ཆོས་ཀྱི་བདག་འཛིན་ཀུན་བཏགས་ཀྱི་ཞེན་ཡུལ་ཁེགས་པ་ལ་ཆོས་ཀྱི་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་ཁེགས་དགོས་མིན་གྱི་ལན།༣

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-23 21:16:10     རྩོམ་པ་པོ།   ཀླུ་མཁྱེན་རབ་རྒྱ་མཚོ།     ཀློག་ཐེངས།  

76549972386228242.jpg


             དྲི་གཞི་བཅུ་བདུན་པ། རྩ་བ་ལས། གྲུབ་མཐས་ཆོས་བདག་བཏགས་པ་ཡང་ལྷན་སྐྱེས་ཀྱིས་བཟུང་བའི་ཆོས་བདག་སྒྲུབ་པའི་དོན་ཡིན་པའི་ཕྱིར་དང་རིགས་པའི་དགག་བྱའི་གཙོ་བོ་ཡང་དེ་ཡིན་པའི་ཕྱིར་རོ། ། ཞེས་པའི་སྐབས་ཀྱི་གཙོ་ཕལ་གཉིས་ལ་སོ་སོར་གང་འཇོག རྒྱུ་མཚན་ཅི། ཆོས་ཀྱི་བདག་འཛིན་ཀུན་བཏགས་ཀྱི་ཞེན་ཡུལ་ཁེགས་པ་ལ་ཆོས་ཀྱི་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་ཁེགས་དགོས་མིན་ཇི་ལྟར་ཡིན།

                                     ཀླུ་མཁྱེན་རབ་རྒྱ་མཚོ། འབྲས་སྤུངས་སྒོ་མང་།
སྲིད་ཞིའི་རྒུད་པ་གཏན་སྤངས་ཐུབ་པའི་དབང། །
ཟབ་རྒྱས་བཀའ་བབས་མི་ཕམ་འཇམ་པའི་དབྱངས། །
ཚུལ་གཉིས་སྲོལ་འབྱེད་ཀླུ་སྒྲུབ་ཐོགས་མེད་དང་། །
གངས་ཅན་ཤིང་རྟ་འཇམ་མགོན་སྲས་བཅས་རྒྱལ། །
ཚོགས་གཉིས་གོམས་པ་དཔག་མེད་དུས་ནས་རྫོགས། །
གསང་གསུམ་མཛད་པ་སྙིགས་མའི་དུས་སུ་སྨིན། །
འཕྲིན་ལས་འཇུག་པ་སྲིད་པའི་མཐའ་རུ་མཆེད། །
ངེས་དོན་རྒྱལ་བ་པད་དཀར་འཛིན་པས་སྐྱོངས། །
གཞུང་ལུགས་རྒྱ་མཚོ་རྣམ་དཔྱོད་ཧུབ་ཀྱིས་དྲངས། །
ཟབ་བརླིང་བརྗོད་དོན་ཕྲ་ཞིབ་རིགས་པས་ཕྱེས། །
བསྟན་པའི་དར་ཆེན་བཤད་སྒྲུབ་དཔུང་བས་བཏེགས། །
ཡབ་གཅིག་སཾགྷཱའི་ཞབས་ཁྱོད་གུས་པས་བསྟེན། །
 

