རང་སྐྱ་བའི་བདག་ཁེགས་ཚུལ་དང་རང་དབང་བའི་བདག་ཁེགས་ཚུལ་ལ་ཁྱད་པར་ཅི་ཡོད་ཀྱི་ལན།༢

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-22 22:15:16     རྩོམ་པ་པོ།   ཁྲི་ངག་དབང་བསྟན་འཛིན།     ཀློག་ཐེངས།  

76549972386228242.jpg

              དྲི་གཞི་བཅུ་དྲུག་པ། ཡིག་ཆ་ལས། དོན་གཞན་ལ་མ་ལྟོས་པར་རང་ཉིད་ བཟུང་དུ་ཡོད་པའི་ཚུགས་ཐུབ་དང་ཡུལ་ཅན་སྒྲ་རྟོག་གང་ལ་མ་ལྟོས་པར་རང་ཉིད་མངོན་སུམ་དུ་རྟོགས་པར་བྱར་ཡོད་པའི་ཚུགས་ཐུབ་གང་རུང་གིས་བསྡུས་པའི་དངོས་པོ་དེ། རྫས་ཡོད་ཀྱི་མཚན་ཉིད། ཅེས་མཚན་ཉིད་ཀྱི་ཟུར་ལ་གང་རུང་སྨོས་པའི་དགོས་པ་གང་ཡིན། ཅི་འདྲ་ཞིག་ལ་ཚུགས་ཐུབ་ཟེར། གདགས་གཞི་ཕུང་སོགས་མ་ལྟོས་པའི་ང་ཁེགས་པ་ལ་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་ཁེགས་དགོས་སམ། རང་སྐྱ་བའི་བདག་ཁེགས་ཚུལ་དང་རང་དབང་བའི་བདག་ཁེགས་ཚུལ་ལ་ཁྱད་པར་ཅི་ཡོད།


