རང་སྐྱ་བའི་བདག་ཁེགས་ཚུལ་དང་རང་དབང་བའི་བདག་ཁེགས་ཚུལ་ལ་ཁྱད་པར་ཅི་ཡོད་ཀྱི་ལན།༡

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-22 21:38:05     རྩོམ་པ་པོ།   ཀླུ་འབུམ་ལ་མོ་བློ་རྒྱམ།     ཀློག་ཐེངས།  

76549972386228242.jpg

            དྲི་གཞི་བཅུ་དྲུག་པ། ཡིག་ཆ་ལས། དོན་གཞན་ལ་མ་ལྟོས་པར་རང་ཉིད་ བཟུང་དུ་ཡོད་པའི་ཚུགས་ཐུབ་དང་ཡུལ་ཅན་སྒྲ་རྟོག་གང་ལ་མ་ལྟོས་པར་ རང་ཉིད་མངོན་སུམ་དུ་རྟོགས་པར་བྱར་ཡོད་པའི་ཚུགས་ཐུབ་གང་རུང་གིས་བསྡུས་པའི་དངོས་པོ་དེ། རྫས་ཡོད་ཀྱི་མཚན་ཉིད། ཅེས་མཚན་ཉིད་ཀྱི་ཟུར་ལ་གང་རུང་སྨོས་པའི་དགོས་པ་གང་ཡིན། ཅི་འདྲ་ཞིག་ལ་ཚུགས་ཐུབ་ཟེར། གདགས་གཞི་ཕུང་སོགས་མ་ལྟོས་པའི་ང་ཁེགས་པ་ལ་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་ཁེགས་དགོས་སམ། རང་སྐྱ་བའི་བདག་ཁེགས་ཚུལ་དང་རང་དབང་བའི་བདག་ཁེགས་ཚུལ་ལ་ཁྱད་པར་ཅི་ཡོད།

                                                                                                                                                                                དཀའ་བཅུ་བ་ཀླུ་འབུམ་ལ་མོ་བློ་རྒྱམ། འབྲས་སྤུངས་སྒོ་མང་།

 རྟེན་འབྱུང་གཟིགས་ཤིང་འདོམས་མཛད་རྫོགས་སངས་རྒྱས། །
སྲིད་ཞིའི་འཇིགས་སྒྲོལ་ཐེག་གསུམ་དམ་པའི་ཆོས། །
རིག་གྲོལ་འཕགས་པའི་དགེ་འདུན་ཚོགས་རྣམས་ཏེ། །
མཆོག་གསུམ་དབྱར་སྤྲིན་སྔོན་པོས་བྱིན་ཆེན་ཕོབས། །
 

               ཞེས་མཆོད་པར་བརྗོད་ཅིང་འཕྲིན་ལས་བཅོལ་བ་དེ་ཙམ་ཞིག་སྔོན་དུ་བཏང་ནས་སྐབས་སུ་བབ་པའི་དྲི་བ་ལ་མུན་ནག་མདའ་འཕེན་གྱི་ཚུལ་དུ་ལན་འདེབས་པའི་ཁུལ་ཙམ་ཞུ་ན། ཟུར་དང་བོ། མཚན་ཉིད་ཀྱི་ཟུར་དུ་གང་རུང་སྨྲས་པའི་དགོས་པ་གང་ཡིན། ཞེས་པའི་ལན་ལ་མཁས་པའི་བཞེད་པ་འགོད་པ་དང་། རང་ལན་ནོ། ། དང་བོ་ནི། རྗེ་གུང་ཐང་བློ་གྲོས་རྒྱ་ མཚོའི་དྲང་ངེས་ལས། རྫས་བཏགས་ལ། བསྡུ་བ་ལས། དེ་ལས་གཞན་པ་དག་ལ་མི་ལྟོས་ཤིང་ཞེས་སོགས་བྱུང་། དེའི་དོན་ནི། ཡིག་ཆར། དོན་གཞན་ལ་མ་ལྟོས་པར་རང་ཉིད་བཟུང་དུ་ཡོད་པའི་ཚུགས་ཐུབ་དང་། ཡུལ་ཅན་སྒྲ་རྟོག་གང་ལ་མ་ལྟོས་པར་རང་ཉིད་མངོན་སུམ་དུ་རྟོགས་པར་བྱར་ཡོད་པའི་ཚུགས་ཐུབ་གང་རུང་གི་བསྡུས་པའི་དངོས་པོ་རྫས་ཡོད་ཀྱི་མཚན་ཉིད། ཅེས་གང་རུང་སྨྲས་པ། འོག་ནས་འབྱུང་བའི་གཉིས་སྟོང་གི་ཁྱད་ པར་དུ་བྱས་པའི་གཟུགས་ཀྱི་སྐྱེ་མཆེད་ལྟ་བུ། རང་ལས་དོན་གཞན་དགག་བྱ་དང་དོན་སྤྱི་སོགས་ལ་མ་ལྟོས་པར་བཟུང་དུ་ཡོད་ཀྱང་། ཡུལ་ཅན་སྒྲ་རྟོག་ལ་མ་བརྟེན་པར་རང་ཉིད་མངོན་སུམ་དུ་རྟོགས་པར་བྱར་མེད་པས་ཡིན་ཏེ། དེ་མངོན་སུམ་དུ་རྟོགས་པ་དགག་བྱ་ཕྱི་དོན་ཁེགས་པ་ལ་ལྟོས་དགོས་པའི་ ཕྱིར་ཏེ། དགག་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཡིག་ཆར། དགག་པ་རྣམས་ཀྱི་ངོ་བོ་ངེས་པ་ལ་རང་གི་དགག་བྱའི་སྤྱི་བཟུང་བ་ལ་ལྟོས་དགོས་པ་གང་ ཞིག ནས། སྤྱོད་འཇུག་ལས། བཏགས་པའི་དངོས་ལ་མ་རེག་པར། ། ཞེས་སོགས་དྲངས་པའི་ཕྱིར།

              འོ་ན། ཡིག་ཆར། དེ་གཟུགས་ཤེས་གང་རུང་མ་ཡིན་པའི་དགག་པ་ཡིན་པའི་ཕྱིར་ཞེས་པ་ཅི་ཞེ་ན། དེ་ནི་རྫས་ཡོད་ཀྱི་གཟུགས་ཤེས་རྣམས་དོན་གཞན་དང་སྒྲ་རྟོག་སོགས་ལ་མི་ལྟོས་པར་བཟུང་ དུ་ཡོད་པའི་དོན་ཡིན་གྱི། རྟོགས་བྱར་ཡོད་པའི་དོན་མ་ཡིན་པའི་ཕྱིར། དེས་ན་ཡིག་ཆར། དེ་ཡིན་ཚད་བཟུང་བ་མ་ཡིན་པའི་རྣམ་པ་གཅིག་ཏུ་མ་ཁྱབ་ཀྱང་། ཞེས་པ་བསྡུས་གྲྭ་སོགས་ལྟར་རང་ཉིད་ཚད་མས་ངེས་པ་སྦྱར་ན་མ་ཁྱབ་ཀྱང་། རང་ཉིད་བཟུང་དུ་ཡོད་པ་ཞེས་སྦྱར་ན་རེ་ཞིག་འདོད་ལན་བྱས་ཚེ། ཞེས་པ་ལྟར་བྱེད་དགོས་ཏེ། ཡིག་ཆར། གཉིས་སྟོང་གིས་ཁྱད་པར་དུ་བྱས་པའི་གཟུགས་ཀྱི་སྐྱེ་མཆེད་སོགས་ནི། གཉིས་སྟོང་སྒྱུ་མ་ལྟ་བུར་རྟོགས་པའི་བློ་ངོར་ཡིན་ཅིང་། གཉིས་སྟོང་དང་དེ་གཉིས་སྒྱུ་མ་ལྟ་བུ་ཚོགས་པའི་རྣམ་པ་འཆར་བ་ཆོས་གཞན་ལ་ལྟོས་དགོས་ཀྱང་། གཉིས་སྟོང་གི་ཁྱད་པར་དུ་བྱ་རྒྱུའི་གཟུགས་ཀྱི་སྐྱེ་མཆེད་སོགས་ནི། སྟོང་ཉིད་མ་རྟོགས་པའི་བློ་གཞན་གྱི་ངོར་གཞན་ལ་མི་ལྟོས་པའི་ཕྱིར་དང་། སྒྱུ་མ་ལྟ་བུར་རྟོགས་པའི་བློ་ངོར་དེའི་འཆར་ཚུལ་གཞན་ལ་ལྟོས་ཀྱང་དེའི་འཆར་ཚུལ་གཞན་ལ་ལྟོས་མི་དགོས་པའི་ཕྱིར། ཡིག་ཆར། བཏགས་ཡོད་ཡིན་པའི་ཕྱིར། ནས། ཁྱབ་པ་འགྲིག ཅེས་པ་གྲངས་ཅན་གྱི་ངོར་སྒྲ་སྒྲ་ཡིན་ཀྱང་མི་རྟག་པ་མིན་པ་བཞིན་སྔ་མ་དེ་གཉིས་སྟོང་རྟོགས་པའི་བློ་ངོར་དགག་བྱ་ལ་ལྟོས་ཀྱང་བཏགས་ཡོད་ཡིན་ཞེས་པའོ། ། ཞེས་རྒྱ་ཆེར་གསུངས་སོ། ། འདིར་ཚེགས་ལ་མ་འཛེམས་པར་བཀོད་པ་བལྟ་བདེ་ཆེད་ཡིན་པ་ཤེས་པར་གྱིས། རྗེ་དམ་པ་འདིའི་དགོངས་བཞེད་རིམ་བཞིན་མདོར་དྲིལ་ཏེ་བརྗོད་ན། ཡིག་ཆར་རྫས་ཡོད་ཀྱི་མཚན་ཉིད་ཀྱི་ཟུར་དུ་གང་རུང་སྨྲས་པ་ནི། གཉིས་སྟོང་གིས་ཁྱད་ པར་དུ་བྱས་པའི་གཟུགས་ཀྱི་སྐྱེ་མཆེད་ལྟ་བུ། ཡུལ་ཅན་སྒྲ་རྟོག་གང་ལ་མ་ལྟོས་པར་རང་ཉིད་མངོན་སུམ་དུ་རྟོགས་པར་བྱར་ཡོད་པའི་ཚུགས་ཐུབ་མ་ཡིན་ཀྱང་། དེ་རྫས་ཡོད་མ་ཡིན་པར་འགྱུར་བའི་སྐྱོན་མེད་པ། དོན་གཞན་ལ་མ་ལྟོས་པར་རང་ཉིད་བཟུང་དུ་ཡོད་པའི་ཚུགས་ཐུབ་ཏུ་གྲུབ་པས་ཡིན། དེ་མངོན་སུམ་དུ་རྟོགས་པ་དགག་བྱ་ཕྱི་དོན་ཁེགས་པ་ལ་ལྟོས་དགོས་པའི་ སྒྲུབ་བྱེད་དུ་ཡིག་ཆའི་དགག་པ་རྣམས་ཀྱི་ངོ་བོ་ངེས་པ་ལ་རང་གི་དགག་བྱའི་སྤྱི་བཟུང་བ་ལ་ལྟོས་དགོས་པ་གང་ཞིག་ཅེས་སོགས་ཀྱི་ལུང་བཀོད་ཅིང་། ཡིག་ཆར། དེ་གཟུགས་ཤེས་གང་རུང་མ་ཡིན་པའི་དགག་པ་ཡིན་པའི་ཕྱིར་ཞེས་པ། རྫས་ཡོད་ཀྱི་གཟུགས་ཤེས་རྣམས་དོན་གཞན་དང་སྒྲ་རྟོག་སོགས་ལ་མི་ལྟོས་པར་བཟུང་དུ་ཡོད་པའི་དོན་དུ་བཀྲལ། ཡིག་ཆར། དེ་ཡིན་ཚད་བཟུང་བ་མ་ཡིན་པས་རྣམ་པ་གཅིག་ཏུ་མ་ཁྱབ་ཅེས་པའི་དོན། འདིའི་སྐབས་ཀྱི་མཚན་ཉིད་ཀྱི་ཟུར་དང་བོར་བསྡུས་གྲྭ་སོགས་ལྟར་རང་ཉིད་ཚད་མས་ངེས་པ་སྦྱར་ན། རྫས་ཡོད་ལ་དེས་མ་ཁྱབ་ཀྱང་། རང་ཉིད་བཟུང་དུ་ཡོད་པ་ཞེས་སྦྱར་ན་འདོད་ལན་ཐེབས་པས་དེ་ལྟར་བྱེད་དགོས་ཤིང་། དེའི་སྒྲུབ་བྱེད་སྔར་ཡིག་ཆར། གཉིས་སྟོང་གི་ཁྱད་པར་དུ་བྱས་པའི་གཟུགས་ཀྱི་སྐྱེ་ མཆེད་སོགས་ནི། ནས། སྒྱུ་མ་ལྟ་བུར་རྟོགས་པའི་བློ་ངོར་དེའི་འཆར་ཚུལ་གཞན་ལ་ལྟོས་ཀྱང་དེའི་འཆར་ཚུལ་གཞན་ལ་ལྟོས་མི་དགོས་པའི་ཕྱིར། ཞེས་སོགས་དྲངས་པ། མདོར་ན། གཉིས་སྟོང་གི་ཁྱད་པར་དུ་བྱས་པའི་གཟུགས་ཀྱི་སྐྱེ་མཆེད་སོགས་རྫས་ཡོད་ཡིན་པར་བསྡུ་ཕྱིར་མཚན་ཉིད་ཀྱི་ཟུར་དུ་གང་རུང་སྨོས་པར་བཞེད་དོ། ། ཚུལ་འདི་ནི་དེང་དུས་ཀྱི་རྟོག་གེ་བ་དྲག་ཞན་ཀུན་ལ་རླུང་ལྟར་གྲགས་པས་ཚུལ་དེ་ལས་འདས་པ་མ་མཐོང་ངོ་། །

             རང་ལན་ནི། དེ་ལྟར་མཁས་པ་བྱ་རིགས་དཀར་བོའི་ཁྲོད་དུ་བོང་བུས་ནམ་ཚོད་འཛིན་པ་འོས་སུ་མི་རུང་མོད། འོན་ཀྱང་ཀུན་རྟོག་མེ་ལོང་ངོས་སུ་ཤར་བ་ཡི་གེའི་ གཟུགས་སུ་བྱེད་པ་རྟོག་གེ་བ་མགོ་མཁྲེགས་སྤྱིའི་ལུགས་ཡིན་པས་འགོག་ ཐབས་མ་བྱུང་། མཐའ་དཔྱོད་ལས། གཉིས་པ་རང་ལུགས་ལ། དོན་གཞན་ལ་མ་ལྟོས་པར་རང་ཉིད་བཟུང་དུ་ཡོད་པའི་ཚུགས་ཐུབ་དང་། ཡུལ་ཅན་ སྒྲ་རྟོག་གང་ལ་མ་ལྟོས་པར་རང་ཉིད་མངོན་སུམ་དུ་རྟོགས་པར་བྱར་ཡོད་ པའི་ཚུགས་ཐུབ་གང་རུང་གིས་བསྡུས་པའི་དངོས་པོ་དེ། རྫས་ཡོད་ཀྱི་ མཚན་ཉིད། ཅེས་པ་ལ་བརྟེན་ནས་ལ་ལས་རྫས་ཡོད་ཡིན་ན་འདིའི་མཚན་ཉིད་ཀྱི་ཟུར་གཉིས་ཀ་ཚང་བས་མ་ཁྱབ་ཅེས་དང་། ཡང་ཁ་ཅིག རྫས་ཡོད་ཡིན་ན། མཚན་ཉིད་ཀྱི་ཟུར་ཐམས་ཅད་ངེས་པར་ཚང་དགོས་པར་ འདོད་པ་དང་། གཉིས་ཀས་ཀྱང་རྫས་ཡོད་ཀྱི་མཚན་ཉིད་མཐའ་དཔྱོད་ལས་གསུངས་པ་ལྟར་ཟུར་ཐམས་ཅད་མ་ཉམས་པར་འཇོག་དགོས་པ་ནི་ཐུན་མོང་བའོ། ། ཁོ་བོས་ནི་དེ་གང་ཡང་མི་འདོད་ཅེས་མགྲིན་པ་གཟེངས་སུ་བཏེགས་ནས་སྨྲ་སྟེ། རྫས་ཡོད་ཀྱི་འཇོག་བྱེད་དམ་མཚན་ཉིད། དོན་གཞན་ལ་མ་ལྟོས་པར་རང་ཉིད་བཟུང་དུ་ཡོད་པའི་ཚུགས་ཐུབ་ཀྱི་དངོས་པོ་དང་། ཡུལ་ཅན་སྒྲ་རྟོག་གང་ལ་མ་ལྟོས་པར་རང་མངོན་སུམ་དུ་རྟོགས་པར་བྱར་ཡོད་པའི་ཚུགས་ཐུབ་ཀྱི་དངོས་པོ་གཉིས་ཀྱི་རེ་རེ་ཙམ་བཞག་ཆོག་གོ་སྙམ། འོ་ན། གང་རུང་སྨོས་པའི་དགོས་པ་གང་ཡིན་ཞེ་ན། གང་རུང་སྨོས་པའི་དགོས་ པའང་དེ་ག་རང་ཡིན་ཏེ། མཚན་ཉིད་ཀྱི་ཟུར་གཉིས་ཀ་ངེས་པར་ཚང་དགོས་ན་གང་རུང་སྨོས་པའི་དགོས་པ་མ་གྲུབ་པའི་ཕྱིར། འོ་ན། མཐའ་དཔྱོད་ལས། རྫས་ཡོད་ཀྱི་མཚན་ཉིད་སྐབས་ཚིག་ཚོགས་མང་དུ་གསུངས་པ་ལ་དགོས་པ་མེད་པར་ཐལ། ཟུར་གཅིག་ཙམ་གྱིས་འགྲིག་པའི་ཕྱིར། ཞེ་ན། མ་ཁྱབ་སྟེ། གོ་ཐོབ་གཙོ་བོར་བྱས་པ་དང་། བསྡུ་བའི་ཚིག་དོན་གསལ་བོར་བྱེད་ཕྱིར་ ཡིན་པས་དགོས་པ་ཤིན་ཏུ་ཆེ་བའི་ཕྱིར། ཡིག་ཆར་བསྡུ་བའི་ལུང་དྲངས་པ་ལས། གང་ཅི་ཡང་རུང་སྟེ་དེ་ལས་གཞན་པ་དག་ལ་མི་ལྟོས་ཤིང་། དེ་ལས་གཞན་པ་དག་ལ་མི་བརྟེན་པར་རང་གི་མཚན་ཉིད་འདོགས་པར་བྱེད་པ་དེ་ནི་མདོར་ན་རྫས་སུ་ཡོད་པ་ཡིན་པར་རིགས་པར་བྱའོ། ། ཞེས་དང་། ཚུལ་དེ་བཞིན་ཀུན་བཏུས་ལས། དབང་བོའི་སྤྱོད་ཡུལ་བརྗོད་པ་དང་། དེ་ལས་གཞན་པ་ལ་མི་ལྟོས་པར་དབང་བོའི་སྤྱོད་ཡུལ་དུ་གྱུར་བ་ནི། རྫས་སུ་ཡོད་པའོ། །ཞེས་བསྡུ་བ་ལས་གསུངས་པའི་ཟུར་དང་བོ་དང་། ཀུན་བཏུས་ལས་གསུངས་པའི་ཟུར་གཉིས་པ་འཆད་པའི་དབང་དུ་བྱས་ཏེ།