              དེ་ལ་འདིར་བཀའ་དྲིན་མཚུངས་ཟླ་མེད་པ་རྗེ་བློ་བཟང་དགེ་འདུན་དཔལ་བཟང་བོའི་ཞལ་སྔ་ནས་ཀྱི་རྗེས་དྲན་དུ་དྲང་ངེས་རྩ་འགྲེལ་ལས་འཕྲོས་ཏེ་དོགས་དཔྱོད་ཀྱི་ཆེད་རྩོམ་ཞིག་འདོན་འཆར་གནང་བ་ལྟར། འདིར་ཡང་དགོས་པ་དང་རྒྱུ་མཚན་གཙོ་བོ་དྲི་ལན་བཅུ་དགུ་བའི་ཀླད་དུ་ཞུས་ཟིན་ལྟར་ལ། སླར་ཡང་བརྒྱུད་བསྐུལ་གནང་དོན་བཞིན་རྩོམ་གཞི་བཅུ་བདུན་པའི་ལན་ཅུང་ཟད་བྲི་བར་བྱའོ། ། དང་བོ་དྲི་བ་ནི། རྩ་བ་ལས། གྲུབ་མཐས་ཆོས་བདག་བཏགས་པ་ཡང་ལྷན་སྐྱེས་ཀྱིས་བཟུང་བའི་ཆོས་བདག་སྒྲུབ་པའི་དོན་ཡིན་པའི་ཕྱིར་དང་། རིགས་པའི་དགག་བྱའི་གཙོ་བོ་ཡང་དེ་ཡིན་པའི་ཕྱིར་རོ། ། ཞེས་པའི་སྐབས་ཀྱི་གཙོ་ཕལ་གཉིས་ལ་སོ་སོར་གང་ འཇོག ། རྒྱུ་མཚན་ཅི། ཆོས་ཀྱི་བདག་འཛིན་ཀུན་བཏགས་ཀྱི་ཞེན་ཡུལ་ ཁེགས་པ་ལ་ཆོས་ཀྱི་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་ཁེགས་དགོས་མིན་ཇི་ལྟར་ཡིན་ཞེས་སོ། ། གཉིས་པ་ལན་ལ། དང་བོ་སྐབས་འདིའི་རིགས་པའི་དགག་བྱ་གཙོ་ཕལ་གཉིས་ལ་སོ་སོར་གང་འཇོག་དང་དེའི་རྒྱུ་མཚན་གཉིས་འཇུག་པ་གཅིག་གིས་འཆད་དེ། ཆོས་ཀྱི་བདག་འཛིན་ལྷན་སྐྱེས་ཀྱིས་ཇི་ལྟར་བཟུང་བའི་ཡུལ་དེ་རིགས་པའི་དགག་བྱའི་གཙོ་བོ་དང་། དེ་འཛིན་པའི་ ཆོས་ཀྱི་བདག་འཛིན་ལྷན་སྐྱེས་ནི་དགག་བྱ་ཕལ་བ་ཡིན་ཏེ། ཡུལ་ཅན་ཕྱིན་ཅི་ལོག་སྤོང་བ་ལ་དེའི་ཡུལ་སུན་མ་བྱུང་བར་དེ་སྤོང་མི་ནུས་པའི་ཕྱིར་ཏེ། དེ་སྐད་དུ་དཔལ་ཆོས་ཀྱི་གྲགས་པས། འདི་ཡུལ་སུན་བྱུང་མེད་པར་ནི། ། དེ་སྤོང་བར་ནི་ནུས་མ་ཡིན། ། འདོད་དང་སྡང་སོགས་སྤོང་བ་ནི། །དེ་དག་ཡུལ་ལ་མ་མཐོང་བས། ། ཡིན་གྱི་ཕྱི་ཚུལ་དག་གིས་མིན་ཞེས་དང་། །འཕགས་པ་ལྷས། ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་ འགྱུར། ། ཞེས་གསུངས་པའི་ཕྱིར། གཞན་ཡང་བདག་འཛིན་ལྷན་སྐྱེས་ཀྱི་ ཡུལ་དགག་བྱའི་བདག་དེ་རིགས་པའི་དགག་བྱ་གཙོ་བོ་ཡིན་ཏེ། ཆགས་ སོགས་ཉོན་མོངས་རྣམས་དང་སྐྱེ་རྒ་སོགས་བདག་འཛིན་ལས་འབྱུང་བར་ མཐོང་ནས་དེ་ཁོ་ན་ཉིད་སྒོམ་པའི་རྣལ་འབྱོར་བས་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་གྱི་དགག་བྱའི་བདག་དེ་གཙོ་བོར་འགོག་པའི་ཕྱིར་ཏེ། དཔལ་ལྡན་ཟླ་བའི་ཞབས་ཀྱིས། །ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། ། ལྟ་ལས་འབྱུང་བ་བློ་ཡིས་མཐོང་གྱུར་ཅིང་། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། ། རྣལ་འབྱོར་བ་ཡིས་བདག་ནི་འགོག་པར་བྱེད། །ཅེས་གསུངས་པའི་ཕྱིར།