                                                                                                                                                                    ཁྲི་ངག་དབང་བསྟན་འཛིན། ཐར་ཤུལ་དགོན།

                  རྗེ་བཙུན་བླ་མ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ།། 
                དྲི་གཞི་འགོད་པ་དང་། ལན་དངོས། དང་བོ་ནི། དོན་གཞན་ལ་མ་ལྟོས་པར་རང་ཉིད་བཟུང་དུ་ཡོད་པའི་ཚུགས་ཐུབ་དང་ཡུལ་ཅན་སྒྲ་རྟོག་ གང་ལ་མ་ལྟོས་པར་རང་ཉིད་མངོན་སུམ་དུ་རྟོགས་པར་བྱར་ཡོད་པའི་ཚུགས་ཐུབ་གང་རུང་གིས་བསྡུས་པའི་དངོས་པོ་དེ། རྫས་ཡོད་ཀྱི་མཚན་ཉིད། ཅེས་མཚན་ཉིད་ཀྱི་ཟུར་ལ་གང་རུང་སྨྲས་པའི་དགོས་པ་གང་ཡིན། ཅི་འདྲ་ཞིག་ལ་ཚུགས་ཐུབ་ཟེར། གདགས་གཞི་ཕུང་སོགས་ལ་མ་ལྟོས་པའི་ང་ཁེགས་པ་ལ་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་ཁེགས་དགོས་སམ། རང་སྐྱ་བའི་ བདག་ཁེགས་ཚུལ་དང་རང་དབང་བའི་བདག་ཁེགས་ཚུལ་ལ་ཁྱད་པར་ཅི་ ཡོད། ཅེས་སོ། །
               ལན་དངོས་ནི། མཚན་ཉིད་ཀྱི་ཟུར་ལ་གང་རུང་སྨྲས་པ་ནི་གོ་ཐོབ་གཙོ་ཆེ་བ་ལ་བྱེད་དགོས་སྙམ། ཟུར་གཉིས་པ་ནི། རང་གི་ངོ་བོ་ངེས་པ་ཆོས་ གཞན་གྱི་རྣམ་པ་འཆར་བ་ལ་མི་ལྟོས་པའམ། རང་ཉིད་བློ་ཡུལ་དུ་འཆར་བ་རང་ལས་གཞན་པའི་ཆོས་ཀྱི་རྣམ་པ་བློ་ཡུལ་དུ་འཆར་བ་ལ་ལྟོས་མི་དགོས་ པར་རང་དབང་དུ་འཆར་བས་ན་ཚུགས་ཐུབ་ཟེར། འདི་ནི་སློབ་པའི་རྒྱུད་ཀྱི་མངོན་སུམ་ལ་སྦྱོར་དགོས། དྲང་ངེས་མཐའ་དཔྱོད་ལས། དེས་ན་ཡུལ་རང་ཉིད་ལས་གཞན་ལ་ལྟོས་མི་དགོས་པར་རང་འཛིན་སློབ་པའི་མངོན་སུམ་གྱིས་བཟུང་དུ་ཡོད་པ་དང་། ཡུལ་ཅན་སྒྲ་རྟོག་ལ་མ་བརྟེན་ཀྱང་རང་ཉིད་མངོན་སུམ་དུ་རྟོགས་པར་བྱར་ཡོད་པ་དེ་ཚུགས་ཐུབ་རྫས་ཡོད་ཀྱི་དོན་ཡིན་ཏེ། བསྡུ་བ་ལས། གང་ཅི་ཡང་རུང་སྟེ་དེ་ལས་གཞན་པ་དག་ལ་མི་ལྟོས་ཤིང་དེ་ལས་གཞན་པ་དག་ལ་མི་བརྟེན་པར་རང་གི་མཚན་ཉིད་འདོག་པར་བྱེད་པ་དེ་ནི་མདོར་ན་རྫས་སུ་ཡོད་པ་ཡིན་པར་རིགས་པར་བྱའོ། ། ཞེས་དང་། ཀུན་བཏུས་དང་། ཀུན་བཏུས་འགྲེལ་བ་རྒྱལ་སྲས་མ་ལས། དབང་བོའི་སྤྱོད་ཡུལ་བརྗོད་པ་ལ་མི་ལྟོས་པ་ནི་འདི་ལྟ་སྟེ་གཟུགས་དང་། ཚོར་བ་ཞེས་བྱ་བ་ལ་ སོགས་པའི་མིང་བཀྲ་བར་མི་འཛིན་པར་དོན་གང་ཡིན་པར་འཛིན་པ་ཡིན་ནོ།། དེ་ལས་གཞན་པ་ལ་མི་ལྟོས་པ་ནི་འདི་ལྟ་སྟེ། དོན་གཞན་ལ་མི་ལྟོས་པར་གང་དུ་དེའི་བློ་འབྱུང་བ་སྟེ་ཇི་ལྟར་གཟུགས་ལ་སོགས་པ་ལ་ལྟོས་ནས་བུམ་པ་ལ་ སོགས་པ་ལ་བུམ་པའི་བློ་འབྱུང་བ་ལྟ་བུ་ནི་མ་ཡིན་ནོ། ། ཞེས་གསུངས་སོ། །
               ཟུར་གསུམ་པ། བདག་གཞི་ཕུང་སོགས་ལ་མ་ལྟོས་བའི་ང་ཁེགས་ཚུལ་ལས་གཞན་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་ཁེགས་ཚུལ་དང་གང་ཟག་གི་བདག་ཁེགས་ཚུལ་མེད་དེ། དང་བོ་ནི། མཆན་ལས། རང་སྐྱ་ཐུབ་པའི་རྫས་ཡོད་ནི་ཕུང་སོགས་ལ་ལྟོས་མེད་ཀྱི་ངོ་བོ་ཐ་དད་དུ་དེ་ལ་དབང་བསྒྱུར་ བ་བོའི་ཚུལ་གྱིས་ཡོད་པ་ལ་བྱ་བས་སྔ་མ་དང་མི་འདྲའོ། ། ཞེས་གསུངས། ཡིག་ཆ་ལས། རང་སྐྱ་འཛིན་ཐུབ་པའི་རྫས་ཡོད་དང་། རང་སྐྱ་ཐུབ་པའི་རྫས་ཡོད་དོན་མི་གཅིག་པའི་ཕྱིར་ཏེ། རང་གི་ངོ་བོ་ངེས་པ་ལ་ཡུལ་དང་ཡུལ་ཅན་གཞན་ཞིག་ངེས་པ་སྔོན་དུ་འགྲོ་མི་དགོས་པར་གཟུང་དུ་ཡོད་པ་དེ་སྐབས་འདིའི་རང་སྐྱ་འཛིན་ཐུབ་ཚུལ་དང་རྫས་སུ་ཡོད་ཚུལ་གྱི་དོན་ཡིན། གང་ ཟག་གི་བདག་མེད་ཀྱི་སྐབས་ཀྱི་དགག་བྱའི་རང་སྐྱ་ཐུབ་ཚུལ་ནི་བཏགས་ ཆོས་སམ་ཆ་ཅན་གྱི་ཆོས་གང་ཡིན་པ་དེ་དང་དེ་རང་གི་གདགས་གཞིའམ་ཆ་ཤས་དེ་ལ་ཕར་མ་ལྟོས་པར་དཔོན་པོའམ་རྗེ་བོ་ལྟ་བུའི་རང་སྐྱ་ཐུབ་པ་དང་། གདགས་གཞི་དང་ཆ་ཤས་དེ་དང་དེ་ལ་ལྟོས་པ་དབང་བསྒྱུར་བྱ་ལྟ་བུར་གྲུབ་པ་གཅིག་འདོད་པའི་ཕྱིར། ཞེས་དང་། དཔལ་ལྡན་ཆོས་རྗེའི་དག་ཡིག་གི་དབུ་མའི་ཐད་ལས། རང་སྐྱ་ཐུབ་པ་དང་རང་སྐྱ་འཛིན་ཐུབ་པ་གཉིས་མི་ གཅིག་གོ ཞེས་གསུངས། དེས་ན་ཡིག་ཆར་རྫས་ཡོད་དང་རང་སྐྱ་འཛིན་ ཐུབ་པའི་རྫས་ཡོད་དོན་གཅིག་ཏུ་འདོད་ཀྱང་། ཡིག་ཆ་གཞན་དུ་རྫས་ཡོད་དང་རང་སྐྱ་འཛིན་ཐུབ་པའི་རྫས་ཡོད་རང་སྐྱ་ཐུབ་པའི་རྫས་ཡོད་གསུམ་ལ་ཁྱད་མི་འབྱེད་པར་དོན་གཅིག་ཏུ་འདོད་དོ། །