               ཡིག་ཆར། དོན་གཞན་ལ་མ་ལྟོས་པར་རང་ཉིད་བཟུང་དུ་ཡོད་པའི་ཚུགས་ཐུབ་དང་ཞེས་དང་། ཅིག་ཤོས་གཉིས་འཆད་པའི་དབང་དུ་བྱས་ཏེ། ཡུལ་ཅན་སྒྲ་རྟོག་གང་ལ་མ་ལྟོས་པར་རང་ཉིད་མངོན་སུམ་དུ་རྟོགས་པར་བྱར་ཡོད་པའི་ཚུགས་ཐུབ་ཅེས་གསུངས། དངོས་པོ་ཞེས་པ་མཐའི་གསལ་བྱེད་ཡིན་པས་གཉིས་ཀ་ལ་སྦྱར་རུང་། ཀུན་བཏུས་འགྲེལ་བ་ལས། དེ་ལས་གཞན་པ་ དག་ལ་མི་ལྟོས་པ་ནི་འདི་ལྟ་སྟེ། དོན་གཞན་ལ་མི་ལྟོས་པར་གང་དུ་དེའི་བློ་འབྱུང་བ་སྟེ། ཞེས་ཟུར་གཉིས་ཀ་གཅིག་ཏུ་བསྡོམས་པ་དང་། དེར་མ་ཟད་བསྡུ་བར་བཏགས་ཡོད་ཀྱི་མཚན་ཉིད་སྐབས། དེ་ལས་གཞན་པ་དག་ལ་ བརྟེན་ནས་རང་གི་མཚན་ཉིད་འདོགས་པར་བྱེད་པ་དེ་ནི་མདོར་ན་དེ་ནི་ བཏགས་པའི་ཡོད་པ་ཡིན་པར་རིགས་པར་བྱ་ཡི་རྫས་སུ་ཡོད་པ་ནི་མ་ཡིན་ཏེ། ཞེས་དང་། དེ་ལ་བརྟེན་ནས་རྗེ་བླ་མས་ཀྱང་། ཆོས་གཞན་བཟུང་བ་ལ་མ་ལྟོས་པར་བཟུང་དུ་མེད་ཅིང་ལྟོས་ནས་བཟུང་དགོས་པའི་བཏགས་ཡོད་དང་། ཞེས་མཚན་ཉིད་ཟུར་གཅིག་གི་དབང་དུ་བྱས་པ་མང་ལ། དེའི་ལྡོག་དོན་ རྫས་ཡོད་ལ་སྦྱོར་ན། ཆོས་གཞན་བཟུང་བ་ལ་མ་ལྟོས་པར་བཟུང་དུ་ཡོད་ ཅིང་ལྟོས་ནས་བཟུང་མི་དགོས་པའི་རྫས་ཡོད་དང་ཞེས་པར་འགྱུར་བས། ཡིག་ཆར། དོན་གཞན་ལ་མ་ལྟོས་པར་རང་ཉིད་བཟུང་དུ་ཡོད་པའི་ཚུགས་ཐུབ་དང་། ཡུལ་ཅན་སྒྲ་རྟོག་གང་ལ་མ་ལྟོས་པར་རང་ཉིད་མངོན་སུམ་དུ་རྟོགས་པར་བྱར་ཡོད་པའི་ཚུགས་ཐུབ་ཅེས་པ་སོ་སོར་སྦྱར་རུང་བའི་ཕྱིར་དང་། དོན་གཞན་ལ་མ་ལྟོས་པར་རང་ཉིད་བཟུང་དུ་ཡོད་པའི་ཚུགས་ཐུབ་ཅེས་པའི་ཚིག་ཟུར་གྱི་དོན་གཞན་ལ་མ་ལྟོས་པར་ཞེས་པ་རང་གི་ངོ་བོ་ཆོས་ གཞན་དང་ཡུལ་ཅན་གཞན་ལ་མ་ལྟོས་པར་བཟུང་དུ་ཡོད་པ་ཞེས་འགྲེལ་རིགས་ཤིང་། དེ་ལྟར་གྲུབ་ན་རྫས་ཡོད་ཡིན་པས་ཁྱབ་པ་མཐའ་དཔྱོད་ལས། རང་གི་ངོ་བོ་ངེས་པ་ལ་ཡུལ་དང་ཡུལ་ཅན་གཅིག་ངེས་པ་སྔོན་དུ་འགྲོ་མི་ དགོས་པར་བཟུང་དུ་ཡོད་པ་དེ། སྐབས་འདིའི་རང་རྐྱ་འཛིན་ཐུབ་ཚུལ་ དང་རྫས་སུ་ཡོད་ཚུལ་གྱི་དོན་ཡིན། ཞེས་དང་།

               དེའི་མཚན་གཞི་ཀུན་གཞི་དང་ཡིད་ཀྱི་རྣམ་ཤེས་གཉིས་པོ་དེ་རང་གི་ངོ་བོ་ཆོས་གཞན་དང་ཡུལ་ཅན་ གཞན་ལ་མ་ལྟོས་པར་བཟུང་དུ་ཡོད་པའི་ཕྱིར། ཁྱབ་སྟེ། དེ་ལྟར་གྲུབ་ན་རྫས་ཡོད་ཡིན་དགོས་པའི་ཕྱིར་ཏེ། ཞེས་སོགས་གསུངས། དེ་བཞིན་ཡང་ཡིག་ཆར། དོན་གཞན་ལ་མ་ལྟོས་པར་རང་གི་ངོ་བོ་བཟུང་དུ་མེད་པའི་ཚུགས་མི་ཐུབ་དང་། ཡུལ་ཅན་སྒྲ་རྟོག་གང་ལ་མ་བརྟེན་པར་མངོན་སུམ་དུ་རྟོགས་པར་བྱར་མེད་པའི་ཚུགས་མི་ཐུབ་པ་གང་རུང་གིས་བསྡུས་པའི་ཆོས་དེ་ བཏགས་ཡོད་ཀྱི་མཚན་ཉིད། ཅེས་གང་རུང་སྨྲས་པའི་དགོས་པ་གོང་མཚུངས་ཡིན་པ་ལས། མཚན་ཉིད་ཀྱི་ཟུར་དང་བོ་ཚང་བའི་ཆོས་ཡིན་ན་གཉིས་པའི་དོན་ཚང་བས་མ་ཁྱབ། གཉིས་པའི་དོན་ཚང་བའི་ཆོས་ཡིན་ན་ཟུར་དང་ བོའི་དོན་ཚང་བས་མ་ཁྱབ་པ་དང་། བཏགས་ཡོད་ཀྱི་ཆོས་ལ་འདིའི་མཚན་ཉིད་ཀྱི་ཟུར་རེ་རེ་དང་ཡིན་ཁྱབ་མཉམ་མ་ཡིན་པ་ཞིག་མེད་ལ། དེ་ལྟར་ མེད་ན་རྫས་ཡོད་ལ་ཡང་རིགས་པ་མགོ་མཚུངས་པ་རིགས་སྨྲ་སྤྱིའི་ལུགས་ཡིན་པའི་ཕྱིར། ད་ནི་གཞན་གྱི་མཐའ་ཅུང་ཟད་དཔྱད་པ་ལ། དྲང་ངེས་དེ་ཉིད་ལས། རྫས་ཡོད་ཀྱི་མཚན་ཉིད་ཀྱི་ཟུར་དུ་གང་རུང་སྨོས་པ། འོག་ནས་འབྱུང་བའི་གཉིས་སྟོང་གིས་ཁྱད་པར་དུ་བྱས་པའི་གཟུགས་ཀྱི་སྐྱེ་མཆེད་ལྟ་བུ། རང་ལས་དོན་གཞན་དགག་བྱ་དང་དོན་སྤྱི་སོགས་ལ་མ་ལྟོས་པར་བཟུང་དུ་ཡོད་ཀྱང་། ཡུལ་ཅན་སྒྲ་རྟོག་ལ་མ་བརྟེན་པར་རང་ཉིད་རྟོགས་པར་བྱར་ མེད་པས་ཡིན་ཏེ། ཞེས་སོགས་གསུངས། དེ་ལ་ཡོངས་གྲུབ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་དོན་གྱིས་ཁས། འདོད་ན། རྫས་ཡོད་ཡིན་པར་ཐལ་ལོ། ། ཡང་དེ་ཉིད་ལས། འོ་ན། ཡིག་ཆར་དེ་གཟུགས་ཤེས་གང་རུང་མ་ཡིན་པའི་དགག་པ་ཡིན་པའི་ཕྱིར་ཞེས་པ་ཅི་ཞེ་ན། དེ་ནི་རྫས་ཡོད་ཀྱི་གཟུགས་ཤེས་རྣམས་དོན་གཞན་དང་སྒྲ་རྟོག་སོགས་ལ་མ་ལྟོས་པར་བཟུང་དུ་ཡོད་པའི་དོན་ཡིན་གྱི། རྟོགས་བྱར་ཡོད་པའི་དོན་མ་ཡིན་པའི་ཕྱིར། ཞེས་གསུངས་པའང་། རྫས་ཡོད་ཀྱི་གཟུགས་ཤེས་དང་རྫས་ཡོད་མ་ཡིན་པའི་གཟུགས་ཤེས་གཉིས་ཀྱི་ཁྱད་པར་དང་མཚན་གཞིར་གང་འཇོག་དཔྱད་ལ།

               ཡིག་ཆར། རྩོད་པ་སྤོང་བ་ལ་ཁོ་ན་རེ། ཡོངས་གྲུབ་ཆོས་ཅན། བཏགས་ཡོད་མ་ཡིན་པར་ཐལ། རྫས་ཡོད་ཡིན་པའི་ཕྱིར། དོན་དམ་པར་གྲུབ་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། གཞན་དབང་དང་ཡོངས་གྲུབ་གང་རུང་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བཏགས་ཡོད་ཡིན་པའི་ཕྱིར་ཏེ། ཆོས་གཞན་ལ་མི་ལྟོས་པར་རང་གི་ངོ་བོ་བཟུང་དུ་མེད་པའི་ཆོས་ཡིན་པའི་ཕྱིར། གཟུགས་ཤེས་གང་རུང་མ་ཡིན་པའི་དགག་པ་ཡིན་པའི་ཕྱིར། རྟགས་སླ། ཞེས་བྱུང་། འདིའི་དོན་ནི། གཟུགས་ཤེས་གང་རུང་མ་ཡིན་པའི་དགག་པ་ཡིན་པའི་ཕྱིར་ཞེས་མ་བཀོད་པར། དགག་པ་ཡིན་པའི་ཕྱིར་ཞེས་བཀོད་ན། ཕ་རོལ་བོས་གཉིས་སྟོང་གིས་ཁྱད་པར་དུ་བྱས་པའི་གཟུགས་ཀྱི་སྐྱེ་མཆེད་ ཆོས་ཅན། ཆོས་གཞན་ལ་མ་ལྟོས་པར་རང་གི་ངོ་བོ་བཟུང་དུ་མེད་པའི་ཆོས་ཡིན་པར་ཐལ། དགག་པ་ཡིན་པའི་ཕྱིར་ཞེས་རྩོད་པ་དང་། དེ་བཏགས་ཡོད་ཡིན་པར་འགོག་ཆེད་ཡིན་པ་རྟོགས་སླ་བའི་ཕྱིར་སྙམ་ཡང་། དེ་ཉིད་ ལས་དེས་ན་ཡིག་ཆར། དེ་ཡིན་ཚད་བཟུང་བ་མ་ཡིན་པས་རྣམ་པ་གཅིག་ ཏུ་མ་ཁྱབ་ཀྱང་། ཞེས་པ་བསྡུས་གྲྭ་སོགས་ལྟར་རང་ཉིད་ཚད་མས་ངེས་པ་སྦྱར་ན་མ་ཁྱབ་ཀྱང་། རང་ཉིད་བཟུང་དུ་ཡོད་པ་ཞེས་སྦྱར་ན་རེ་ཞིག་འདོད་ལན་བྱས་ཚེ། ཞེས་པ་ལྟར་བྱེད་དགོས་ཏེ། སོགས་གསུངས། འདི་ཡང་། ཡིག་ཆར། ཡང་ཁ་ཅིག་ན་རེ། ཤེས་པ་དང་གཟུགས་ཀྱི་སྐྱེ་མཆེད་སོགས་སྐྱེ་མཆེད་ལྔ་བོ་གང་རུང་ཡིན་ན་རྫས་ཡོད་ཡིན་པས་ཁྱབ་པར་ཐལ། དེ་རྣམས་རྫས་ཡོད་ཀྱི་མཚན་གཞི་ཡིན་པའི་ཕྱིར་ན། སྤྱིར་རྣམས་སྒྲ་མང་ཚིག་ཡིན་ པས་གསུམ་ཕན་ཆད་ལ་འཇུག་པས་དེ་ཡིན་ཚད་བཟུང་བ་མ་ཡིན་པས་རྣམ་པ་གཅིག་ཏུ་མ་ཁྱབ་ཀྱང་རེ་ཞིག་འདོད་ལན་བྱས་ཚེ། ཞེས་སོགས་བྱུང་།