             བློ་དེ་ཉིད་ཕྱིན་ཅི་ལོག་ཡིན་མིན་ཡང་ཐབས་ཁྱད་པར་ཅན་གྱི་ རིགས་མ་གཏོགས་པ་གཙོ་བོར་བློ་དེས་ཇི་ལྟར་བཟུང་བ་ལྟར་གྲུབ་མ་གྲུབ་ལ་རག་ལས་པས་བདག་འཛིན་ལྷན་སྐྱེས་ཀྱི་ཡུལ་དང་ཡུལ་ཅན་གཉིས་ལས་ཀྱང་ཡུལ་དགག་བྱའི་གཙོ་བོ་ཡིན་ཏེ། ཡུལ་ཅན་ཕྱིན་ཅི་ལོག་ལྡོག་པ་ལ་དེའི་ཡུལ་དགག་པ་ལ་ལྟོས་པའི་ཕྱིར། ལམ་རིམ་ཆེན་མོ་ལས། ཕྱིན་ཅི་ལོག་གི་འཛིན་པ་ལ་དགག་བྱར་གསུངས་པ་དང་དེས་བཟུང་བའི་རང་བཞིན་ཡོད་པ་ལ་ དགག་བྱར་མཛད་པ་གཉིས་ཡོད་དོ། ། འོན་ཀྱང་དགག་བྱའི་གཙོ་བོ་ནི་ཕྱི་མ་ཡིན་ཏེ། ཡུལ་ཅན་ཕྱིན་ཅི་ལོག་ལྡོག་པ་ལ་དེས་བཟུང་བའི་ཡུལ་ཐོག་མར་ དགག་དགོས་སོ། ། ཞེས་གསུངས་པའི་ཕྱིར། གཞན་ཡང་ལོག་རྟོག་དེས་ཇི་ལྟར་བཟུང་བ་ལྟར་མེད་པར་རྟོགས་ནས་ལོག་རྟོག་ལྡོག་དགོས་ཀྱི་དེ་ལས་ གཞན་དུ་ལོག་རྟོག་ལྡོག་པའི་ཐབས་མེད་པའི་ཕྱིར། ཁྱབ་སྟེ། རྒྱུ་མཚན་དེས་ཀྱང་རིགས་པའི་དགག་བྱའི་གཙོ་བོ་ཡུལ་ཡིན་པར་འགྲུབ་པའི་ཕྱིར། སྟོང་ཐུན་ལས། དེ་ལྟ་ན་ཡང་དེ་གཉིས་ལས་དགག་བྱའི་གཙོ་བོ་ཡུལ་ཡིན་གྱི་ཡུལ་ཅན་མ་ཡིན་ཏེ། ལོག་རྟོག་གིས་ཇི་ལྟར་བཟུང་བ་ལྟར་གྲུབ་པ་ལ་གནོད་བྱེད་མ་མཐོང་ན་ལོག་རྟོག་དེ་ཉིད་གཞན་ཐབས་གང་གིས་དགག་མི་ནུས་པའི་ཕྱིར་དང་། ཞེས་གསུངས་པའི་ཕྱིར་རོ། །གཉིས་པ། ཆོས་ཀྱི་བདག་འཛིན་ཀུན་བཏགས་ཀྱི་ཞེན་ཡུལ་ཁེགས་པ་ལ་ཆོས་ཀྱི་བདག་འཛིན་ལྷན་སྐྱེས་ཀྱི་ ཞེན་ཡུལ་ཁེགས་དགོས་མིན་ཇི་ལྟར་ཡིན་ཞེ་ན། སྤྱིར་ཆོས་ཀྱི་བདག་འཛིན་ཀུན་བཏགས་ལ་འཇོག་ཚུལ་གཉིས་ཤེས་དགོས་ཏེ། ལྷན་སྐྱེས་ཀྱི་འཛིན་སྟངས་མེད་ཀྱང་གྲུབ་མཐའ་སྨྲ་བས་ལྷན་སྐྱེས་ཀྱི་འཛིན་སྟངས་ལ་རྒྱུ་མཚན་དུ་མས་སྒྲོ་བཏགས་ནས་འཐད་པར་འཛིན་པ་གཅིག་དང་། ལྷན་སྐྱེས་དང་འཛིན་སྟངས་མཚུངས་པའི་འཐད་འཛིན་གྱི་སྒྲོ་འདོགས་གཅིག་དང་གཉིས་ཡོད་དོ། །