                པྲ་སྟིའི་དྲང་ངེས་རྣམ་འབྱེད་ལས། རྫས་བཏགས་གཉིས་ཀྱི་ནང་གི་རྫས་ཡོད་ནི་རང་སྐྱ་ཐུབ་པའི་རྫས་ ཡོད་ལ་བྱེད་ཅིང་། ཞེས་གསུངས་སོ། ། གཉིས་པ་ནི། སྡེ་བདུན་ལས། དེ་ལ་གང་ཟག་ནི་གང་། གང་ཟག་གི་བདག་ནི་ཇི་ལྟ་བུ་ཞེ་ན། དེ་ཡང་སེམས་ཅན་རྣམས་ལ་ཐོག་མ་མེད་པ་ནས་རྗེས་སུ་འབྲེལ་བ། དམིགས་པ་ང་ལ་དམིགས་ནས་རྣམ་པ་ཚོགས་རྒྱུན་གང་ལ་མིང་བཏགས་པ་ཙམ་མིན་པར། ཕུང་བོ་ དང་མཚན་ཉིད་མི་མཐུན་པའི་རང་སྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་གང་ཡིན་པའི་བློ་འདི་ནི་གང་ཟག་ལ་དམིགས་ནས་བདག་ཏུ་འཛིན་པའི་ཕྱིར་ གང་ཟག་གི་བདག་འཛིན་ཞེས་བྱ་ལ། ཞེས་དང་། ཡང་དེ་ཉིད་ལས། བློ་དེའི་འཛིན་སྟངས་ཀྱི་ཡུལ་གང་ཟག་ཕུང་བོ་དང་མཚན་ཉིད་མི་མཐུན་པའི་རང་སྐྱ་ཐུབ་པའི་རྫས་ཡོད་དུ་གྱུར་བ་ཞེས་བྱ་བ་ཉིད་གང་ཟག་གི་བདག་ཡིན་པས་ཚད་མས་ཁེགས་པའི་ཕྱིར། ཐ་སྙད་དུ་ཡང་གཞི་མ་གྲུབ་ཅིང་། དེ་བཀག་ཙམ་གྱི་ཆ་ཉིད་ལ་གང་ཟག་གི་བདག་མེད་ཅེས་བྱའོ། ། དེས་ན་འཇིག་ལྟ་ལྷན་སྐྱེས་དེའི་དམིགས་ཡུལ་ནི་གང་ཟག་ཡིན་གྱི། གང་ཟག་གི་བདག་མ་ཡིན་ལ། འཛིན་སྟངས་ཀྱི་ཡུལ་ནི་གང་ཟག་གི་བདག་ཡིན་གྱི། གང་ཟག་མ་ཡིན་ནོ། ། དེ་ལྟ་མ་ཡིན་པར་གང་ཟག་དང་གང་ཟག་གི་བདག་ལ་ཁྱད་པར་མེད་ན། ཡང་ན་གང་ཟག་ཀྱང་ཐ་སྙད་དུ་གཞི་མ་གྲུབ་པར་འགྱུར་བས་ལས་འབྲས་ཀྱི་རྟེན་ལས་གསོག་པ་པོ་དང་རྣམ་སྨིན་མྱོང་བ་བོ་མེད་པར་འགྱུར་ལ། ཡང་ན་གང་ཟག་གི་བདག་ཀྱང་གཞི་གྲུབ་པར་འགྱུར་རོ། ། ཞེས་གསུངས་སོ། །