            འདིའི་དོན་ནི། ཤེས་པ་དང་གཟུགས་ཀྱི་སྐྱེ་མཆེད་རྣམས་རྫས་ཡོད་ཀྱི་མཚན་གཞིར་སྨྲས་ན། སྤྱིར་རྣམས་སྒྲ་མང་ཚིག་ཡིན་ཅིང་གསུམ་ཕན་ཆད་ལ་འཇུག་པས། དེ་ཡིན་ཚད་མཚན་གཞིར་བཟུང་བ་མ་ཡིན་པས་རྣམ་པ་གཅིག་ཏུ་མ་ཁྱབ་ཀྱང་རེ་ཞིག་འདོད་ལན་བྱས་ཚེ། ཞེས་འགྲེལ་དགོས་པར་སེམས། ཡང་དཀའ་འགྲེལ་དེ་ཉིད་ལས། གོང་དུ་དེ་མ་ཐག་པ་དེ་ལྟར་འཐད་པའི་ ཤེས་བྱེད་དུ། ཡིག་ཆར། གཉིས་སྟོང་གིས་ཁྱད་པར་དུ་བྱས་པའི་གཟུགས་ཀྱི་སྐྱེ་མཆེད་སོགས་ནི། གཉིས་སྟོང་སྒྱུ་མ་ལྟ་བུར་རྟོགས་པའི་བློ་ངོར་ཡིན་ཅིང་། གཉིས་སྟོང་དང་དེ་གཉིས་སྒྱུ་མ་ལྟ་བུ་ཚོགས་པའི་རྣམ་པ་འཆར་བ་ཆོས་གཞན་ལ་ལྟོས་དགོས་ཀྱང་། གཉིས་སྟོང་གིས་ཁྱད་པར་དུ་བྱ་རྒྱུའི་གཟུགས་ཀྱི་སྐྱེ་མཆེད་སོགས་ནི། སྟོང་ཉིད་མ་རྟོགས་པའི་བློ་གཞན་གྱི་ངོར་གཞན་ལ་མི་ལྟོས་པའི་ཕྱིར་དང་། སྒྱུ་མ་ལྟ་བུར་རྟོགས་པའི་བློ་ངོར་དེའི་ འཆར་ཚུལ་གཞན་ལ་ལྟོས་ཀྱང་དེའི་འཆར་ཚུལ་གཞན་ལ་ལྟོས་མི་དགོས་པའི་ཕྱིར། ཞེས་པ་འདི་དྲངས། ཁོ་བོའི་རྨོངས་བློར་ཤར་ཚོད་ནི། གོང་དུ་ཡང་དྲངས་པ་ལྟར། ཡིག་ཆར། ཁ་ཅིག་ན་རེ། ཤེས་པ་དང་གཟུགས་ཀྱི་སྐྱེ་མཆེད་སོགས་སྐྱེ་མཆེད་ལྔ་བོ་གང་རུང་ཡིན་ན་རྫས་ཡོད་ཡིན་པས་ཁྱབ་པར་ཐལ། དེ་རྣམས་རྫས་ཡོད་ཀྱི་མཚན་གཞི་ཡིན་པའི་ཕྱིར་ན། སྤྱིར་རྣམས་སྒྲ་མིང་ཚིག་ཡིན་པས་གསུམ་ཕན་ཆད་ལ་འཇུག་པས་དེ་ཡིན་ཚད་བཟུང་བ་མ་ཡིན་པས་རྣམ་པ་གཅིག་ཏུ་མ་ཁྱབ་ཀྱང་རེ་ཞིག་འདོད་ལན་བྱས་ཚེ། གཉིས་སྟོང་གིས་ཁྱད་པར་དུ་བྱས་པའི་གཟུགས་ཀྱི་སྐྱེ་མཆེད་ཆོས་ཅན། དེར་ཐལ། གཟུགས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར། རྟགས་སླ། ཁྱབ་པ་ཁས། འདོད་མི་ནུས་ཏེ། བཏགས་ཡོད་ཡིན་པའི་ཕྱིར་ཏེ། དགག་པ་ཡིན་པའི་ཕྱིར་ཟེར་ན། ཁོ་རང་ལ་གྲངས་ཅན་གྱི་ངོ་བོར་སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། སྒྲ་ཡིན་པའི་ཕྱིར། ཁྱབ་སྟེ་སོགས་ཀྱི་སྐབས། ཁས་ལེན་འཛིན་ཚུལ་གྱི་ལམ་སྟོན་མི་འདྲ་བ་གཉིས་བསྟན་པ་ཡིན་ཏེ། སྤྱིར་རྣམས་སྒྲ་མང་ཚིག་ཡིན་པས་ཚོགས་པ་དང་རྒྱུན་ལ་ལྡན་མིན་ཡང་ཡོད་ལ། གཉིས་སྟོང་གིས་ཁྱད་པར་དུ་བྱས་པའི་གཟུགས་ཀྱི་སྐྱེ་མཆེད་ལྟ་བུ་རྩོད་གཞིར་བཟུང་ཚེ་རྣམ་པ་གཅིག་ཏུ་མ་ཁྱབ་ཀྱི་ལན་འདེབས་རུང་ལ། གོང་དུ་གཟུགས་ཤེས་གང་རུང་མ་ཡིན་ པའི་དགག་པ་ཡིན་པའི་ཕྱིར་གསུངས་པའང་འདི་ལ་དགོངས་སོ། ། ཡང་ན་དེ་ལྟ་བུ་གཉིས་སྟོང་སྒྱུ་མ་ལྟ་བུར་རྟོགས་པའི་བློ་ངོར་གཞིར་བཞག་པ་ཡིན་ པས་སྦྱོར་ལུགས་སྐྱོན་ཅན་གྱི་ལན་འདེབས་རུང་བར་བསྟན་སྙམ།

              འདིར་ཁ་ཅིག་གིས་འདི་ལ་རྣམ་པ་གཅིག་ཏུ་མ་ཁྱབ་དང་སྦྱོར་ལུགས་སྐྱོན་ཅན་གྱི་ལན་གང་ཡང་འདེབས་མི་དགོས་ཏེ། གཉིས་སྟོང་གི་དེ་རྫས་ཡོད་ཀྱི་མཚན་ཉིད་ཀྱི་ཟུར་དང་བོ་མ་ཚང་ཡང་ཕྱི་མའི་དོན་ཚང་ལ། རྣམ་མཁྱེན་ལྟ་བུ་ཟུར་དང་བོའི་དོན་ཚང་ཡང་ཕྱི་མའི་དོན་མ་ཚང་། དེ་བཞིན་གཉིས་ཀ་ཡིན་ལ་གང་ཡང་མ་ཡིན་པའི་མུ་བཞི་ཟེར་ཞིང་། གཉིས་སྟོང་གི་དེ་ཆོས་ཅན། དོན་གཞན་ལ་མ་ལྟོས་པར་རང་ཉིད་བཟུང་དུ་ཡོད་པའི་ཚུགས་ཐུབ་མ་ཡིན་པར་ཐལ། མཐའ་དཔྱོད་ལས། གཉིས་སྟོང་གིས་ཁྱད་པར་དུ་བྱས་པའི་གཟུགས་ཀྱི་སྐྱེ་མཆེད་སོགས་ནི་གཉིས་སྟོང་སྒྱུ་མ་ལྟ་བུར་རྟོགས་པའི་བློ་ངོར་ཡིན་ཞིང་། གཉིས་སྟོང་དང་དེ་གཉིས་སྒྱུ་མ་ལྟ་བུ་ཚོགས་པའི་རྣམ་པ་འཆར་བ་ཆོས་གཞན་ལ་ལྟོས་དགོས་ཀྱང་། ཞེས་སོགས་གསུངས་པས་འགྲུབ་ལ། ཡུལ་ཅན་སྒྲ་ རྟོག་གང་ལ་མ་ལྟོས་པར་རང་ཉིད་མངོན་སུམ་དུ་རྟོགས་པར་བྱར་ཡོད་པའི་ཚུགས་ཐུབ་ཀྱི་དངོས་པོ་ཡིན་པར་ཐལ། གཉིས་སྟོང་གིས་ཁྱད་པར་དུ་བྱས་པའི་གཟུགས་ཀྱི་སྐྱེ་མཆེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱིས་ཡུལ་ཅན་སྒྲ་རྟོག་གང་ལ་མ་ལྟོས་པར་རང་ཉིད་མངོན་སུམ་དུ་རྟོགས་པའི་ཕྱིར། དེ་བཞིན་རྣམ་མཁྱེན་ཆོས་ཅན། དོན་གཞན་ལ་མ་ལྟོས་པར་རང་ཉིད་བཟུང་དུ་ཡོད་པའི་ཚུགས་ཐུབ་ཡིན་པར་ཐལ། རང་ཉམས་སུ་མྱོང་བའི་རང་རིག་གིས་དགག་བྱ་བཅད་པ་དང་དོན་སྤྱི་བརྒྱུད་པ་སོགས་ལ་མ་ལྟོས་པར་བཟུང་དུ་ཡོད་པའི་ཕྱིར་དང་། ཡང་དེ་ཆོས་ཅན། ཟུར་གཉིས་པའི་དོན་མ་ཚང་བར་ཐལ། ཡུལ་ཅན་སྒྲ་རྟོག་ལ་མ་བརྟེན་པར་རང་ཉིད་མངོན་སུམ་དུ་རྟོགས་པའི་སེམས་ཅན་རྒྱུད་ཀྱི་ཤེས་པ་མེད་པའི་ཕྱིར་སོགས་ཟེར། དེ་ཡང་ཤིན་ཏུ་མི་འཐད་པར་ཐལ། གཉིས་སྟོང་གིས་ཁྱད་པར་དུ་བྱས་པའི་གཟུགས་ཀྱི་སྐྱེ་མཆེད་ཆོས་ཅན། ཡུལ་ཅན་སྒྲ་རྟོག་ལ་མ་ལྟོས་པར་རང་ཉིད་མངོན་ སུམ་དུ་རྟོགས་པར་བྱར་ཡོད་པའི་ཚུགས་ཐུབ་མ་ཡིན་པར་ཐལ། གཉིས་སྟོང་གིས་ཁྱད་པར་དུ་བྱས་པའི་གཟུགས་ཀྱི་སྐྱེ་མཆེད་སོགས་ནི་གཉིས་སྟོང་སྒྱུ་མ་ལྟ་བུར་རྟོགས་པའི་བློ་ངོར་ཡིན་ཞིང་། སྒྱུ་མ་ལྟ་བུར་རྟོགས་པའི་བློ་ངོར་དེའི་འཆར་ཚུལ་གཞན་ལ་ལྟོས་པའི་ཕྱིར་དང་།

               ཡང་དེ་ཆོས་ཅན། ཡུལ་ཅན་སྒྲ་རྟོག་ལ་མ་ལྟོས་པར་རང་གི་ངོ་བོ་བཟུང་དུ་མེད་པར་ཐལ། དགག་པ་ཡིན་པའི་ཕྱིར། ཁྱབ་སྟེ། དགག་པ་རྣམས་ཀྱི་ངོ་བོ་ངེས་པ་ལ་རང་གི་དགག་བྱའི་སྤྱི་བཟུང་བ་ལ་ལྟོས་དགོས་པ་གང་ཞིག དགག་བྱའི་སྤྱི་རྣམས་ཡོད་པ་ཡིན་པའི་ཕྱིར་ན་ཅི་སྨྲ། གཞན་ཡང་། རྣམ་མཁྱེན་ཆོས་ཅན། དོན་གཞན་ལ་མ་ལྟོས་པར་རང་ཉིད་བཟུང་དུ་ཡོད་པའི་ཚུགས་ཐུབ་མ་ཡིན་པར་ཐལ། ཡུལ་རང་ཉིད་ལས་གཞན་ལ་ལྟོས་མི་དགོས་པར་རང་འཛིན་སློབ་པའི་མངོན་སུམ་གྱིས་བཟུང་དུ་ཡོད་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། མཐའ་དཔྱོད་ལས། དེས་ཡུལ་རང་ཉིད་ལས་གཞན་ལ་ལྟོས་མི་དགོས་པར་རང་འཛིན་སློབ་པའི་མངོན་སུམ་གྱིས་བཟུང་དུ་ཡོད་པ་དང་། ཡུལ་ཅན་སྒྲ་རྟོག་ལ་མ་བརྟེན་ཀྱང་རང་ཉིད་མངོན་སུམ་དུ་རྟོགས་པར་བྱར་ཡོད་པ་དེ་ཚུགས་ཐུབ་ཀྱི་རྫས་ཡོད་ཀྱི་དོན་ཡིན་ཏེ། ཞེས་གསུངས་པའི་ཕྱིར། འོན་ཀྱང་འདིར་ཞིབ་ཆ་ཅུང་ དགོས་སྙམ་ལ། དེ་བྱས་ཀྱང་ཁྱོད་ལ་མི་ཕན་ནོ། ། ཡང་དེ་ལ། ཡོངས་གྲུབ་ཆོས་ཅན། རྫས་ཡོད་ཡིན་པར་ཐལ། དོན་གཞན་ལ་མ་ལྟོས་པར་བཟུང་དུ་ཡོད་པའི་ཚུགས་ཐུབ་དང་། ཡུལ་ཅན་སྒྲ་རྟོག་གང་ལ་མ་ལྟོས་པར་རང་ཉིད་མངོན་སུམ་དུ་རྟོགས་པར་བྱར་ཡོད་པའི་ཚུགས་ཐུབ་ཡིན་པའི་ཕྱིར། ཞེ་ན། ཚུགས་ཐུབ་གང་རུང་གིས་བསྡུས་པའི་དངོས་པོ་མིན་ཞེས་དངོས་པོ་ཞེས་པའི་ཚིག་ཙམ་ལ་རེ་བ་བྱེད་པར་མངོན་མོད། དེ་ལ་སོ་སྐྱེ་དང་ཀུན་གཞིའི་སྟེང་གི་བག་ཆགས་རེ་རེ་ནས་ཆོས་ཅན། དེར་ཐལ། དེའི་ཕྱིར། ཞེ་ན་ཅི་སྨྲ། སོ་སྐྱེ་ནི་འཕགས་ཆོས་མ་རྙེད་པའི་གནས་སྐབས་ལ་སོ་སོ་སྐྱེ་བོ་ཞེས་བཏགས་པའི་བཏགས་ཡོད་དང་། ཀུན་གཞིའི་སྟེང་གི་བག་ཆགས་ནི། ཀུན་གཞི་རང་ཉིད་རྣམ་སྨིན་དེ་དང་དེ་འབྱིན་པའི་ནུས་ལྡན་དུ་གྱུར་བའི་གནས་སྐབས་ལ་བཏགས་པའི་བཏགས་ཡོད་དུ་བཞག་པ་རྟོག་གེ་བ་རྣམས་ལ་རླུང་ལྟར་གྲགས་པས་སྐབས་དོན་མི་སྟོར་བ་གལ་ཆེ། གལ་སྲིད་གོང་དུ། ཡོངས་གྲུབ་དོན་གཞན་ལ་མི་ལྟོས་པར་བཟུང་དུ་ཡོད་པས་ཚུགས་ཐུབ་ཡིན་ཞེ་ན། མཐའ་དཔྱོད་ལས། ཆོས་གཞན་ལ་མི་ལྟོས་པར་རང་གི་ངོ་བོ་བཟུང་དུ་མེད་པའི་ཆོས་ཡིན་པའི་ཕྱིར། གཟུགས་ཤེས་གང་རུང་མ་ཡིན་པའི་དགག་པ་ཡིན་པའི་ཕྱིར། རྟགས་སླ། ཁྱབ་སྟེ། དགག་པ་རྣམས་ཀྱི་ངོ་བོ་ངེས་པ་ལ་རང་གི་དགག་བྱའི་སྤྱི་བཟུང་བ་ལ་ལྟོས་དགོས་པ་གང་ཞིག དགག་བྱའི་སྤྱི་རྣམས་ཡོད་པ་ཡིན་པའི་ཕྱིར། དང་བོ་གྲུབ་སྟེ། སྤྱོད་འཇུག་ལས། བཏགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། ། ཞེས་དང་། འདི་ཉིད་ལས། འགྱུར་མེད་ཡོངས་གྲུབ་དགག་བྱ་བཅད་ཙམ་གྱི་བཅད་ལྡོག་ནས་མི་འཇོག་པར་བློའི་ཡུལ་དུ་འཆར་བ་དགག་བྱ་བཅད་པ་ལ་མི་ལྟོས་པར་སྒྲུབ་པ་རང་དབང་བ་ལ་འདོད་པ་ནི་འགལ་བའོ། །ཞེས་པ་འདི་དྲངས་པའི་ཕྱིར། རིགས་པའི་ལམ་ལས་འདས་པའི་ཨུ་ཚུགས་བྱེད་མི་རུང་ངོ་། ། འདི་དག་ཐམས་ཅད་རྫས་ཡོད་ཡིན་ན་མཐའ་དཔྱོད་ལས་གསུངས་པའི་མཚན་ ཉིད་ཀྱི་ཟུར་གཉིས་ཀ་ཚང་དགོས་ཤིང་ཟུར་དེ་གཉིས་དོན་མི་གཅིག་པར་ ཞེན་པས་ནོངས་སོ། །འདིའི་སྐོར་རེ་ཞིག་སྤྲོས་པས་ཆོག་གོ །
               ད་ནི་དྲི་བ་བཅུ་དྲུག་པའི་ཟུར་གཉིས་པ་འཆད་པའི་དབང་དུ་བཏང་ན། དྲི་བ་ལས། ཅི་འདྲ་ཞིག་ལ་ཚུགས་ཐུབ་ཟེར། ཞེས་བྱུང་། ཚུགས་ཐུབ་པ་ནི་རང་རྐྱ་བའི་དོན་ཡིན། བྱ་བ་དང་བྱེད་པ་དང་ནུས་པ་སོགས་ཀྱིས་ཤུགས་རྐྱེན་བཟོ་མི་ཐུབ་པའི་དོན་ཡིན་ལ། རྫས་སུ་ཡོད་པའམ་རྫས་ཡོད་ཀྱི་གོ་དོན་ཡང་ཧ་ལམ་དེ་དང་འདྲ་བ་ཡིན། དེས་མཚོན་ཚུགས་མི་ཐུབ་པའམ་བཏགས་ཡོད་ཀྱི་གོ་དོན་དེ་ལས་ལྡོག་གོ །འོན་ཀྱང་ཚུགས་ཐུབ་ཀྱི་གོ་དོན་སྐབས་དོན་སོ་སོར་སྦྱོར་བ་ལས། ཚུགས་ཐུབ་དང་རྫས་ཀྱི་སྒྲ་ཡོད་ཚད་འདི་བཞིན་ དགོས་པའི་ངེས་པ་མེད། འདིར་བཤད་པའི་ཚུགས་ཐུབ་དང་ཚུགས་མི་ཐུབ་ཅེས་པའི་ཐ་སྙད་བྱེད་པའི་བརྟེན་སའི་གཞི། བསྡུ་བ་ལས། གང་ཅིའང་རུང་སྟེ། དེ་ལས་གཞན་པ་དག་ལ་མི་ལྟོས་ཤིང་། དེ་ལས་གཞན་པ་དག་ལ་མི་བརྟེན་པར་རང་གི་མཚན་ཉིད་འདོགས་པར་བྱེད་པ་དེ་ནི་མདོར་ན་རྫས་སུ་ཡོད་པ་ཡིན་པར་རིགས་པར་བྱའོ། །དེ་ལས་གཞན་པ་དག་ལ་བརྟེན་ནས་རང་གི་མཚན་ཉིད་འདོགས་པར་བྱེད་པ་དེ་ནི་མདོར་ན་བཏགས་པའི་ཡོད་པ་ཡིན་པར་རིགས་པར་བྱ་ཡི་རྫས་སུ་ཡོད་པ་ནི་མ་ཡིན་ཏེ། ཞེས་པ་འདི་ཡིན། བསྡུ་བའི་དོན་ཀུན་བཏུས་སུ་འཆད་པ་ན། དབང་བོའི་སྤྱོད་ཡུལ་བརྗོད་པ་དང་། དེ་ལས་གཞན་པ་ལ་མི་ལྟོས་པར་དབང་བོའི་སྤྱོད་ཡུལ་དུ་གྱུར་བ་ནི་རྫས་སུ་ཡོད་པའོ། ། ཞེས་མཚན་ཉིད་ཀྱི་ཟུར་གཉིས་ཀ་ལ་དབང་བོའི་སྤྱོད་ ཡུལ་ཀྱི་སྒྲ་སྦྱར་ཞིང་། དེའི་དོན་མཐའ་དཔྱོད་དུ་མངོན་སུམ་དུ་རྟོགས་པར་བྱར་ཡོད་པའི་དོན་དུ་སྦྱར་བ་འདི་ལས་ཀྱང་མཚན་ཉིད་ཀྱི་ཟུར་གཉིས་དོན་གཅིག་པར་རྟོགས་སོ། །