            དང་བོ་རྡུལ་ཕྲ་རབ་ཆ་མེད་དང་དེ་བསགས་པའི་གཟུང་བ་དང་དེ་འཛིན་པའི་ཚད་མ་གཉིས་རྫས་གཞན་དུ་འཛིན་པ་ལྟ་བུ་དང་། གཉིས་པ་ཉན་ཐོས་སྡེ་གཉིས་ཀྱིས་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་ འཐད་འཛིན་གྱི་སྒྲོ་འདོགས་པ་ལྟ་བུ་ཡིན་པའི་ཕྱིར། དང་བོ་གྲུབ་སྟེ། ལེགས་བཤད་སྙིང་བོ་ལས། ཆོས་ཀྱི་བདག་འཛིན་ཡང་རྡུལ་ཕྲ་རབ་ཕྱོགས་ཀྱི་ཆ་ མེད་དང་དེ་བསགས་པའི་གཟུང་བ་དང་། དུས་སྔ་ཕྱིའི་ཆ་ཤས་མེད་པའི་ ཤེས་པ་སྐད་ཅིག་མ་དང་དེ་འཐུད་པའི་རྒྱུན་གྱི་ཤེས་པ་ཡོད་པར་འཛིན་པ་ལྟ་བུ་གྲུབ་མཐས་བློ་བསྒྱུར་བ་ཁོ་ནས་བཏགས་པ་རྣམས་ནི་གྲུབ་མཐའ་སྨྲ་བ་དེ་དག་ཁོ་ན་ལ་ཡོད་ཀྱི་གཞན་ལ་མེད་དོ། ། ཞེས་སོགས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ལེགས་བཤད་སྙིང་བོ་ལས། དེ་ལ་ཐོག་མར་སྒྲོ་འདོགས་ལྷན་སྐྱེས་ངོས་བཟུང་ན་ཞེས་པ་ནས་དེ་བྱིས་པ་རྣམས་ལ་ཡོད་པར་སྔར་བཤད་པ་དེས་གྲུབ་ཀྱང་། དེ་འདྲ་བའི་འཛིན་སྟངས་དེ་འཐད་ལྡན་དུ་དོན་སྨྲ་སྡེ་གཉིས་ཀྱིས་ཀྱང་འདོད་པས་ཞེས་གསུངས་པའི་ཕྱིར། རང་སྡེ་མང་ བཀུར་སྡེ་ལྔས་རྟག་གཅིག་རང་དབང་ཅན་དུ་འཛིན་པ་གང་ཟག་གི་བདག་འཛིན་ལྷན་སྐྱེས་སུ་འདོད་པར་སྟོང་ཐུན་ལས་གསུངས་པ་དེ་ཡང་ལུགས་འདིར་འཇོག་ཚུལ་སྔ་མའི་ཀུན་བཏགས་སུ་འདུའོ། ། དེས་མཚོན་ནས་གྲུབ་མཐའ་འོག་མས་རྫས་ཡོད་དང་ལྷན་སྐྱེས་སུ་ཁས་བླངས་པ་མང་བོ་ཞིག་གྲུབ་མཐའ་གོང་མས་ཀུན་བཏགས་སུ་བཞག་པ་རྣམས་ཀྱང་སྔ་མའི་ཀུན་བཏགས་ཁོངས་སུ་འདུས་པའང་ཤེས་ནུས་སོ། ། དེ་ལྟར་ཆོས་ཀྱི་བདག་འཛིན་ཀུན་ བཏགས་ལ་འཇོག་ཚུལ་གཉིས་ཡོད་པ་དེ་ཤེས་ནས་དེའི་ཞེན་ཡུལ་ཁེགས་ན་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་ཁེགས་དགོས་མི་དགོས་གཉིས་ཡོད་པ་ འབད་མེད་དུ་རྟོགས་པར་འགྱུར་རོ། །