            ཟུར་བཞི་བ། དེ་གཉིས་ཁེགས་ཚུལ་ལ་ཁྱད་པར་མེད་སྙམ་སྟེ། སྤྱིར་བདག་དུ་ འཛིན་པ་དེ་ལ་བདག་འཛིན་ལྷན་སྐྱེས་དང་ཀུན་བཏགས་གཉིས་ལས། དང་བོ་ནི། ཤེས་བྱ་རིག་པའི་གནས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པའི་སྐྱེ་འགྲོ་ མཐའ་ན་གྲོག་འབུར་ཡན་ལ་དུས་སྐབས་ཐམས་ཅད་དུ་ངམ་ངམ་ཤུགས་ཀྱིས་ང་ཞེས་ཤར་བ་དེ་བདག་འཛིན་ལྷན་སྐྱེས་ཡིན་ལ། ང་དེའི་དོན་དུ་ལས་སྣ་ཚོགས་བསགས་པ་ལས་ང་ཞེས་དེའི་ངོ་བོ་སོགས་ལ་དཔྱད་པ་གང་ཡང་མི་ བྱེད། གཉིས་པ་ནི། ཕྱི་རོལ་གྲུབ་མཐའ་ལ་སྦྱངས་བའི་གང་ཟག་དེ་རྣམས་ཚེ་འདི་ཙམ་གྱིས་ཆོག་པའི་འཇིག་རྟེན་པ་དེ་རྣམས་ལ་ལྟོས་ན་བློ་གྲོས་ཀྱི་རྩལ་ཤིན་ཏུ་མྱུར་ཏེ། རང་རང་གི་སྟོན་པ་དང་དེས་གསུངས་པའི་ལུང་རིགས་ གང་རུང་ལ་བརྟེན་ནས་བཅིངས་གྲོལ་གྱི་གཞིར་གྱུར་བའི་བདག་དེ་བཏགས་དོན་བཙལ་ནས་ང་ཞེས་བྱ་བ་དེ་ཅི་འདྲ་ཞིག་འདུག་སྙམ་དུ་བཙལ་ཏེ་མཐར་ཕྱི་རོལ་མུ་སྟེགས་པའི་ལྟ་བའི་གཙོ་བོ་རྟག་གཅིག་རང་དབང་ཅན་གྱི་བདག་གྲུབ་པར་འདོད་པ་དེ་ལ་བདག་འཛིན་ཀུན་བཏགས་ཞེས་བྱ་བ་ཡིན་ནོ། ། དེ་ཡང་སྐྱེ་འཇིག་མེད་པའི་ཆ་ནས་རྟག་པ་དང་། ཆ་ཤས་ལ་མ་ལྟོས་པའི་ཆ་ ནས་གཅིག་པུ། རང་སྐྱ་བར་གྲུབ་པའི་ཆ་ནས་རང་དབང་ཅན་ཞེས་ཁྱད་ པར་གསུམ་དང་ལྡན་པའི་བདག་ཏུ་གྲུབ་པར་འདོད་དོ། །