              མཐའ་དཔྱོད་ལས། ཡང་ན་ཚུགས་ཐུབ་ཀྱི་དངོས་པོ་རྫས་ཡོད་ཀྱི་མཚན་ཉིད། ཅེས་མཚན་ཉིད་ཀྱི་ཟུར་དུ་དངོས་པོ་ཞེས་སྦྱར་བ་སྐབས་འདིའི་ཚུགས་ཐུབ་ཀྱི་དོན་དཔྱིས་ཕྱིན་པར་མི་ཤེས་པ་རྣམས་ཀྱིས་ནམ་མཁའ་དང་ཆོས་ཉིད་ལྟ་བུ་འདིར་བསྟན་གྱི་ཚུགས་ཐུབ་ཡིན་ནམ་སྙམ་པའི་ལོག་རྟོག་བཟློག་ཆེད་དོ། །སྐབས་འདིའི་ཚུགས་ཐུབ་ཀྱི་དོན་ལ། རང་ཉིད་གྲུབ་པ་སྒྲ་རྟོག་དང་ངོ་བོ་གཞན་ལ་མི་ལྟོས་པའི་རང་རྐྱ་འཛིན་ཐུབ་པ་ དེ་བཞག་ཀྱང་རུང་ལ། རྫས་ཡོད་བཞི་ལས། རིགས་པས་གྲུབ་པའི་རྫས་ སམ་རིགས་པས་གྲུབ་པའི་ཆར་ཚུགས་སུ་ཐུབ་པ་དེ་རིགས་པས་གྲུབ་པའི་རྫས་ཡོད། རྟག་པའམ་བརྟན་པ་མི་འགྱུར་བའི་ཆར་ཚུགས་སུ་ཐུབ་པ་དེ་ བརྟན་པ་མི་འགྱུར་བའི་རྫས་ཡོད། དོན་བྱེད་ནུས་པའི་རྫས་སུ་ཚུགས་སུ་ ཐུབ་པ་དོན་བྱེད་ནུས་པའི་རྫས་ཡོད་ཅེས་བརྗོད་རུང་ངམ་སྙམ་ལ། དེ་བཞིན་ཆོས་དེ་དང་དེའི་མཚོན་བྱ་ངེས་པ་ལ་མཚན་ཉིད་ངེས་པ་སྔོན་དུ་འགྲོ་དགོས་པས་མཚན་ཉིད་ལ་རྫས་ཡོད་དང་། མཚོན་བྱ་དེ་ལ་ལྟོས་པའི་བཏགས་ཡོད་ཀྱི་བརྡ་སྦྱོར་རོ། །

                དེ་ལྟར་སྐབས་དོན་གྱི་དབང་གིས་བརྡ་འདྲ་འགྲིག་ཐམས་ཅད་གཅིག་ཏུ་མི་སེམས་ལ། རྫས་ཡོད་ཀྱི་མཚན་ཉིད་ཀྱི་སྐབས། ཀུན་བཏུས་ལས། དབང་བོའི་སྤྱོད་ཡུལ་བརྗོད་པ་དང་། ཞེས་དང་། ཡིག་ཆར། དོན་གཞན་ལ་མི་ལྟོས་པར་རང་ཉིད་བཟུང་དུ་ཡོད་པའི་ཚུགས་ཐུབ་ཅེས་པའི་ དོན་གྱི་གནད་ཤེས་དགོས་པར་སྣང་དེ། གང་ཟག་རང་ལྡོག་ནི་དོན་གཞན་ཕུང་བོ་ལ་མ་ལྟོས་པར་བཟུང་དུ་མེད་པ་དང་། ཀུན་གཞིའི་སྟེང་གི་བག་ཆགས་ཀྱང་དོན་གཞན་ཀུན་གཞི་ལ་མ་ལྟོས་པར་བཟུང་དུ་མེད་དོ། །ཚུལ་དེ་བཞིན་ཡོངས་གྲུབ་ནི། དགག་བྱ་ཕྱི་དོན་བཅད་པའི་ཆ་ལ་བཏགས་པས། རང་གི་ངོ་བོ་ངེས་པ་དོན་གཞན་དགག་བྱའི་སྤྱི་བཟུང་བ་ལ་ལྟོས། ནམ་མཁའ་ལྟ་བུ་ནི། ཐོགས་རེག་བཀག་ཙམ་གྱི་ཆ་ལ་བཏགས་པས། དོན་གཞན་ཐོགས་རེག་བཀག་པ་ལ་ལྟོས། སོ་སོ་སྐྱེ་བོ་ནི། འཕགས་ཆོས་མ་རྙེད་པའི་གནས་སྐབས་ལ་བཏགས་པས། དོན་གཞན་འཕགས་ཆོས་མ་ཐོབ་པ་ལ་ལྟོས། དེ་ལྟར་ན། དགོངས་ཟབ་སྣང་བའི་སྒྲོན་མེ་ལས། འོན་ཀྱང་། སེམས་བཏགས་ཡོད་རྣམས་སྒྲ་དང་རྒྱུ་མཚན་གཞན་ལ་མ་ལྟོས་པར་བློའི་ཡུལ་དུ་བྱེད་མི་ནུས་པར་བཤད་པ་ནི། སེམས་བྱུང་བཏགས་ཡོད་རྣམས་ཀྱི་མཚན་ཉིད་ཇི་ལྟ་བུ་ཡིན་སྙམ་དུ་དཔྱོད་པའི་ཚེ་སེམས་བྱུང་གཞན་གྱི་ཆ་ལ་སྒྲ་རྟོག་ གིས་བཏགས་པའི་བཏགས་ཡོད་དུ་ཤེས་པའི་ཕྱིར་དེ་ལྟར་གསུངས་པ། དཔེར་ན། གཏི་མུག་མེད་པ་ཤེས་རབ་ཀྱི་ཆ་ལ་བཏགས་པ་སོགས་དང་། གང་ཟག་ཕུང་བོ་ལ་བཏགས་པའི་བཏགས་ཡོད་དུ་བཤད་པ་བཞིན་ནོ། ། ཞེས་གསུངས་པ་ནི་རང་རིག་མི་འདོད་པ་ལྟར་གྱི་བཏགས་ཡོད་འཇོག་ཚུལ་ལེགས་པ་ཞིག་ཏུ་མཐོང་ངོ་། །

                མ་ནང་སྐུ་ཤོགས་ཀྱི་དྲང་ངེས་སུ་རང་རིག་ འདོད་པ་ལྟར་ན་ཞེས་པ་ཡིག་ནོར་དུ་སེམས་སོ། ། འོ་ན། གཉིས་སྟོང་གིས་ཁྱད་པར་དུ་བྱས་པའི་གཟུགས་ཀྱི་སྐྱེ་མཆེད་སོགས་ཇི་ལྟར་ཡིན་ཞེ་ན། དེ་ནི་ཡིག་ཆར་གསུངས་པ་ལྟར་གཉིས་སྟོང་སྒྱུ་མ་ལྟ་བུར་རྟོགས་པའི་བློ་ངོར་ཡིན་ཞིང་། གཉིས་སྟོང་དང་དེ་གཉིས་སྒྱུ་མ་ལྟ་བུ་ཚོགས་པའི་རྣམ་པ་འཆར་ཚུལ་དོན་གཞན་ནམ་ཆོས་གཞན་དགག་བྱའི་སྤྱི་འཆར་བ་ལ་ལྟོས་དགོས། འོན་ཀྱང་། གཉིས་སྟོང་གིས་ཁྱད་པར་དུ་བྱ་རྒྱུའི་གཟུགས་ཀྱི་སྐྱེ་མཆེད་སོགས་ནི། དོན་གཞན་ལ་མ་ལྟོས་པར་རང་ཉིད་བཟུང་དུ་ཡོད་པའི་ཚུགས་ཐུབ་དང་། ཡུལ་ཅན་སྒྲ་རྟོག་གང་ལ་མ་ལྟོས་པར་རང་ཉིད་མངོན་སུམ་དུ་རྟོགས་པར་ བྱར་ཡོད་པའི་ཚུགས་ཐུབ་གཉིས་ཀ་ཡིན་པ་ལ་གནོད་བྱེད་ཅི་ཡང་མེད་སྙམ། གལ་ཏེ། གཉིས་སྟོང་གིས་ཁྱད་པར་དུ་བྱ་རྒྱུའི་གཟུགས་ཀྱི་སྐྱེ་མཆེད་ཆོས་ ཅན། དོན་གཞན་ལ་མ་ལྟོས་པར་རང་ཉིད་བཟུང་དུ་ཡོད་པའི་ཚུགས་ཐུབ་མ་ཡིན་པར་ཐལ། གཉིས་སྟོང་སྒྱུ་མ་ལྟ་བུར་རྟོགས་པའི་བློ་ངོར་དེའི་འཆར་ཚུལ་གཞན་ལ་ལྟོས་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་འཆར་ཚུལ་གཞན་ལ་མི་ལྟོས་པའི་ཕྱིར། སྤྲོས་པས་ཆོག་གོ །
              དྲི་བ་བཅུ་དྲུག་པའི་ཟུར་གསུམ་པའི་ལན་གྱི་དབང་དུ་བྱས་ཏེ་འཆད་པ་ལ། གདགས་གཞི་ཕུང་སོགས་ལ་མ་ལྟོས་པའི་ང་ཁེགས་པ་ལ་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་ཁེགས་དགོས་སམ། ཞེས་བྱུང་། ཁ་ཅིག་དང་རང་ལུགས་གཉིས་ཀར་གདགས་གཞི་ཕུང་སོགས་ལ་མ་ལྟོས་པའི་ང་ཁེགས་པ་ལ་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་ཁེགས་དགོས་མིན་ཙམ་ལ་མི་མཐུན་པ་མེད་པས་དོགས་པ་ཆུང་ཡང་། འོན་ཀྱང་དབུ་མ་དགོངས་པ་རབ་གསལ་ལས། གང་ཟག་རང་རྐྱ་ཐུབ་པའི་རྫས་སུ་མེད་པར་སྨྲ་བ་ནི། གང་ཟག་རང་གི་ལྡོག་པ་ནས་འདོད་པ་ཡིན་གྱི། གང་ཟག་གི་མཚན་གཞིའི་རྣམ་ཤེས་ལ་དེ་ལྟར་ འདོད་པ་མིན་ནོ། ། ཞེས་པའི་ལུང་དོན་བཀྲལ་ཚུལ་ཡིག་ཆ་གཞན་དང་རང་ལུགས་མི་མཐུན་པས་དེའི་དབང་དུ་བྱས་ན། འདི་ལ་གཉིས། མཁས་པའི་བཤད་པ་འགོད་པ་དང་། རང་ཉིད་ཀྱིས་མཐའ་ཅུང་ཟད་བཤད་པའོ། ། དང་བོ་ནི། གོང་གི་ལུང་ལ་བརྟེན་ནས་ཁ་ཅིག གང་ཟག་རང་རྐྱ་ཐུབ་པའི་རྫས་སུ་མེད་ཀྱང་དེའི་མཚན་གཞི་ཡིད་དང་ཀུན་གཞིའི་རྣམ་ཤེས་གཉིས་རང་རྐྱ་ཐུབ་པའི་རྫས་སུ་མེད་པར་སྐབས་འདིར་མི་སྨྲ་བའི་ཕྱིར་གསུངས།

            ཡིག་ཆར་ལུང་དེའི་དོན་ནི་དེ་ལྟར་མ་ཡིན་པར་རང་རྐྱ་འཛིན་ཐུབ་པའི་རྫས་སུ་ མེད་པར་སྨྲ་བ་ནི་གང་ཟག་རང་ལྡོག་ནས་ཡིན་ལ། གཞི་ལྡོག་རྣམ་ཤེས་གཉིས་རང་རྐྱ་འཛིན་ཐུབ་པའི་རྫས་སུ་མེད་པར་འདོད་པ་མ་ཡིན་ཞེས་པའི་དོན་དུ་གསུངས་ཤིང་། རང་གི་ངོ་བོ་ངེས་པ་ལ་ཡུལ་དང་ཡུལ་ཅན་གཞན་གཅིག་ ངེས་པ་སྔོན་དུ་འགྲོ་མི་དགོས་པར་བཟུང་དུ་ཡོད་པ་དེ་སྐབས་འདིའི་རང་རྐྱ་འཛིན་ཐུབ་ཚུལ་དང་རྫས་སུ་ཡོད་ཚུལ་གྱི་དོན་དང་། བཏགས་ཆོས་སམ་ཆ་ཅན་གྱི་ཆོས་གང་ཡིན་པ་དེ་དང་དེ་རང་གི་གདགས་གཞིའམ་ཆ་ཤས་དེ་ལ་ ཕར་མ་ལྟོས་པར་དཔོན་པོའམ་རྗེ་བོ་ལྟ་བུའི་རང་རྐྱ་ཐུབ་པ་དང་། གདགས་གཞི་དང་། ཆ་ཤས་དེ་དང་དེ་ལ་ལྟོས་པ་དང་། དབང་བསྒྱུར་བྱ་ལྟ་བུར་ གྲུབ་པ་དེ། གང་ཟག་བདག་མེད་སྐབས་ཀྱི་དགག་བྱའི་རང་རྐྱ་ཐུབ་ཚུལ་དུ་གསུངས། པྲ་སྟིའི་དྲང་ངེས་རྒྱས་པ་མཆན་དུ་དྲངས་པ་ལས། འདི་བས་ རྫས་ཡོད་ཀྱང་གང་ཟག་གི་སྟེང་དུ་བཞག་ན་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་ བདག་གི་གྲུབ་ཚུལ་ལས་མ་འདས་པས་མི་འཇོག་ཅིང་། ཤེས་པ་དང་གཟུགས་ཀྱི་སྟེང་དུ་འཇོག་ཚུལ་ཡང་སྔར་ལྟར་རོ། །ཞེས་བཤད་དོ་ཞེས་གསུངས། ལྕང་སྐྱ་རིན་པོ་ཆེའི་གྲུབ་མཐར། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་ཚུལ་ནི། ང་ཞེས་འཛིན་པའི་གཞིའི་བདག་འདི་ཕུང་སོགས་ལ་མ་བརྟེན་པའི་ཚུལ་གྱིས་དེ་དག་ལ་དབང་སྒྱུར་བྱེད་ལྟ་བུའི་རང་རྐྱ་བར་འཛིན་པ་ཡིན་པས། སྤྱིར་ཕུང་སོགས་ལ་མ་བརྟེན་པའི་གང་ཟག་འཛིན་མི་ནུས་ཀྱང་བདག་འཛིན་གྱིས་རྒྱུད་བསླད་པ་རྣམས་ཀྱིས་དེ་ལྟར་མི་ཤེས་པར་བདག་བཟུང་བ་ལ་བརྟེན་ནས་ཕུང་བོ་འཛིན་དགོས་པ་ལྟ་བུ་ཞིག་འཆར་རོ། ། བདག་རྫས་ཡོད་དུ་འཛིན་ཚུལ་ནི། རང་ལས་གཞན་པ་དག་ལ་མི་ལྟོས་ཤིང་དེ་ལ་མི་བརྟེན་པར་རང་གི་མཚན་ཉིད་འདོགས་པར་བྱེད་པའི་རྫས་ཡོད་དུ་འཛིན་པ་ཡིན་པས་འཛིན་ ཚུལ་དེ་གཉིས་དོན་གཅིག་གོ ། དེ་ལྟ་བུའི་གང་ཟག་རང་རྐྱ་བ་འགོག་པའི་ རིགས་པས་དགག་བྱ་བཀག་ཤུལ་དུ་ཕུང་བོ་ལ་ལྟོས་ཤིང་བརྟེན་ནས་བཏགས་པའི་གང་ཟག་བཏགས་ཡོད་དུ་འགྲུབ་དགོས་ཏེ། རིགས་པ་དེས་དེ་ཕུང་བོ་ལས་དོན་གཞན་དང་རང་རྐྱ་བའི་རྫས་སུ་གྲུབ་པ་བཀག་ཟིན་པའི་ཕྱིར། དེས་ན་ཕུང་བོ་སོགས་ལ་རྫས་ཡོད་ཀྱི་བདག་བཀག་པས་དེ་དེའི་ལོངས་སྤྱད་བྱ་ཡིན་པས་སྟོང་ལ། དེ་ལྟ་ན་ཕུང་སོགས་གདགས་གཞིར་བྱས་ནས་རྫས་ཡོད་ཀྱི་བདག་ཡོད་པ་དང་། དེ་དག་དེས་བདག་གི་བར་འཛིན་པ་ཁེགས་ པས་ཕུང་སོགས་ཆོས་ཙམ་དུ་ལུས་པར་འགྱུར་རོ། །