             འདིར་དོགས་སློང་ཅུང་ཟད་སྤྲོས་ན། འཇོག་ཚུལ་སྔ་མའི་ཆོས་ཀྱི་བདག་འཛིན་ཀུན་བཏགས་ཆོས་ཀྱི་བདག་འཛིན་ཡིན་ནམ་མིན། གལ་ཏེ་ཡིན་ན་རྡུལ་ཕྲ་རབ་ཆ་མེད་དང་རྡུལ་ཆ་མེད་བསགས་པའི་གཟུང་བ་སོགས་སུ་འཛིན་པ་ཆོས་ཅན། ཆོས་ཀྱི་བདག་འཛིན་ཡིན་པར་ཐལ། ཆོས་ཀྱི་བདག་འཛིན་ཀུན་བཏགས་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། ལེགས་བཤད་སྙིང་བོ་ལས། ཆོས་ཀྱི་བདག་འཛིན་ཡང་རྡུལ་ཕྲ་ རབ་ཕྱོགས་ཀྱི་ཆ་མེད་དང་ཞེས་སོགས་དྲངས་ཟིན་པ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་ཞེན་ཡུལ་ཁེགས་ན་ཆོས་ཀྱི་བདག་འཛིན་གྱི་ཞེན་ཡུལ་ཁེགས་པས་ཁྱབ་པར་ཐལ། ཁྱོད་ཆོས་ཀྱི་བདག་འཛིན་ཡིན་པའི་ཕྱིར། ཁྱབ་སྟེ། དེ་དག་གི་ཞེན་ཡུལ་ཁེགས་ཀྱང་ཆོས་ཀྱི་བདག་མེད་མི་འགྲུབ་ན་ དེ་དག་ཆོས་ཀྱི་བདག་འཛིན་མ་ཡིན་དགོས་པའི་ཕྱིར་ཏེ། ལེགས་བཤད་སྙིང་བོ་ལས། བདེན་འཛིན་གྱི་ཡུལ་དེར་གྲུབ་ན་མཐར་ཐུག་དཔྱོད་པའི་ རིགས་པའི་དཔྱད་གཟོད་དང་། ཆ་མེད་ཀྱི་དངོས་པོ་དང་། རང་བཞིན་ཁྱད་པར་གསུམ་ལྡན་སོགས་སུ་འགྱུར་རོ། ། ཞེས་འཕེན་ནུས་ཀྱི་དེ་དག་ཏུ་ འཛིན་པ་བདེན་འཛིན་གྱི་དོན་མིན་ཏེ། དེ་དག་ཁེགས་ཀྱང་བདེན་མེད་ཀྱི་དོན་མི་འགྲུབ་པའི་ཕྱིར་རོ། ། ཞེས་གསུངས་པའི་ཕྱིར།

            འདི་དབུ་མ་བའི་སྐབས་ཡིན་ཡང་རིགས་པ་མཚུངས་སོ་སྙམ་མོ། ། གོང་གི་བརྟག་པ་གཉིས་པ་ལྟར་ཆོས་ཀྱི་བདག་འཛིན་ཀུན་བཏགས་ཆོས་ཀྱི་བདག་འཛིན་མིན་ཟེར་ན། སྐབས་བཞི་བའི་མཐའ་དཔྱོད་ལས། ཤེས་སྒྲིབ་རགས་པ་ཆོས་ཅན། ཤེས་ སྒྲིབ་མ་ཡིན་པར་ཐལ། ཤེས་སྒྲིབ་རགས་པ་ཡིན་ཕྱིར་ན་མ་ཁྱབ། ཞེས་ གསུངས་པ་དང་། ལེགས་བཤད་སྙིང་བོ་ལས། ཆོས་ཀྱི་བདག་འཛིན་ཡང་རྡུལ་ཕྲ་རབ་ཕྱོགས་ཀྱི་ཆ་མེད་དང་། ཞེས་སོགས་དང་མི་འགལ་ཚུལ་དཔྱད་དགོས་སུ་སྣང་ངོ་། ། གཞན་ཡང་། རྣམ་པ་གཅིག་ཏུ་ན་རྡུལ་ཆ་མེད་དང་དེ་བསགས་པའི་གཟུང་བ་སོགས་སུ་འཛིན་པ་དེ་དག་གི་ཞེན་ཡུལ་ཁེགས་ན་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་ཁེགས་པའི་ཁྱབ་པར་ཐལ། རྟག་གཅིག་རང་དབང་ཅན་གྱི་གང་ཟག་གི་བདག་འཛིན་གྱི་ཞེན་ཡུལ་ཁེགས་ན་གང་ ཟག་གི་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་ཁེགས་དགོས་པ་བྱེ་མདོ་སེམས་ཙམ་པ་དབུ་མ་རང་རྒྱུད་པ་རྣམས་ཀྱི་ཐུན་མོང་གི་གྲུབ་མཐའ་ཡིན་པ་གང་ཞིག དེ་དང་འདི་གཉིས་ལ་ལྷན་སྐྱེས་ཀྱི་འཛིན་སྟངས་མེད་ཀྱང་དེའི་ཞེན་སྟངས་ལ་རྒྱུ་མཚན་དུ་མས་སྒྲོ་བཏགས་ནས་འཛིན་པ་ཙམ་དུ་འདྲ་བའི་ཕྱིར། རྟགས་དང་བོ་གྲུབ་སྟེ།