            སྟོང་ཐུན་ལས། དེ་ཡང་ངའོ་སྙམ་པའི་དམིགས་ཡུལ་དུ་གྱུར་པའི་བདག་དེ་རྟག་མི་རྟག་དང་གཅིག་དང་དུ་མ་སོགས་གང་དུ་ཡོད་སྙམ་དུ་སེམས་པ་ལ་ཞུགས་ནས་དཔྱད་པ་ན། རྒྱུ་མཚན་ཕྱིན་ཅི་ལོག་ལ་བརྟེན་ནས་སྐྱེ་འཇིག་མི་བྱེད་པའི་རྟག་ དངོས་དང་ཆ་ཤས་མེད་པའི་གཅིག་པུ་སོགས་སུ་འཛིན་པ་ནི་བདག་འཛིན་ཀུན་བཏགས་ཀྱི་རྟག་གཅིག་རང་དབང་དུ་འཛིན་ཚུལ་དུ་འདོད་ཀྱི། བདག་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ལ་དེ་འདྲ་བའི་རྟག་གཅིག་རང་དབང་ཅན་དུ་འཛིན་ཚུལ་ཡོད་པར་གྲུབ་མཐའ་སྨྲ་བ་དེ་དག་སུ་ཡང་མི་འདོད་དོ། ། འོན་ཀྱང་བདག་འཛིན་ལྷན་སྐྱེས་ཀྱིས་བཟུང་བ་ལྟར་གྲུབ་ན་དེ་འདྲ་བའི་རྟག་ གཅིག་རང་དབང་ཅན་དུ་གྲུབ་དགོས་པས། དེ་འདྲ་བའི་རྟག་གཅིག་རང་དབང་ཅན་དུ་གྲུབ་པ་ཁེགས་ན་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པ་ཁེགས་པ་དང་། གང་ཟག་ཕུང་བོ་དང་མཚན་ཉིད་མི་མཐུན་པའི་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པ་རྣམ་པར་བཅད་ཙམ་དེ་ཉིད་རྟོགས་བྱ་གང་ ཟག་གི་བདག་མེད་ཀྱི་དོན་ཡིན་པར་འདོད་པ་ལ་ཁྱད་པར་མེད་ཅིང་། དེའི་ཕྱིར་དེ་ཙམ་ཞིག་རྟོགས་པས་གང་ཟག་གི་བདག་མེད་མཚན་ཉིད་རྫོགས་པ་རྟོགས་པར་འདོད་པ་དང་། དེ་ཙམ་ཞིག་མངོན་སུམ་དུ་མཐོང་བ་གོམས་ པའི་སྟོབས་ཀྱིས་ཉོན་མོངས་པ་མ་ལུས་པར་སྤོང་ནུས་སོ་ཞེས་འདོད་པ་ནི། བྱེ་བྲག་སྨྲ་བ་དང་། མདོ་སྡེ་བ་དང་རྣལ་འབྱོར་སྤྱོད་པ་དང་དབུ་མ་རང་རྒྱུད་པ་ཐམས་ཅད་ཀྱི་ཐུན་མོང་གི་གྲུབ་པའི་མཐའ་ཡིན་ནོ། ། ཞེས་གསུངས་པ་ལ་རིགས་སྨྲ་རྣམས་ཀྱིས་དཔྱད་པར་བྱའོ། །

རྒྱལ་སྲས་སྨོན་ལམ་གང་གཱའི་ཀླུང་རྣམས་ནི། །
དམ་ཆོས་འཛིན་པའི་སྨོན་ལམ་ནང་འདུས་པར། །
གསུངས་ཕྱིར་དགེ་རྩ་ཇི་སྙེད་བསགས་པ་ནི། །
ཀུན་ཀྱང་ཐུབ་བསྟན་རྒྱས་པའི་ཆེད་དུ་བསྔོ། །
 

ཞེས་ཕྱི་ནང་གི་རིག་གནས་ཀུན་ལ་མི་འཇིགས་པའི་མཁྱེན་དཔྱོད་རྒྱས་པ་བདག་གི་རྒན་རིན་པོ་ཆེ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨྲས་ན ༧ རྗེ་ལྷ་རམས་པ་བློ་བཟང་དགེ་འདུན་མཆོག་གི་ཐུགས་དགོངས་མཐའ་དག་འགྲུབ་པར་ཉིད་ཀྱི་སློབ་བུ་སྟོང་ཕྲག་མང་བོའི་གྲལ་མཐར་གནས་བ་བདག་གིས་སོར་བཅུའི་འདབ་མ་སྙིང་ ཀར་སྦྱར་སྟེ་གསོལ་བ་འདེབས་པ་དང་ལྷན་ཅིག་བདག་སྐྱེས་སྟོབས་དང་སྦྱང་སྟོབས་ཀྱི་ ཤེས་རབ་དམན་པས་ཚིག་དོན་སོགས་ལ་འཁྱོག་བཤད་ཇི་སྙེད་ཅིག་ཡོད་པར་སོམ་ཉི་མི་ དགོས་པས་མཁས་དབང་རྣམས་ཀྱི་སྤྱན་སྔར་སྙིང་ཐག་པ་ནས་བཟོད་པར་གསོལ་ལོ། ། 

            ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                   རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

བརྒྱུད་འགོད།