               དེ་ཡང་སྤྱིར་གཟུགས་ ཤེས་སོགས་རང་རྐྱ་ཐུབ་པའི་ཆོས་མང་དུ་ཡོད་ཀྱང་གང་ཟག་ནི་རང་རྐྱ་ཐུབ་པའི་ཆོས་སུ་མ་གྲུབ་པས། མ་དག་པའི་སྣོད་བཅུད་ཀྱི་རྒྱུ་ལས་ཉོན་འདུ་བྱེད་པ་བོའི་བདག་དང་། དག་པའི་སྣོད་བཅུད་ཀྱི་རྒྱུ་ཐུགས་རྗེ་དང་སྨོན་ལམ་ རྫོགས་པའི་སངས་འཕགས་དང་། འགོག་པ་དང་དེ་བཞིན་ཉིད་སོགས་ཐོབ་ཤེས་བྱེད་པ་བོ་ལ་སོགས་པའི་གང་ཟག་རྣམས་རང་རྐྱ་ཐུབ་པའི་རྫས་སུ་མེད་པས་དེ་དག་དེས་སྟོང་ཞིང་ཆོས་ཙམ་ལུས་སོ། ། དེས་ན་སྤྱིར་གང་ཟག་ནི་ རང་རྐྱ་ཐུབ་པ་མིན་པས་རང་རྐྱ་བའི་རྫས་སམ་རྫས་ཡོད་ཀྱིས་སྟོང་བས་ན་ཆོས་ཀུན་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དམ་གང་ཟག་རྫས་ཡོད་དུ་གྲུབ་པའི་སྟོང་བ་ཡིན་ནོ། ། དེ་གང་ཟག་རང་རྐྱ་ཐུབ་པའི་རྫས་སུ་གྲུབ་པར་འཛིན་པའི་ལོག་རྟོག་ཆེ་བའི་དབང་གིས་ཡིན་ལ། བུམ་པ་ལྟ་བུ་རང་ཤེས་ པ་བོའི་གང་ཟག་རང་རྐྱ་ཐུབ་པའི་སྟོང་བ་བུམ་པའི་གནས་ལུགས་སུ་བཞག་ཆོག་པས་གང་ཟག་གི་བདག་མེད་དང་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བའི་དོན་དེ་ལྟར་ཤེས་དགོས་པར་གསུངས་ནས། ཁ་ཅིག་རང་རྐྱ་འཛིན་ཐུབ་པའི་རྫས་ཡོད་དང་རང་རྐྱ་ཐུབ་པའི་རྫས་ཡོད་གཉིས་ཀྱི་ཞིབ་ཆ་འབྱེད་པ་ཡང་རྒྱ་གཞུང་ཚད་ཐུབ་རྣམས་དང་། རྗེ་ཡབ་སྲས་ཀྱི་གསུང་གང་ལས་ཀྱང་མི་འབྱུང་བས་འཐད་རྒྱུ་ཞིག་མི་འདུག་སྙམ་པ་ལེགས་ཤིང་། སྔར་བཤད་པ་ཉིད་ཆེན་པོ་རྣམས་ཀྱི་དགོངས་པ་དང་མཐུན་པར་སྣང་ངོ་། །ཞེས་གསུངས།

               གོང་དུ་དྲངས་པའི་པྲ་སྟིའི་འདོད་པ་དགག་པར། རྗེ་གུང་ཐང་བའི་མཆན་ལས། དེ་ལ་འོ་ན། སེམས་ཙམ་པ་འདི་བས་ཀྱང་གང་ཟག་གི་བདག་མེད་སྟོང་གཞིའི་སྒོ་ནས་འཇོག་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉན་ཐོས་རིགས་ངེས་དེས་སྡུག་བདེན་གྱི་ཁྱད་ཆོས་བཞི་མ་རྟོགས་པར་ཐལ། དེའི་སྟེང་གི་བདག་མེད་ཕྲ་མོ་ལ་ཆོས་ཀྱི་བདག་མེད་ཕྲ་མོ་དགོས་པའི་ཕྱིར། གཞན་ཡང་། སྒྲ་བ་ཤེས་རབ་རིན་ཆེན་གྱིས། རྫས་ཡོད་བདག་སྨྲ་གནས་མ་བུར་ངེས་དང་། །རྣམ་ཤེས་བདག་སྨྲས་དབུ་སེམས་ཡོད་པ་འགལ། ། ཞེས་རྗེ་བླ་མ་བཀག་པ་དེ་དོན་དུ་སོང་བར་ཐལ། གང་ཟག་སྤྱི་ལྡོག་བཏགས་ཡོད་ཡིན་ཀྱང་། གཞི་ལྡོག་ཀུན་གཞིའམ་དེ་མེད་པའི་ལུགས་ལའང་མཚན་གཞིའི་རྣམ་ཤེས་རྫས་ཡོད་དུ་འདོད་པར་རྣམ་བཤད་དགོངས་པ་རབ་གསལ་ལས་གསུངས་པ་གང་ཞིག ཉོན་ཡིད་འཁོར་གྱི་འཇིག་ལྟ་གང་ཟག་གི་བདག་འཛིན་ཡིན་པར་སེམས་ཙམ་པས་འདོད་དགོས་པའི་ཕྱིར་རོ། ། ཞེས་དང་། ལྕང་སྐྱ་རིན་པོ་ཆེའི་གྲུབ་མཐར། ཁ་ཅིག ནས། འཐད་རྒྱུ་མི་འདུག ཅེས་སོགས་མང་དུ་གསུངས་པ་ཡང་མཁས་པ་སྔ་མའི་ཁས་ལེན་གྱི་རྒྱུན་བསྐྱངས་པ་ཙམ་ལས་དགོངས་པ་དངོས་མིན་འགྲོ། ཞེས་དང་། ཚུལ་དེ་བཞིན་ཀུན་གཞིའི་མཐའ་དཔྱོད་དུ་ཡང་། ཀུན་མཁྱེན་བླ་མའི་དྲང་ངེས་རྣམ་འབྱེད་ཆེན་མོར། དེ་གཉིས་ཀྱི་ཁྱད་པར་ཕྱེ་བ་ལ། ལྕང་སྐྱ་རིན་པོ་ཆེའི་གྲུབ་མཐར། ནས། འཐད་རྒྱུ་མི་འདུག ཅེས་མང་དུ་གསུངས་པ་ཡང་མཁས་པ་སྔ་མ་ཁ་ཅིག་གི་བཤད་རྒྱུན་བསྐྱངས་པ་ཙམ་ལས་རྗེ་ཉིད་ཀྱི་རང་ལུགས་མིན་ཏེ།

               སྡུད་པ་དང་རྣམ་བཤད་གཉིས་ཀར་དགག་བྱ་བཅད་པ་སོགས་ལ་མ་ལྟོས་ པར་ངོ་བོ་བློ་ཡུལ་དུ་འཆར་དུ་ཡོད་པའི་རྫས་ཡོད་དང་། གདགས་གཞིའམ་ཆ་ཤས་སོ་སོ་ལ་མ་ལྟོས་པར་ཚུགས་ཐུབ་ཏུ་གྲུབ་པས་རང་རྐྱ་ཐུབ་པར་གསུངས་པ་ལས་ལྷག་པའི་ཚད་ཐུབ་ཀྱི་གཞུང་དང་ཁྱད་པར་འབྱེད་ཚུལ་མེད་པའི་ཕྱིར། ཞེས་གསུངས་སོ། ། དེ་ལ་ཡང་ཕ་རོལ་བོས། དེ་གཉིས་ལ་ཁྱད་པར་འབྱེད་པ་མི་འཐད་པར་ཐལ། སེམས་ཙམ་སོགས་ཀྱི་ལུགས་ལ་རྫས་ཡོད་ཡིན་ན་རང་རྐྱ་ཐུབ་པའི་རྫས་ཡོད་ཡིན་པས་ཁྱབ་པའི་ཕྱིར་ཏེ། འཇུག་པའི་རྣམ་བཤད་ལས། དེ་ཡང་ལུགས་དེ་དག་གིས་གང་ཟག་རྫས་ཡོད་དུ་མེད་ པར་རྟོགས་པར་འདོད་ཀྱང་རྣམ་ཤེས་གཉིས་པོ་རྫས་ཡོད་དུ་རྟོགས་པར་མི་འདོད་པས་གང་ཟག་རང་རྐྱ་ཐུབ་པའི་རྫས་སུ་མེད་པར་སྨྲ་བ་ནི་གང་ཟག་ རང་གི་ལྡོག་པ་ནས་འདོད་པ་ཡིན་གྱི། གང་ཟག་གི་མཚན་གཞིའི་རྣམ་ཤེས་ལ་དེ་ལྟར་འདོད་པ་མིན་ནོ། ། ཞེས་གསུངས་པ་དྲངས། དེ་ལ་དཔལ་ལྡན་ཆོས་རྗེའི་བདེན་གཉིས་ལས། ལུང་དེའི་དོན་རང་རྒྱུད་པ་མན་ཆད་ཀྱིས་ རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་མིང་མ་བཏགས་ཀྱང་ཐལ་འགྱུར་བས་གཞལ་ན་དེའི་དོན་ཚང་བས་དེ་དག་གིས་གཟུགས་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འདོད་དགོས་པའི་ཞིབ་ཆ་མཛད། རྗེ་གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི་ཀུན་གཞིའི་དཀའ་འགྲེལ་ལས། མཚན་གཞིའི་རྣམ་ཤེས་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འདོད་པའི་གྲུབ་མཐའ་གོང་མ་ཡོད་ན་རྗེ་བླ་མ་ལ་སྟག་ལོའི་དགག་པ་དེ་འཇུག་པར་ཐལ་བ་དང་། སེམས་ཙམ་པའི་ལུགས་ལའང་གང་ཟག་གི་བདག་མེད་སྟོང་གཞིའི་སྒོ་ནས་འཇོག་པར་ཐལ་བ་དང་། དེ་འདོད་ན། མདོས་གཟུགས་ནས་འཕགས་ལམ་ཡན་ལག་གི་བར་གྱི་ཆོས་རྣམས་ཀྱི་སྟེང་ དུ་འཁོར་ལོ་དང་བོའི་དགོངས་གཞིའི་གང་ཟག་གི་བདག་མེད་ཀྱི་དབང་དུ་བྱས་པའི་མཚན་ཉིད་གསུམ་བཞག་པ་མི་འཐད་པར་ཐལ་བ་དང་། གང་ ཟག་གི་བདག་མེད་ཕྲ་མོའི་དགག་བྱ་དེ་གཟུགས་ཤེས་གཉིས་ཀྱི་སྟེང་དུ་ཚད་མས་གྲུབ་ན་གཟུགས་ཤེས་གཉིས་གང་ཟག་གི་བདག་མེད་མ་ཡིན་པར་ཐལ་བ་སོགས་མི་འཚམས་པ་དུ་མ་འབྱུང་བའི་ཕྱིར། ཞེས་གསུངས་པ་ནི་གནད་ལ་ཁེལ་བས་རྨ་ཐོག་ཏུ་མེ་བཙའ་བཏབ་པ་དང་མཚུངས་སོ། །

                དེའི་ལན་གྱི་ཚུལ་དུ་ཕ་རོལ་བོས། སྟག་ལོས། རྫས་ཡོད་བདག་སྨྲ་གནས་མ་བུར་ངེས་དང་། ། རྣམ་ཤེས་བདག་སྨྲའི་དབུ་སེམས་ཡོད་པ་འགལ། ། ཞེས་རྗེ་བཀག་པ་གནད་དུ་སོང་བར་ཐལ། གང་ཟག་གི་གཞི་ལྡོག་མཚན་གཞིའི་རྣམ་ཤེས་རྫས་ཡོད་དུ་འདོད་པར་འཇུག་པའི་རྣམ་བཤད་ལས་གསུངས་པའི་ཕྱིར་ན་ མ་ཁྱབ་སྟེ། གང་ཟག་རང་ལྡོག་ནས་རྫས་ཡོད་དུ་སྨྲ་བའི་རང་སྡེ་ལ་གནས་མ་བུ་སོགས་ཀྱིས་ཁྱབ་པ་དང་། དེའི་གཞི་ལྡོག་ལ་རྫས་ཡོད་ཡོད་པར་འདོད་པའི་དབུ་སེམས་ཡོད་པ་མི་འགལ་བའི་ཕྱིར་ཏེ། འཇུག་པའི་རྣམ་བཤད་ལས། ཞེས་སྔར་གྱི་ལུང་དེ་དྲངས། སྟག་ལོས། རྫས་ཡོད་བདག་སྨྲ་གནས་མ་བུར་ངེས། ཞེས་པའི་དོན། རྩོད་ལན་སེང་གེ་ང་རོ་ལས། བརྗོད་མེད་ཀྱི་བདག་རྫས་ཡོད་དུ་ཁས་ལེན་མཁན་རང་སྡེ་ལ་གནས་མའི་བུར་ངེས་ཀྱང་། རྣམ་ ཤེས་རྫས་ཡོད་ཀྱི་བདག་ཏུ་འདོད་པའི་དབུ་སེམས་ཡོད་པ་འགལ་བ་མེད་པར་གསུངས་པ་དང་། དེ་ལ་ཡིག་ཆར། རྣམ་བཤད་ཀྱི་དེ་ལ་སྟག་ཚང་བ་ན་རེ། རྫས་ཡོད་ཀྱི་བདག་ཁས་ལེན་མཁན་གནས་མ་བུར་ངེས་པ་དང་། སྐབས་འདིར་རྫས་ཡོད་ཀྱི་བདག་ཁས་ལེན་པ་འགལ་ཟེར། དེ་ཁས་བླངས་སོ་གསུངས། གྲུབ་མཐའ་རྩ་བར། མང་བཀུར་སྡེ་ལྔས་བརྗོད་མེད་བདག་སྨྲ་ཡང་། ། གསུམ་ལྡན་བདག་མེད་ཀུན་མཚུངས་དེ་གཞན་མིན། ། ཞེས་དང་། དེའི་ཐད་ཀྱི་གྲུབ་མཐའ་ཆེན་མོར། ཡང་ལོ་ཙཱ་བ་ཤེར་རིན་ན་རེ། གནས་མ་བུས་གང་ཟག་དེ་ཕུང་བོ་དང་གཅིག་ཐ་དད་རྟག་མི་རྟག་སོགས་ གང་དུ་ཡང་བརྗོད་དུ་མེད་ཀྱང་། རང་རྐྱ་ཐུབ་པའི་རྫས་ཡོད་དུ་འདོད་དེ། འཇུག་པ་ལས། ཁ་ཅིག་དེ་ཉིད་གཞན་ཉིད་རྟག་མི་རྟག ། ལ་སོགས་བརྗོད་མེད་གང་ཟག་རྫས་ཡོད་འདོད། ། ཅེས་ཤེས་བྱེད་དུ་འདྲེན་པ་དག་ནི། རང་འགྲེལ་ལྟར་གྲུབ་མཐའ་གོང་མའི་རྫས་ཡོད་ཁས་བླངས་པར་སོང་ཡང་ དངོས་སུ་དང་ཁོ་རང་ལུགས་ཀྱི་རྫས་ཡོད་མི་འདོད་པའི་ཁྱད་པར་མ་ཤེས་པའི་འཆལ་གཏམ་ཡིན་ནོ། ། དེ་གཉིས་ཀ་མི་རིགས་ཏེ། དེས་ཀྱང་ཆོས་ཐམས་ཅད་བདག་མེད་པར་ཡང་འདོད་ལ། གང་ཟག་ཀྱང་རྫས་བཏགས་གང་དུའང་ཁས་མ་བླངས་པའི་ཕྱིར། དང་བོ་གྲུབ་སྟེ། དེས་གང་ཟག་ཕུང་བོ་ལས་ངོ་བོ་ཐ་དད་དུ་བརྗོད་ན་མུ་སྟེགས་པའི་བདག་ལྟར་འགྱུར་ལ། དེ་ནི་བཅོམ་ལྡན་འདས་ཀྱིས་བཀག་ནས་ཆོས་ཐམས་ཅད་བདག་མེད་པར་ གསུངས་པ་དང་འགལ་ལ། ཕུང་བོ་ཡིན་ནའང་བདག་དུ་མར་འགྱུར་བས་གནོད། དེས་ན་བདག་བརྗོད་དུ་མེད་པ་མཛེས་ཞེས་སྨྲ་བའི་ཕྱིར་ཏེ། ཚད་མའི་དེ་ཉིད་ལས། མུ་སྟེགས་པ་ལྟར་ཐལ་འགྱུར་ཕྱིར། ། གང་ཟག་ཕུང་བོ་ ལས་གཞན་མིན། ། དུ་མར་སོགས་འགྱུར་ཕྱིར་དེ་ཉིད། ། མ་ཡིན་དེ་ཕྱིར་ བརྗོད་མེད་ལེགས། ། ཞེས་དང་།