            སྟོང་ཐུན་ལས། དེ་འདྲ་བའི་རྟག་གཅིག་རང་དབང་ཅན་དུ་གྲུབ་པ་ཁེགས་ན་གང་ཟག་རང་སྐྱ་ཐུབ་བའི་རྫས་ཡོད་དུ་གྲུབ་པ་ཁེགས་པ་དང་། གང་ཟག་ཕུང་བོ་དང་མཚན་ཉིད་མི་མཐུན་པའི་རང་སྐྱ་ཐུབ་པའི་ རྫས་ཡོད་དུ་གྲུབ་པ་རྣམ་པར་བཅད་པ་དེ་ཉིད་རྟོགས་བྱ་གང་ཟག་གི་བདག་མེད་ཀྱི་དོན་ཡིན་པར་འདོད་པ་ལ་ཁྱད་པར་མེད་ཀྱང་། ཞེས་པ་ནས་ཞེས་འདོད་པ་ནི་བྱེ་བྲག་སྨྲ་བ། མདོ་སྡེ་བ། རྣལ་འབྱོར་སྤྱོད་པ་བ་དང་དབུ་མ་རང་རྒྱུད་པ་ཐམས་ཅད་ཀྱི་ཐུན་མོང་གི་གྲུབ་པའི་མཐའ་ཡིན་ནོ། ། ཞེས་ གསུངས་པའི་ཕྱིར་ན། དེ་ལྟར་ལུང་རིགས་སྤྲོ་ཚུལ་ཡང་ཡོད་པར་མངོན་ནོ། ། སྟོང་ཐུན་གྱི་ལུང་འདི་ལྟར་ན་རྟག་གཅིག་རང་དབང་ཅན་གྱི་བདག་ཏུ་འཛིན་པ་ལ་གནོད་པས་ལྷན་སྐྱེས་ལ་ཡང་གནོད་པར་འགྱུར་བས། གོང་དུ་དྲངས་པའི་ལེགས་བཤད་སྙིང་བོའི་ལུང་དེའི་མཇུག་ཐོག་དེ་མ་ཐག་ཏུ་དེས་ན་དེ་ཙམ་ཞིག་མེད་པའི་སྟོང་བ་བསྟན་ཡང་ཐོག་མ་མེད་པ་ནས་རྗེས་སུ་ ཞུགས་པའི་ལྷན་སྐྱེས་ཀྱི་བདག་འཛིན་ལ་ཅི་ཡང་མི་གནོད་པས་ཞེས་སོགས་ཀྱི་གསུང་གི་སྒྲས་ཟིན་དང་ཞིབ་བསྡུར་གྱིས་དཔྱད་དགོས་སོ། ། སྨྲས་པ། རིགས་ཚུལ་ཟླ་བའི་འོད་དཀར་འབུམ་དུ་སྤྲས། ། མདོ་རྒྱུད་རྒྱ་མཚོ་འཕེལ་ བའི་ཉིང་ཁུར་རོལ། ། བཤད་སྒྲུབ་རླབས་ཕྲེང་གཡོ་བའི་དུས་སྟོན་དར། ། བསྒྲུན་བྲལ་ལེགས་མཛད་བདོ་བའི་མགོན་དེ་དྲན། ། ཆེས་ཟབ་ཡང་དག་ དོན་གྱི་གནད་འབྱིན་ཅིང་། །སྐལ་བཟང་རྣ་བ་མཛེས་བྱེད་སྡེབ་ལེགས་ཚིག ། མདོ་སྔགས་ལེགས་བཤད་ཀུན་གྱི་སྙིང་བོ་ཞེས། ། བསྔགས་པ་དོན་ལྡན་ མཚན་གྱི་ཅོད་པན་འཆང་། ། ཡབ་རྗེ་གསུང་འདིའི་ཆ་ཤས་རེས་པའི་དོན། ། མོས་བློ་ཙམ་གྱིས་སེམས་པའང་དངོས་གྲུབ་མཆོག །སྒྲུབ་པའི་ལེགས་ཚོགས་བགྱིད་སྙམ་རེ་བའི་ཡིད། ། སྐལ་བཟང་བདེ་དགའི་མྱོས་པ་ཅི་ཡང་འཛིན། །
ཞེས་པ་འདི་ཡང་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་སློབ་གཉེར་བའི་མིང་གིས་འཚོ་བ་རྨོངས་རྟུལ་མཁྱེན་རབ་རྒྱ་མཚོས་ལྷག་བསམ་དག་པས་སྦྱར་བ། འདིས་ཀྱང་དཔལ་ལྡན་བླ་མ་དམ་པའི་ཐུགས་བཞེད་འགྲུབ་པར་བྱེད་ནུས་པར་གྱུར་ཅིག །
 

            ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                 རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།