ལོག་མཐའ་དག་གི་རྩ་བ་ བྱེད་པའི་ཕྱིར། དེས་ན་དེ་རིགས་པ་རྣམས་ཀྱིས་གཙོ་བོར་དགག་དགོས་པ་ཡིན་ཏེ། རྩ་བ་ལས། སེམས་ཅན་འཁོར་བར་འཆིང་བ་ནི་ལྷན་སྐྱེས་ཉིད་ཡིན་པས་དེ་ཉིད་རིགས་པ་རྣམས་ཀྱིས་གཙོ་བོར་དགག་དགོས་པས། ཞེས་དང་། ལྷན་སྐྱེས་ཀྱི་བདག་འཛིན་ཡུལ་དང་བཅས་པ་རིགས་པའི་དགག་བྱའི་གཙོ་བོ་ཡིན་པ་དང་། ཞེས་གསུངས་པའི་ཕྱིར།

              བདག་འཛིན་ལྷན་སྐྱེས་ གཉིས་ཡུལ་དང་བཅས་པ་རིགས་པའི་དགག་བྱའི་གཙོ་བོར་ཡིག་ཆ་དང་ཀུན་མཁྱེན་ཆོས་འབྱུང་གི་དྲང་ངེས་གཉིས་ཀར་གསུངས་ལ། ཡིག་ཆར་སྤྱིར་ དགག་བྱ་གཞན་ལ་ལྟོས་ན་ལྷན་སྐྱེས་གཉིས་ཡུལ་དང་བཅས་པ་དགག་བྱའི་གཙོ་བོ་ཡིན་ཀྱང་བདག་འཛིན་ལྷན་སྐྱེས་དང་དེའི་ཞེན་ཡུལ་གཉིས་ནང་ཕན་ཚུན་ལྟོས་ན་དེའི་ཞེན་ཡུལ་དགག་བྱའི་གཙོ་བོར་བྱེད་དགོས་པའི་ཕྱིར། ཞེས་ལམ་རིམ་ཆེན་མོ་དང་སྟོང་ཐུན་གཉིས་ལས་དགག་བྱའི་གཙོ་བོ་ལྷན་སྐྱེས་ཀྱིས་བཟུང་བའི་ཡུལ་ལ་བྱེད་དགོས་པར་གསུངས་པའི་དགོངས་པར་ མཛད། ཆོས་ཀྱི་བདག་འཛིན་ཀུན་བཏགས་ཀྱི་ཞེན་ཡུལ་ཁེགས་ན་ལྷན་སྐྱེས་ཀྱི་ཞེན་ཡུལ་ཁེགས་པས་ཁྱབ་པ་མེད་དེ། རང་འཛིན་རྟོག་པའི་ཞེན་གཞིར་གཅིག་དང་ཐ་དད་གང་དུ་མེད་པར་རྟོགས་པའི་བློ་སྐྱེས་མ་ཐག་པའི་གང་ཟག་དེས་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་མ་ཁེགས་པའི་ཕྱིར། དེར་ ཐལ། དེ་ལ་གཅིག་དང་དུ་བྲལ་གྱི་རྟགས་ཀྱིས་དེའི་ཞེན་ཡུལ་མེད་པར་ བསྒྲུབ་དགོས་པའི་ཕྱིར་དང་། དགག་བྱའི་བདག་དེར་གཅིག་དང་ཐ་དད་གང་རུང་དུ་འཛིན་པ་ཀུན་བཏགས་ཡིན་པའི་ཕྱིར།