              དཀའ་འགྲེལ་ལས་ཀྱང་། ཅི་སྟེ་གང་ཟག་བརྗོད་དུ་མེད་ཉིད་ལ་རིགས་པ་གང་ཡིན་ཞེ་ན། མུ་སྟེགས་ཞེས་བྱ་བ་ལ་ སོགས་པ་སྨྲས་ཏེ། གལ་ཏེ་གང་ཟག་ཕུང་བོ་ལས་ཐ་དད་ཡིན་ན། དེ་མུ་ སྟེགས་བྱེད་ཀྱིས་ཀུན་ཏུ་བཏགས་པའི་བདག་ཏུ་ལྟ་བུར་འགྱུར་རོ། ། ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་ཀྱང་རྟག་པའི་མཐའ་བཀག་པ་དང་། ཆོས་ཐམས་ཅད་བདག་མེད་པའོ་ཞེས་གསུངས་པ་དང་འགལ་ལོ། ། ཞེས་དང་། གང་ཟག་དུ་མ་ཉིད་དུ་འགྱུར་ན་གཅིག་ཏུའང་འདོད་དེ། ཇི་སྐད་དུ་འཇིག་རྟེན་སྐྱེ་བ་ན་གང་ཟག་གཅིག་སྐྱེ་སྟེ། འདི་ལྟ་སྟེ། དཔེར་ན་དེ་བཞིན་གཤེགས་པ་བཞིན་ནོ། ། ཞེས་སོ། ། འདིས་ནི་སྡེ་བ་འདི་བས་གང་ཟག་གི་བདག་མེད་མི་འདོད་ཟེར་བའི་ལུགས་ངན་སེལ་ལོ། །གཉིས་པ་གྲུབ་སྟེ། མཛོད་འགྲེལ་ལས། གང་གནས་མའི་བུ་རྣམས་གང་ཟག་ཡོད་པར་འདོད་པ་ཇི་ལྟ་བུར་ འདི་ནི་རེ་ཞིག་དཔྱད་པར་བྱ་བ་ཡིན་ཏེ། ཅི་དེ་དག་རྫས་སུ་འདོད་དམ་ འོན་ཏེ་བཏགས་པར་འདོད་ཅེས་པ་ནས། དེ་ནི་རྫས་སུ་ཡོད་པ་ཁོ་ནའང་ མིན་ལ། བཏགས་པར་ཡོད་པ་ཡང་མ་ཡིན་ནོ། ། ཞེས་སོ། །འོ་ན་ཅིའི་ཕྱིར་གང་ཟག་བརྗོད་དུ་མེད་པར་ཁས་བླངས་སྙམ་ན། རིགས་པ་སྔ་མ་དེ་ཡིན་ལ། ལུང་ནི་མདོ་ལས། དགེ་སློང་དག་ངས་ཁྱེད་ལ་ཁུར་བསྟན་པར་བྱའོ། ། ཁུར་ལེན་པ་དང་། ཁུར་འདོར་བ་དང་། ཁུར་འཁྱེར་བ་ཡང་བསྟན་པར་བྱ་སྟེ། དེ་ལ་ཁུར་ནི་ཉེ་བར་ལེན་པའི་ཕུང་བོ་ལྔ་རྣམས་སོ། ། ཁུར་ལེན་པ་ནི་སྲེད་པའོ། ། ཁུར་འདོར་བ་ནི་ཐར་བའོ། །ཁུར་འཁྱེར་བ་ནི་གང་ཟག་གོ །ཞེས་བཤད་པ་ལ་བརྟེན་ནས། དཀའ་འགྲེལ་ལས། འདི་ལྟར་ཞེས་སོགས་ལྟར་ལས་བྱེད་པ་བོ། འབྲས་བུ་ལོངས་སྤྱོད་པ་བོ། ཕུང་བོ་ལྔ་དོར་ནས་ཕྱི་མ་ལེན་པའི་འཁོར་བ་བོ་དང་། གྲོལ་བ་བོའི་བདག་འདོད་ལ། ཡང་བཅོམ་ལྡན་ འདས་ཀྱིས་ཁུར་འཁྱེར་བ་ནི་གང་ཟག་སྟེ། རྟག་པའམ་མི་རྟག་པ་ཞེས་ནི་མི་བརྗོད་དོ། ། ཞེས་བརྗོད་དུ་མེད་པར་འདོད་དོ། ། འཇུག་པའི་ལུང་དོན་ ཐལ་འགྱུར་བ་ལྟར་ན། རྫས་ཡོད་ཁས་བླངས་པར་སོང་བའི་དོན་ནོ། །

                དེས་ན་མང་བཀུར་སྡེ་ལྔས་ལས་འབྲས་ཀྱི་རྟེན་ཀྱི་གང་ཟག་གམ་བདག་ནི་བརྗོད་དུ་མེད་པ་ཁས་ལེན་ཅིང་སྨྲ་བ་ཡང་མུ་སྟེགས་པའི་འདོད་པའི་རྟག་པ་དང་། ཕུང་བོ་ངོ་བོ་ཐ་དད་པ་དང་། ཆ་ཤས་མེད་པའི་གཅིག་བུ་སྟེ་ཁྱད་པར་གསུམ་ལྡན་གྱི་ཁྱད་པར་དང་ཚོགས་པ་གང་དང་ཡང་ལྡན་པའི་བདག་མེད་པར་ འདོད་ཅིང་། ཐུབ་པའི་ལུགས་གཅེས་པར་འཛིན་པའི་བྱེ་མདོ་ཀུན་དང་ མཚུངས་པས་གཞན་སྡེ་ནམ་ཡང་མིན་ལ། ཡང་བྱེ་སྨྲ་ལྟར་མཁའ་སོགས་ དངོས་པོར་འདོད་པས་བྱེ་སྨྲ་ལས་གཞན་མིན་པའི་ཕྱིར་ཏེ། ཇི་སྐད་དུ། གནས་མ་བུ་ལ་སོགས་པ་དག་གིས་ནི་སྐད་ཅིག་མ་དང་སྐད་ཅིག་མ་མིན་པ་ ཉིད་ཀྱི་དངོས་པོ་རྣམས་ཕུང་བོ་གཉིས་སུ་འདོད་དེ། འདི་ལྟར་དེའི་འདོད་པའི་བློ་དང་སྒྲ་དང་མེ་ལྕེ་ལ་སོགས་པ་སྐད་ཅིག་མ་ཡིན་ལ། ས་དང་ནམ་ མཁའ་ལ་སོགས་པ་དག་ནི་སྐད་ཅིག་མ་མ་ཡིན་པ་དག་ནི་ཡིན་ནོ། ། ཞེས་སོ།། ཞེས་དང་། མཛོད་འགྲེལ་ལས་ཀྱང་། གལ་ཏེ་འདི་ཕུང་བོ་རྣམས་ལས་གཞན་དུ་བརྗོད་པར་བྱ་བ་མིན་ན། ཤེས་བྱའི་རྣམ་པ་ལྔ་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་དང་། འདུས་མ་བྱས་དང་། བརྗོད་པར་བྱ་བ་མིན་པའོ།། ཞེས་ཤེས་བྱ་ལྔར་འདོད་པ་ལ་འགལ་བ་བརྗོད་པས་སོ། ། དེས་ནི་འདི་བས་བདག་མེད་འདོད་ལ། ལས་འབྲས་ཀྱི་རྟེན་གང་ཟག་གམ་བདག་རྫས་སུ་མེད་པ་དང་རྫས་སུ་ཡོད་པ་སོགས་སུ་མི་འདོད་པས་གང་ཟག་སྨྲ་བ་སོགས་ལས། བདག་སྨྲ་བ་ལེགས་ལྡན་སོགས་ཀྱིས་ཀྱང་མ་བཤད་པའི་ཕྱིར་ཏེ། རྟོག་གེ་འབར་བ་ལས། སྔར་བསྟན་པའི་དགེ་འདུན་ཕལ་ཆེན་པ་སོགས་བརྒྱད་དང་། ཕྱིས་བསྟན་པའི་གནས་བརྟན་པ་དང་། ཐམས་ཅད་ཡོད་སྨྲ་དང་། མང་ སྟོན་པ་དང་། ཆོས་མཆོག་པ་དང་། འོད་སྲུང་བ་སོགས་ནི་ཆོས་ཐམས་ཅད་བདག་མེད་པར་སྨྲ་བ་ཡིན་ལ། ལྷག་མ་གནས་མ་བུ་ལ་སོགས་པ་སྡེ་བ་ལྔ་ནི། གང་ཟག་ཏུ་སྨྲ་བ་ཡིན་ཏེ། གང་ཟག་ནི་ཕུང་བོ་ལས་དེ་ཉིད་གཞན་དུ་བརྗོད་དུ་མེད་པ་རྣམ་ཤེས་དྲུག་གིས་ཤེས་པར་བྱ་བ་འཁོར་བར་གྱུར་བ་ཡོངས་སུ་ གསལ་བར་བྱ་བ་ཡིན་ནོ། ། ཞེས་ཟེར་ཞེས་དང་།

                འགྲེལ་བཤད་ཀྱང་དེ་ལྟར་བྱས་ལ། པཎ་ཆེན་ལྷན་སྐྱེས་རྡོ་རྗེས་ཀྱང་། ཁ་ཅིག་གང་ཟག་ཅེས་སྨྲ་བ། ། རྟག་མིན་མི་རྟག་མ་ཡིན་ཟེར། ། ཞེས་སོ། །ཞེས་རྒྱ་ཆེར་གསུངས་པ་ནི། ཇི་ལྟར་སེང་ཆེན་རྐང་བ་བརྒྱད་པའི་སྒྲ་དབྱངས་གཅིག་གིས་རི་སྐྱེས་སྲོག་ཆགས་ཐམས་ཅད་ཟིལ་གྱིས་མནན་པའི་དཔེ་དང་མཚུངས་སོ། ། ཡང་ཁོ་ན་རེ། རང་རྐྱ་འཛིན་ཐུབ་པའི་རྫས་ཡོད་དང་། རང་རྐྱ་ཐུབ་པའི་རྫས་ཡོད་གཉིས་ལ་ ཁྱད་པར་མེད་པར་ཐལ། དེ་དག་གི་ལྡོག་ཕྱོགས་གཉིས་ལ་ཁྱད་པར་མེད་པ་གང་། བསྡུ་བར་ཕུང་བོ་ལ་བརྟེན་པའི་བདག་གམ་སེམས་ཅན་དུ་བཏགས་པ་སྐབས་འདིའི་བཏགས་ཡོད་ཀྱི་དཔེར་གསུངས། རྗེས་གང་ཟག་གི་བདག་འགོག་སྐབས་རང་རྐྱ་ཐུབ་པའི་རྫས་ཡོད་དེས་འཛིན་ལུགས་བསྡུ་བ་ཇི་བཞིན་གསུངས། བྱེ་སྨྲས་ཀྱང་རགས་པ་རྣམས་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བར་འདོད་ཀྱང་རྡུལ་ཆ་མེད་དང་ཤེས་པ་ཆ་མེད་ལྟ་བུ་རང་རྐྱ་བའི་རྫས་སུ་ འདོད་པའི་ཕྱིར། ཕྱི་མ་དེར་ཐལ། བྱེ་སྨྲས་རང་རྐྱ་ཐུབ་པའི་རྫས་སུ་མེད་པར་སྒྲུབ་ན་གཅིག་དུ་བྲལ་གྱི་རིགས་པ་ལྟ་བུས་སྒྲུབ་དགོས་པ་ལ་རིགས་པ་ དེས་དེ་སྒྲུབ་ཚུལ་མེད་པའི་ཕྱིར་ཏེ། དེས། རྡུལ་ཆ་མེད་ཆོས་ཅན། རང་རྐྱ་ཐུབ་པའི་རྫས་སུ་མེད་དེ། བདེན་གྲུབ་ཀྱི་གཅིག་དང་དུ་མ་གང་རུང་དང་ བྲལ་བའི་ཕྱིར་ཟེར་བ་དང་། རང་གི་ཆ་ཤས་དང་དེ་ལྟར་བྲལ་བའི་ཕྱིར་ཟེར་བ་དང་། རྡུལ་ཆ་མེད་གཞན་དང་དེ་ལྟར་བྲལ་བའི་ཕྱིར་ཟེར་བ་དང་། རང་གི་བཏགས་ཆོས་སུ་གྱུར་བའི་རགས་པ་དང་དེ་ལྟར་བྲལ་བའི་ཕྱིར་ཟེར་བ་ཡང་མ་ཡིན་པའི་ཕྱིར། དང་བོ་གྲུབ་སྟེ། དེས་རྡུལ་ཆ་མེད་བདེན་གྲུབ་ཀྱི་གཅིག་ཏུ་འདོད་པའི་ཕྱིར། གཉིས་པ་གྲུབ་སྟེ། དེའི་ལུགས་ལ་རང་ཆ་ཤས་དང་གཅིག་དང་དུ་མ་གང་རུང་དང་བྲལ་བའི་ཆོས་དེ་རྫས་ཡོད་ལས་བཏགས་ཡོད་ཀྱི་སྒྲུབ་བྱེད་མ་ཡིན་པའི་ཕྱིར། གསུམ་པ་གྲུབ་སྟེ། དེ་རྡུལ་ཆ་མེད་གཞན་དང་ངོ་བོ་ཐ་དད་དུ་དེས་འདོད་པའི་ཕྱིར། བཞི་བ་གྲུབ་སྟེ། དེ་བཏགས་ཆོས་སུ་གྱུར་བའི་རགས་པ་དང་དེ་ཉིད་དང་གཞན་དུ་བརྗོད་དུ་ མེད་པ་མ་ཡིན་པའི་ཕྱིར་ཏེ། དེ་ལོགས་སུ་བཟུང་དུ་ཡོད་པའི་ཕྱིར། དེར་ ཐལ། བཏགས་ཆོས་རགས་པ་བཅོམ་གཞིག་གི་ཚེ་རྡུལ་ཆ་མེད་ལྷག་མར་ ལུས་པ་ཡོད་པའི་ཕྱིར། ཞེས་བྱུང་། རང་རེའི་ཀུན་གཞིའི་མཐའ་དཔྱོད་ལས། སེམས་ཙམ་གྱི་ལུགས་ལའང་གང་ཟག་གི་བདག་མེད་སྟོང་གཞིའི་སྒོ་ནས་ འཇོག་པར་ཐལ་བ་དང་། ཞེས་སོགས་གསུངས་པར།

                ཁོ་ན་རེ། ཀ་བུམ་སོགས་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བ་ལ་གང་ཟག་གི་བདག་མེད་ཀྱི་ཐ་སྙད་བྱེད་པའི་རྒྱུ་མཚན་ནི། མེད་པར་མཚུངས་པ་ལ་ཆོས་ཐམས་ཅད་ གང་ཟག་གི་བདག་མེད་དུ་གསུངས་པ་ལས། རི་བོང་རྭ་བདག་མེད་དུ་མ་ གསུངས་པ་ལོག་རྟོག་ཟློག་པའི་དགོས་པ་ཡོད་མེད་ཀྱིས་ཡིན་དགོས་ལ། ཞེས་དང་། ཆོས་ཐམས་ཅད་བདག་མེད་ཡིན་པའི་དོན་ནི་བུམ་པ་ལྟ་བུ་ བུམ་པ་ཤེས་པ་བོའི་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བ་ལ་བྱེད་དགོས་ཏེ། ཞེས་སོགས་མང་དུ་གསུངས།
               གཉིས་པ་རང་ཉིད་ཀྱིས་མཐའ་ཅུང་ཟད་འཆད་པའི་དབང་དུ་བཏང་ན། པྲ་སྟིའི་དྲང་ངེས་མཆན་དུ་དྲངས་པ་ལས། འདི་བས་རྫས་ཡོད་ཀྱང་གང་ ཟག་གི་སྟེང་དུ་བཞག་ན་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་གི་གྲུབ་ཚུལ་ ལས་མ་འདས་པས་མི་འཇོག་ཅིང་། ཤེས་པ་དང་གཟུགས་ཀྱི་སྟེང་དུ་འཇོག་ཚུལ་ཡང་སྔར་ལྟར་རོ། ། ཞེས་གསུངས་ཤིང་དེའི་རྒྱབ་གནོན་གྱི་ཚུལ་དུ། ལྕང་སྐྱ་རིན་པོ་ཆེའི་གྲུབ་མཐར། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་ འཛིན་ཚུལ་ནི། ང་ཞེས་འཛིན་པའི་གཞིའི་བདག་འདི་ཕུང་སོགས་ལ་མ་ བརྟེན་པའི་ཚུལ་གྱིས་དེ་དག་ལ་དབང་སྒྱུར་བྱེད་ལྟ་བུའི་རང་རྐྱ་བར་འཛིན་པ་ཡིན་པས། ཞེས་པ་ནས། དེ་ལྟ་བུའི་གང་ཟག་རང་རྐྱ་བ་འགོག་པའི་ རིགས་པས་དགག་བྱ་བཀག་ཤུལ་དུ་ཕུང་བོ་ལ་ལྟོས་ཤིང་བརྟེན་ནས་བཏགས་པའི་གང་ཟག་བཏགས་ཡོད་དུ་འགྲུབ་དགོས་ཏེ། རིགས་པ་དེས་ཕུང་བོ་ལས་དོན་གཞན་དང་རང་རྐྱ་བའི་རྫས་སུ་གྲུབ་པ་བཀག་ཟིན་པའི་ཕྱིར། ཞེས་ སོགས་གསུངས།

                དེ་ལ་འོ་ན། ང་ཞེས་འཛིན་པའི་གཞིའི་བདག་འདི་ཕུང་སོགས་ལ་མ་བརྟེན་པའི་ཚུལ་གྱིས་དེ་དག་ལ་དབང་སྒྱུར་བྱེད་ལྟ་བུར་ཡོད་ པའི་རང་རྐྱ་བའི་རྫས་ཡོད་ཆོས་ཅན། ཁྱོད་གང་ཟག་རང་ལྡོག་གི་སྟེང་དུ་ མེད་པར་སྨྲ་ནུས་ཀྱང་། གང་ཟག་གི་མཚན་གཞིའི་རྣམ་ཤེས་ཀྱི་སྟེང་དུ་མེད་པར་སྨྲ་མི་ནུས་པ་དེ་ཡིན་པར་ཐལ། དོན་གཞན་ལ་མ་ལྟོས་པར་རང་ཉིད་བཟུང་དུ་མེད་པར་སྨྲ་བ་ནི་གང་ཟག་རང་གི་ལྡོག་པ་ནས་འདོད་པ་ཡིན་གྱི། གང་ཟག་གི་མཚན་གཞིའི་རྣམ་ཤེས་ལ་དེ་ལྟར་འདོད་པ་མིན་ནོ། ། ཞེས་པ་ལྟར་ཁྱེད་ཅག་མི་འདོད་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། དབུ་མ་དགོངས་པ་རབ་གསལ་ལས། གང་ཟག་རང་རྐྱ་ཐུབ་པའི་རྫས་སུ་མེད་པར་སྨྲ་བ་ནི་གང་ཟག་གི་རང་གི་ལྡོག་པ་ནས་འདོད་པ་ཡིན་གྱི། གང་ཟག་གི་མཚན་གཞི་རྣམ་ཤེས་ལ་དེ་ལྟར་འདོད་པ་མིན་ནོ། ། ཞེས་གང་ཟག་རང་ལྡོག་གི་སྟེང་དུ་འཇོག་མི་ནུས་ཀྱང་མཚན་གཞིའི་རྣམ་ཤེས་སྟེང་དུ་འཇོག་ནུས་པའི་ཆོས་ཐུན་མོང་བ་ཞིག་དགོས་པར་གསུངས་པའི་ཕྱིར། འདོད་ན། ཕུང་སོགས་ལ་མ་བརྟེན་པའི་ཚུལ་གྱིས་དེ་དག་ལ་དབང་སྒྱུར་བྱེད་ལྟ་བུའི་ང་རང་རྐྱ་བ་ཆོས་ ཅན། ཁྱོད་གཏན་ནས་མེད་པ་མ་ཡིན་པར་ཐལ། མཚན་གཞིའི་རྣམ་ཤེས་སྟེང་དུ་གཞི་གྲུབ་པའི་ཕྱིར། གཞན་ཡང་། ཀུན་གཞིའི་བག་ཆགས་ཀུན་གཞི་ལ་མ་བརྟེན་པའི་ཚུལ་གྱིས་དེ་ལ་དབང་སྒྱུར་བྱེད་ལྟ་བུའི་རང་རྐྱ་བར་ འཛིན་པ་དེ། ཀུན་གཞིའི་བག་ཆགས་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་ཚུལ་ཡིན་པར་ཐལ། གང་ཟག་ལ་དེའི་ཕྱིར། ཁྱབ་སྟེ། དེ་ལྟ་བུའི་བག་ཆགས་ཀུན་གཞི་ལ་མ་བརྟེན་པའི་ཚུལ་གྱིས་དེ་ལ་དབང་སྒྱུར་བྱེད་ལྟ་བུའི་རང་རྐྱ་བ་འགོག་པའི་རིགས་པས་དགག་བྱ་བཀག་ཤུལ་དུ་ཀུན་གཞི་ལ་ལྟོས་ཤིང་བརྟེན་ནས་བཏགས་པའི་ཀུན་གཞིའི་བག་ཆགས་བཏགས་ཡོད་དུ་འགྲུབ་དགོས་ཏེ། རིགས་པ་དེས་ཀུན་གཞི་ལས་དོན་གཞན་དང་རང་རྐྱ་བའི་རྫས་སུ་གྲུབ་པ་ བཀག་ཟིན་པའི་ཕྱིར། ཁྱབ་པ་འགྲིག འདོད་ན། ཀུན་གཞིའི་རྣམ་ཤེས་ལྟ་བུ་རང་གི་ཆ་ཤས་ལ་མ་བརྟེན་པའི་ཚུལ་གྱིས་དེ་ལ་དབང་སྒྱུར་བྱེད་ལྟ་བུར་ གྲུབ་པ་དེ། ཀུན་གཞིའི་རྣམ་ཤེས་སྟེང་གི་གང་ཟག་གི་བདག་མེད་ཀྱི་དབང་དུ་བྱས་པའི་དགག་བྱ་ཡིན་པར་ཐལ། འདོད་ཚུལ་དེའི་ཕྱིར། ཡང་གྲུབ་ མཐའ་དེར། དེས་ན་སྤྱིར་གང་ཟག་ནི་རང་རྐྱ་ཐུབ་པ་མིན་པས་རང་རྐྱ་བའི་རྫས་སམ་རྫས་ཡོད་ཀྱིས་སྟོང་བས་ན་ཆོས་ཀུན་གང་ཟག་རང་རྐྱ་ཐུབ་པའི་ རྫས་ཡོད་དམ་གང་ཟག་རྫས་ཡོད་དུ་གྲུབ་པས་སྟོང་བ་ཡིན་ནོ་ཞེས་གསུངས་པ་ལ། འོ་ན། ཆོས་ཀུན་རྟག་པས་སྟོང་བར་ཐལ། སྤྱིར་གང་ཟག་ནི་རྟག་པ་མིན་པས་རྟག་པས་སྟོང་བའི་ཕྱིར། ཁྱབ་ཁས། འདོད་མི་ནུས་པ་རྟོགས་སླ།

                ཡང་དེ་ཉིད་ལས། བུམ་པ་ལྟ་བུ་རང་ཤེས་པ་པོའི་གང་ཟག་རང་རྐྱ་ཐུབ་པས་སྟོང་བ་བུམ་པའི་གནས་ལུགས་སུ་བཞག་ཆོག་པས། ཞེས་པ་ནས། འཐད་རྒྱུ་ཞིག་མི་འདུག་སྙམ་པ་ལེགས་ཤིང་། ཞེས་སོགས་གསུངས། དེས་ན་གང་ཟག་གི་བདག་མེད་ཀྱི་དབང་དུ་བྱས་པའི་བུམ་པའི་གནས་ལུགས་དང་། དེས་དབང་དུ་བྱས་པའི་བུམ་པ་ཤེས་པ་བོའི་གནས་ལུགས་གཉིས་ཡིན་ཁྱབ་མཉམ་ཡིན་པར་ཐལ། བུམ་པ་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་ སྟོང་ཚུལ་བུམ་པ་ཤེས་པ་པོའི་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་ཚུལ་ལས་མ་འདས་པའི་ཕྱིར། རྟགས་ཁས། འདོད་ན། ཐལ་འགྱུར་བའི་ལུགས་ལ། བུམ་པ་ཤེས་པ་བོ་དོན་དམ་པར་མ་གྲུབ་པ་ཆོས་ཀྱི་བདག་མེད་ ཡིན་པར་ཐལ། བུམ་པའི་གནས་ལུགས་མཐར་ཐུག་ཡིན་པའི་ཕྱིར། རྟགས་དོན་གྱིས་ཁས། སྔར་ཀུན་གཞིའི་མཐའ་དཔྱོད་དྲངས་པ་ལས། བསྡུ་བ་དང་རྣམ་བཤད་གཉིས་ཀར། དགག་བྱ་བཅད་པ་སོགས་ལ་མ་ལྟོས་པར་ངོ་བོ་བློ་ཡུལ་དུ་འཆར་དུ་ཡོད་པའི་རྫས་ཡོད་དང་། གདགས་གཞིའམ་ཆ་ཤས་སོ་སོ་ལ་མ་ལྟོས་པར་ཚུགས་ཐུབ་ཏུ་གྲུབ་པས་རང་རྐྱ་ཐུབ་པར་གསུངས་པ་ལས་ ལྷག་པའི་ཚད་ཐུབ་ཀྱི་གཞུང་དང་ཁྱད་པར་འབྱེད་ཚུལ་མེད་པའི་ཕྱིར། ཞེས་གསུངས་པ་ལྟར་བསྡུ་བར་དེ་ལྟར་གསུངས་པ་ཕ་རོལ་བོས་ཀྱང་ཁས་ལེན་ པས་སྤྲོས་མི་དགོས་ཀྱང་། རྣམ་བཤད་དགོངས་པ་རབ་གསལ་དུ་དེ་ལྟར་ གསུངས་པའི་ཚུལ་ནི། རྣམ་བཤད་དེ་ཉིད་ལས། གང་ཟག་རང་རྐྱ་ཐུབ་ པའི་རྫས་སུ་མེད་པར་སྨྲ་བ་ནི། གང་ཟག་རང་གི་ལྡོག་པ་ནས་འདོད་པ་ཡིན་གྱི། གང་ཟག་གི་མཚན་གཞིའི་རྣམ་ཤེས་ལ་དེ་ལྟར་འདོད་པ་མིན་ནོ། །

                  ཞེས་པའི་གཞུང་འདིའི་སྐབས་དགག་བྱ་བཅད་པ་སོགས་ལ་མ་ལྟོས་པར་ངོ་བོ་བློ་ཡུལ་དུ་འཆར་དུ་ཡོད་པའི་རྫས་ཡོད་བསྟན་ཚུལ་ནི། སྐབས་འདིར་གང་ ཟག་བཏགས་དོན་བཙལ་བའི་ཚེ་ན་རྙེད་པའི་ལུགས་ཡིན་པས་གང་ཟག་སྤྱི་ལྡོག་དང་། དེའི་མཚན་གཞིར་ཀུན་གཞིའི་རྣམ་ཤེས་དང་ཡིད་ཀྱི་རྣམ་ཤེས་གཉིས་སུ་ཡོད་ལ། རང་རྐྱ་འཛིན་ཐུབ་པའི་རྫས་སུ་མེད་པའམ་དགག་བྱ་ བཅད་པ་སོགས་ལ་མ་ལྟོས་པར་རང་གི་ངོ་བོ་བློ་ཡུལ་དུ་འཆར་དུ་མེད་པ་གང་ཟག་རང་ལྡོག་ལ་སྦྱར་རུང་ཡང་། མཚན་གཞིའི་རྣམ་ཤེས་ལ་སྦྱར་མི་རུང་བར་གསུངས་པའི་ཕྱིར་ཏེ། དེ་ཉིད་ལས། གང་ཟག་རྫས་ཡོད་དུ་མེད་པར་རྟོགས་པར་འདོད་ཀྱང་རྣམ་ཤེས་གཉིས་པོ་རྫས་ཡོད་དུ་མེད་པར་རྟོགས་ པར་མི་འདོད་པས། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གང་ཟག་རང་རྐྱ་ཐུབ་པའི་རྫས་སུ་མེད་པར་རྟོགས་པར་འདོད་ཀྱང་། རྣམ་ཤེས་གཉིས་པོ་རང་རྐྱ་ཐུབ་པའི་རྫས་སུ་མེད་པར་རྟོགས་པར་མི་འདོད་པའི་ཕྱིར་ཞེས་པའི་དོན་མ་ཡིན་པའི་ཕྱིར་ཏེ། འདིའི་ལུགས་ལ་ཉན་རང་གིས་མཚན་གཞིའི་ རྣམ་ཤེས་གཉིས་ཀྱི་སྟེང་གི་གང་ཟག་གི་བདག་མེད་ཀྱི་དབང་དུ་བྱས་པའི་ ཡོངས་གྲུབ་རྟོགས་པར་ཁྱོད་ཀྱང་འདོད་པའི་ཕྱིར། ཡང་གོང་དུ་དྲངས་ པའི་རྣམ་བཤད་དགོངས་པ་རབ་གསལ་གྱི་ལུང་གི་དོན་དཔལ་ལྡན་ཆོས་རྗེའི་བདེན་གཉིས་ལས། རང་རྒྱུད་པ་མན་ཆད་ཀྱིས་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་མིང་མ་བཏགས་ཀྱང་ཐལ་འགྱུར་བས་གཞལ་ན་དེའི་དོན་ཚང་བས་དེ་དག་གིས་གཟུགས་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འདོད་དགོས། ཞེས་གསུངས་པ་ལ་དཔྱད་པར་བྱ་བ་འདི་ཡོད་དེ། འདི་རྣམ་བཤད་ཀྱི་ལུང་ཚིག་དང་ཇི་བཞིན་འབྲེལ་ཆགས་པར་སྦྱོར་མི་ནུས་པས་ཁོ་བོ་ལ་རྣམ་བཤད་ཀྱི་ལུང་དོན་ཇི་བཞིན་གོ་བའི་ཐབས་སུ་མ་གྱུར་ལ། དོན་གྱི་འབྲེལ་དབང་བཙན་པར་བྱས་ནའང་། ཐལ་འགྱུར་བས་གཞལ་ཚེ་དེ་དག་གིས་གཟུགས་ཙམ་དུ་མ་ཟད་ གང་ཟག་རང་ལྡོག་དང་དེའི་མཚན་གཞི་རྣམ་ཤེས་གཉིས་ཀྱང་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འདོད་དགོས་པའི་ཕྱིར། དེར་ཐལ། རྣམ་བཤད་དགོངས་པ་རབ་གསལ་ལས། འདི་ནི་མང་བོ་དང་ངོ་བོ་གཅིག་པར་འདོད་པ་ཙམ་ལ་འཕེན་དུ་མི་རུང་བས། བདག་དང་ཕུང་བོ་གཉིས་ཐ་དད་གཏན་མེད་གཅིག་ཏུ་འདོད་པ་ལ་འཕེན་པའོ། ། དེ་ཡང་དང་བོ་ནས་གཞན་གྱིས་དེ་ལྟར་ཁས་མ་བླངས་པས། ངོ་བོ་གཅིག་དང་ཐ་དད་ཙམ་ཡིན་པ་རྫུན་པ་ལ་སྐྱོན་མེད་ཀྱང་། བདག་ཕུང་གཉིས་བདེན་པར་ཁས་ལེན་པ་ལ་ངོ་བོ་གཅིག་ན་དབྱེར་མེད་ཀྱི་གཅིག་ཏུ་ཕུལ་ནས། དེའི་འོག་ཏུ་བདག་མང་བོ་དང་ཕུང་བོ་ལྔ་གཅིག་ཏུ་ཐལ་བ་འཕང་ངོ་། ། ཞེས་གསུངས་པའི་ཕྱིར།