              ཚད་མའི་ལམ་འཁྲིད་ལས། དེས་ན་རང་བཞིན་གྱིས་ཡོད་པར་སྒྲོ་འདོགས་པ་བདག་འཛིན་ལྷན་ སྐྱེས་ཡིན་ཅིང་གཅིག་དང་ཐ་དད་དུ་འཛིན་པ་བདག་འཛིན་ཀུན་བཏགས་ ཡིན་ལ། ལྷན་སྐྱེས་ཀྱིས་འཛིན་པའི་འཛིན་སྟངས་དང་ཀུན་བཏགས་ཀྱིས་ འཛིན་པའི་འཛིན་སྟངས་མི་འདྲ་ཡང་། ཞེས་གསུངས། ཐར་ལམ་གསལ་ བྱེད་ལས། རྟགས་དེ་གཉིས་ལ་བརྟེན་ནས་བདག་འཛིན་ཀུན་བཏགས་ཀྱི་ ཞེན་ཡུལ་རྣམ་པར་བཅད་པ་སྡུག་བསྔལ་བདེན་པའི་ཁྱད་ཆོས་སུ་གྱུར་བའི་སྟོང་བ་དང་བདག་མེད་འགྲུབ་ལ། རྩ་བའི་རྟགས་ལ་བརྟེན་ནས་བདག་ འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་རྣམ་པར་བཅད་པས་བདག་མེད་འགྲུབ་བོ། ། ཞེས་བདག་འཛིན་གཉིས་ཀྱི་ཞེན་ཡུལ་རིམ་ཅན་དུ་ཁེགས་པར་གསུངས་པའི་ཕྱིར། གཅིག་དང་ཐ་དད་དུ་དཔྱད་ནས་འཛིན་པ་ལྷན་སྐྱེས་ལ་མེད་པ་རྩ་ བར་མ་བཤད་པའི་ལྷན་སྐྱེས་ཀྱི་བདག་འཛིན་ཡུལ་དང་བཅས་པ་ཞེས་པའི་དོན་དུ་ལྕང་སྐྱའི་གྲུབ་མཐར་གསུངས་སོ། །

             ཡིག་ཆ་ལས། ནམ་མཁའ་ཕྱི་དོན་དུ་འཛིན་པའི་བློ་ལྷན་སྐྱེས་ཡོད་པར་དེ་དེ་ལྟར་གྲུབ་པའི་སྟོང་བ་ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་པས་སྒྲུབ་པ་དང་། ཤེས་པ་ཆ་མེད་ཀྱི་རྒྱུན་ཡོད་པར་འཛིན་པ་དང་རྡུལ་ཆ་མེད་བསགས་པའི་ཕྱི་དོན་ཡོད་པར་འཛིན་པ་གཉིས་ཕྱི་དོན་དང་རྫས་གཞན་དུ་འཛིན་པ་མིན་པར་སྒྲུབ་སྐབས་དེ་ཉིད་ལས། དེ་གཉིས་ཆོས་ཀྱི་བདག་འཛིན་མ་ཡིན་པའི་ཕྱིར། དེར་ཐལ། དེ་གཉིས་དང་འཛིན་སྟངས་མཐུན་པའི་བློ་ལྷན་སྐྱེས་མེད་པའི་ཕྱིར་ཏེ། དེ་གཉིས་གྲུབ་ མཐའ་སྨྲ་བ་ཁོ་ནའི་རྒྱུད་ལ་ཡོད་པའི་ཕྱིར། ཞེས་པར་གཞིགས་ན་རྟོག་པའི་ཞེན་གཞིར་རང་མཚན་གྱི་གཅིག་ཏུ་འཛིན་པ་ལའང་ལྷན་སྐྱེས་ཡོད་ཟེར་ དགོས་སམ་ཅི་ལྟར་ཡིན། དེ་དག་ནི་གུས་པའི་རྨོངས་བློར་འཆར་ཚུལ་ཙམ་མོ། ། ཇི་སྐད་དུ་ཀུན་མཁྱེན་གཉིས་པས། ཉེས་པར་ཟིན་གང་དེ་འདིར་བདག་གི་ཉེས། ། དམ་ཆོས་ཚུལ་ལ་ཚད་མ་ཐུབ་རྣམས་ཡིན། ། ཞེས་གསུངས་པ་ལྟར་བདག་ལྟ་བུ་ཞིག་ལ་ཚིག་དང་ དོན་གྱི་ཉེས་པ་སྣ་ཚོགས་ཡོད་པ་སྨོས་མེད་ཡིན་པས་འདིར་ཉེས་པ་ཅི་མཆིས་རང་གི་བློ་ གྲོས་ཀྱི་མིག་ཆུང་ངུ་དེས་མ་ཁྱབ་པ་ཡིན་པས་ཤེས་ལྡན་རྣམས་ཀྱིས་བཟོད་པར་མཛོད་ཞུའོ། །
 

           ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                 རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།