                དེས་ན་གཟུགས་སོ་ཞེས་སྒྲ་ཙམ་ཡང་མ་སྨྲས་པས་མི་འཐད་ཀྱང་། འདྲེས་ཤར་སྒོར་གནོད་པ་ལ་གླུད་ ནུབ་སྒོར་གཏོང་བའི་དཔེ་དང་མཚུངས་སོ། ། སྟག་ལོས། རྫས་ཡོད་བདག་སྨྲ་གནས་མ་བུར་ངེས་དང་། །རྣམ་ཤེས་བདག་སྨྲས་དབུ་སེམས་ཡོད་པ་འགལ།། ཞེས་པའི་འགལ་སྤོང་དུ་ཕ་རོལ་བོས། གང་ཟག་གཞི་ལྡོག་ནས་རྫས་ཡོད་དུ་སྨྲ་བའི་རང་སྡེ་ལ་གནས་མའི་བུ་སོགས་ཀྱིས་ཁྱབ་པ་དང་། དེའི་གཞི་ལྡོག་ལ་རྫས་ཡོད་ཡོད་པར་འདོད་པའི་དབུ་སེམས་ཡོད་པ་མི་འགལ་བའི་ཕྱིར་ སོགས་གསུངས། འདིས་འགལ་སྤོང་མི་ནུས་པར་སེམས་ཏེ། ཕ་རོལ་བོ་ཁྱེད་ཅག་ལྟར་ན། འདིའི་སྔ་ཕྱིའི་རྫས་ཡོད་རང་རྐྱ་ཐུབ་པའི་རྫས་ཡོད་ལ་བྱེད་ དགོས་ཤིང་། རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་ཁས་ལེན་མཁན་གྱི་ནང་བ་ཡིན་ན་གནས་མ་བུ་སོགས་ཀྱིས་ཁྱབ་ཟེར་བ་དང་། རང་རྐྱ་ཐུབ་པའི་ རྫས་ཡོད་ཀྱི་བདག་ཁས་ལེན་མཁན་དབུ་སེམས་ཀྱང་ཡོད་ཟེར་བ་དངོས་སུ་འགལ་བའི་ཕྱིར། དེ་བཞིན་རྩོད་ལན་སེང་གེ་ང་རོར། བརྗོད་མེད་ཀྱི་བདག་ཁས་ལེན་མཁན་རང་སྡེ་ལ་གནས་མའི་བུར་ངེས་ཀྱང་། རྣམ་ཤེས་རྫས་ཡོད་ཀྱི་བདག་ཏུ་འདོད་པའི་དབུ་སེམས་ཡོད་པ་འགལ་མེད་པར་གསུངས་པའང་རང་ལུགས་དང་མི་མཐུན་ནོ། ། མ་ནིང་སྐུ་ཤོགས་ཀྱི་དྲང་ངེས་སུ། འཇུག་པའི་རྣམ་བཤད་ལས། ཕྱོགས་འདི་ནི་གནས་མ་བུའི་སྡེ་བ་ལ་སོགས་འཕགས་པ་མང་བོས་བཀུར་བའི་སྡེ་བའོ། ། ཞེས་རྫས་ཡོད་ཀྱི་བདག་འདོད་པ་གནས་མ་བུ་བ་སོགས་སུ་གསུངས་ཀྱང་། སྟག་ལོས། གནས་མ་བུར་ངེས་ཞེས་བཤད་པ་ལ་བརྟེན་ནས། རང་ཕྱོགས་ཀྱི་མཁས་གྲུབ་འགའི་གསུངས་ཟིན་ལ་ཞིབ་ཆ་མ་ཐོན་པ་ལྟ་བུ་བྱུང་བའང་ཤེས་དགོས་སོ། །

                ཞེས་གསུངས་པ་ལའང་དཔྱད་པར་བྱ་བ་འདི་ཡོད་དེ། འདི་ནི་སྟག་ལོས་འགལ་བ་བརྗོད་སའི་ལུང་ཡིན་མིན་བརྟགས་དགོས་སུ་སྣང་དེ། དེའི་ཐད་ཀྱི་རྣམ་བཤད་ལས། ཕྱོགས་སྔ་མ་བརྗོད་པ་དང་། ལུགས་དེ་དགག་པའོ། ། དང་བོ་ནི། འདིར་རང་གི་སྡེ་བ་དག་ན་རེ་ཕུང་བོ་ལས་ངོ་བོ་གཞན་པའི་བདག་གྲུབ་པ་མེད་པའི་ཕྱིར་བདག་ཏུ་ལྟ་བ་སྟེ་འཇིག་ཚོགས་ལ་ལྟ་བའི་དམིགས་རྣམ་གཉིས་ཀྱི་དམིགས་པ་ནི། ཕུང་བོ་ཁོ་ན་ཡིན་ཏེ། ཕུང་བོ་ལས་ངོ་བོ་ཐ་དད་པ་དང་ནང་གི་ཕུང་བོ་ དམིགས་པར་འཇོག་པ་གཉིས་སུ་ངེས་པ་ལས་སྔ་མ་མི་རུང་བའི་ཕྱིར་རོ། ། དེའི་ཕྱིར་བདག་ནི་རང་གི་ཕུང་བོ་ཙམ་ཡིན་ནོ་ཟེར་རོ། ། ཕྱོགས་འདི་ནི་ གནས་མ་བུའི་སྡེ་བ་ལ་སོགས་པ་འཕགས་པ་མང་པོས་བཀུར་བའི་སྡེ་བའོ། ། ཞེས་པའི་ལུང་འདི་ལས་མི་སྣང་ཞིང་། འདིར་རྫས་ཡོད་ཀྱི་བདག་འདོད་པ་གནས་མ་བུ་སོགས་སུ་གསུངས་པའི་གསུང་ཟུར་ཙམ་ཡང་མེད་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར་སྙམ་ལ། འོ་ན། སྟག་ལོས་རྣམ་བཤད་དགོངས་པ་རབ་གསལ་ལ་འགལ་བ་བརྗོད་པ་ཡོངས་སུ་གྲགས་པས་དེ་གང་ལ་ཡིན་ཞེ་ན། འོག་ཏུ་དབུ་མ་འཇུག་པ་ལས། ཁ་ཅིག་དེ་ཉིད་གཞན་ཉིད་རྟག་མི་རྟག ། ལ་སོགས་བརྗོད་མེད་གང་ཟག་རྫས་ཡོད་འདོད། །ཅེས་སོགས་ཀྱི་ཐད་དུ་དེ་ཉིད་ལས། ཕྱོགས་སྔ་མ་བརྗོད་པ་དང་། ལུགས་དེ་དགག་པའོ། ། དང་བོ་ནི། ད་ནི་འཕགས་པ་མང་བོས་བཀུར་བ་དག་གིས་བརྟགས་པའི་གང་ཟག་རྫས་སུ་ཡོད་པར་སྨྲ་བ་གསལ་བའི་ཕྱིར་བཤད་པ། རང་གི་སྡེ་བ་མང་བོས་བཀུར་བ་ཁ་ཅིག་ནི། ཕུང་བོ་མ་གཏོགས་དེ་འཛིན་མ་གྲུབ་ཕྱིར། ། ཞེས་པའི་རིགས་པས་གང་ཟག་ཕུང་བོ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་དོ། ། དེ་བཞིན་དུ་གང་ཟག་ནི་རྟག་པ་དང་མི་རྟག་པ་ལ་སོགས་པ་ཉིད་དུ་ཡང་བརྗོད་དུ་མེད་དོ། ། གང་ཟག་དེ་རྫས་སུ་ཡོད་པར་ཡང་འདོད་དེ། ལས་གཉིས་ཀྱི་བྱེད་པ་བོ་དང་། དེ་གཉིས་ཀྱི་འབྲས་བུ་བདེ་སྡུག་གི་ཟ་བ་བོ་ཉིད་དུ་བརྗོད་པའི་ཕྱིར་དང་། ཞེས་སོགས་གསུངས་པ་འདི་ཡིན་པར་སེམས་ལ། དེ་ལ་སྟག་ལོས་འཇུག་པའི་ལུང་ལ་བརྟེན་ནས་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འདོད་པ་རང་སྡེ་ལ་གནས་མ་བུ་བའི་ཁྱབ་པ་རྗེ་བླ་མ་དང་ཐུན་མོང་དུ་འདོད་པའི་ཚད་གྲུབ་ཏུ་འདུག་དགོངས་ནས། མཚན་གཞི་རྣམ་ཤེས་གཉིས་རང་རྐྱ་ཐུབ་པའི་རྫས་ཡོད་དུ་ཁས་ལེན་པའི་དབུ་སེམས་ཡོད་པ་འགལ་ཞེས་གསུངས་པ་ཡིན་ལ། དེ་ཡང་འདི་སྙམ་དུ་དགོངས་ཏེ། རྣམ་ཤེས་དེ་གཉིས་བདག་གི་ མཚན་གཞི་ཡིན་ཞིང་། དེ་གཉིས་རང་རྐྱ་ཐུབ་པའི་རྫས་ཡོད་ཡིན་པར་དངོས་སུ་གསུངས་སོ་སྙམ་པའོ། །

                འགལ་སྤོང་བྱེད་ཚུལ་ངེས་ཞེས་པའི་ཚིག་ཡོད་མེད་གཙོ་མི་ཆེ་བར། གནད་གཙོ་བོ་ཀུན་གཞི་དཀའ་འགྲེལ་ལས་གསུངས་པ་ལྟར། མཚན་གཞི་རྣམ་ཤེས་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འདོད་པའི་ གྲུབ་མཐའ་གོང་མ་ཡོད་པར་འདོད་ཕྱིན་ཆད་ནམ་ཡང་འགལ་བ་སྤོང་མི་ནུས་ལ། དེ་དགག་ཚུལ་ཕྱོགས་གཞན་དང་ཐུན་མོང་བའོ། ། འོ་ན། རང་ལུགས་ལ་འགལ་སྤོང་བྱེད་ཚུལ་ཇི་ལྟར་ཡིན་ཞེ་ན། བཤད་པར་བྱ་སྟེ། གནས་མ་བུ་བས་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་ཀྱང་ཁས་མ་བླངས་ལ། གྲུབ་མཐའ་གོང་མས་མཚན་གཞིའི་རྣམ་ཤེས་གཉིས་རང་རྐྱ་འཛིན་ཐུབ་པའི་རྫས་ཡོད་དུ་ཁས་བླངས་ཀྱང་། རང་རྐྱ་ཐུབ་པའི་རྫས་ཡོད་དུ་ཁས་མ་བླངས་པའི་ཕྱིར། ཕྱི་མ་གོང་སྨྲས་ཟིན་པས་མི་སྤྲོ་ལ། དང་བོ། གནས་མ་བུ་བས་དེ་ཁས་མ་བླངས་པའི་ཚུལ་ནི། ཕུང་བོ་ལས་ངོ་བོ་ཐ་དད་པའི་བདག་ཀྱང་ཁས་མ་བླངས་པ་གང་ཞིག་གང་ཟག་རྫས་ཡོད་དུའང་ཁས་མ་བླངས་པའི་ཕྱིར། དང་བོ་གྲུབ་སྟེ། གང་ཟག་ཕུང་བོ་ལས་ངོ་བོ་ཐ་དད་དུའང་ཁས་མ་བླངས་ཤིང་། ཕུང་བོ་ཡིན་པར་ཡང་ཁས་མ་བླངས་པའི་ཕྱིར། དགོངས་པ་རབ་གསལ་ལས། རང་སྡེ་མང་བོས་བཀུར་བ་ཁ་ཅིག་ནི། ཕུང་བོ་མ་གཏོགས་དེ་འཛིན་མ་གྲུབ་ཕྱིར། ། ཞེས་པའི་རིགས་པས་གང་ཟག་ཕུང་བོ་ལས་ངོ་བོ་ཐ་དད་འང་མ་ཡིན་ལ། ཕུང་བོའི་རང་བཞིན་ཅན་ཡང་མིན་ཏེ། ཡིན་ན་བདག་སྐྱེ་འཇིག་དང་ལྡན་པར་འགྱུར་བའི་ཕྱིར་རོ། ། ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། དེས་གང་ཟག་རྫས་ཡོད་དུ་ཁས་མ་བླངས་ཤིང་། བཏགས་ཡོད་དུའང་ཁས་མ་བླངས་པའི་ཕྱིར། དེར་ཐལ། གྲུབ་མཐའ་ཆེན་མོར་མཛོད་ འགྲེལ་དྲངས་པ་ལས། ཅི་དེ་དག་རྫས་སུ་ཡོད་པར་འདོད་དམ་འོན་ཏེ་བཏགས་པར་ཡོད་པར་འདོད་ཅེས་པ་ནས། དེ་ནི་རྫས་སུ་ཡོད་པ་ཁོ་ནའང་མིན་ལ། བཏགས་པར་ཡོད་པའང་མ་ཡིན་ནོ། ། ཞེས་དང་། ཡིག་ཆར། རྣམ་བཤད་ཀྱི་ཚིག་དེ་ལ་སྟག་ཚང་བ་ན་རེ། རྫས་ཡོད་ཀྱི་བདག་ཁས་ལེན་མཁན་གནས་མ་བུར་ངེས་པ་དང་། སྐབས་འདིར་ཡང་རྫས་ཡོད་ཀྱི་བདག་ཁས་ལེན་པ་ འགལ་ཟེར། དེ་ཁས་མ་བླངས་སོ། ། ཞེས་དང་།

                བསྟན་པའི་སྒྲོན་མེའི་དྲང་ངེས་དཀའ་འགྲེལ་ལས། བདག་རང་རྐྱ་བའི་རྫས་སུ་ཡོད་ན་ཕུང་བོ་ ལས་ངོ་བོ་ཐ་དད་པར་བརྗོད་དུ་མེད་ཟེར་དོན་མེད་ལ། རྫས་ཡོད་ཀྱིས་ བདག་གིས་སྟོང་བར་ཁས་ལེན་ནའང་བརྗོད་དུ་མེད་ཟེར་དོན་མེད་པས། རྫས་ཡོད་དང་། རྫས་ཡོད་ཀྱི་སྟོང་བ་གང་དུའང་ཁས་མ་བླངས་པར་བརྗོད་དུ་མེད་བྱས་པ་ཡིན་པའི་ཕྱིར། ཞེས་གསུངས་པས་གུང་ལེགས་པརའགྲིག་ལ། རང་གཞན་གྱི་ཕྱོགས་གཉིས་ཀས་བཤད་ཚུལ་གཞན་མང་དུ་ཡོད་ཀྱང་ལེགས་པར་མ་མཐོང་ངོ་། ། དེ་ལ་ཁོ་ན་རེ། གང་ཟག་རྫས་སུ་ཡོད་པར་ཐལ། རྣམ་བཤད་དེ་ཉིད་ལས། གང་ཟག་དེ་རྫས་སུ་ཡོད་པར་ཡང་འདོད་དེ། ཞེས་གསུངས་པའི་ཕྱིར། ཞེ་ན། ཐལ་འགྱུར་བ་ལྟར་ན་རྫས་ཡོད་དུ་ཁས་བླངས་སོང་བའི་དོན་ཡིན། ཡང་ཁ་ཅིག་གིས། བྱེ་སྨྲས་ཀྱང་རགས་པ་རྣམས་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བར་འདོད་ཀྱང་རྡུལ་ཆ་མེད་དང་ཤེས་པ་ཆ་མེད་ལྟ་བུ་རང་རྐྱ་བའི་རྫས་སུ་འདོད་པའི་ཕྱིར། ཕྱི་མ་དེར་ཐལ། བྱེ་སྨྲས་རང་རྐྱ་ཐུབ་པའི་རྫས་སུ་མེད་པར་སྒྲུབ་ན་གཅིག་དུ་བྲལ་གྱི་རིགས་པ་ལྟ་བུས་སྒྲུབ་དགོས་པ་ལ་རིགས་པ་དེས་སྒྲུབ་ཚུལ་མེད་པའི་ཕྱིར་ཏེ་སོགས་གོང་དུ་ དྲངས་པ་ལྟར་མང་དུ་གསུངས། དེ་ཡང་མི་འཐད་པར་ཐལ། རིགས་པ་ གཞན་གྱིས་སྒྲུབ་ཆོག་པའི་ཕྱིར། དཔེར་ན། རྡུལ་ཆ་མེད་ཆོས་ཅན། རང་རྐྱ་ཐུབ་པའི་རྫས་སུ་མ་གྲུབ་སྟེ། རང་གང་ལས་བྱུང་བའི་གཞི་རྡུལ་རགས་པ་ལས་བཅོམ་པའམ་བློས་ཆ་ཤས་སོ་སོར་བསལ་བ་ལ་མ་ལྟོས་པར་རང་རྐྱ་ བའམ་ཚུགས་ཐུབ་ཏུ་གྲུབ་པ་མེད་པའི་ཕྱིར། དཔེར་ན། བུམ་པ་རང་གི་གདགས་གཞིའམ་ཆ་ཤས་ལ་མ་ལྟོས་པར་ཚུགས་ཐུབ་ཏུ་གྲུབ་པ་མེད་པ་བཞིན། ཞེས་པ་ལྟར་སྒྲུབ་ཆོག་པར་སེམས། ཡང་ཁོ་ན་རེ། བུམ་པ་ལྟ་བུ་རང་ཤེས་པ་བོའི་གང་ཟག་རང་རྐྱ་ཐུབ་པས་སྟོང་བ་བུམ་པའི་གནས་ལུགས་སུ་བཞག་ ཆོག་པས་གང་ཟག་གི་བདག་མེད་དང་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བའི་དོན་དེ་ལྟར་ཤེས་དགོས་གསུངས། འོ་ན། བུམ་པ་ཤེས་པ་ བོའི་གང་ཟག་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་མ་གྲུབ་པ་བུམ་པའི་ཆོས་ཉིད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལྟར་ན་བུམ་པ་མེད་པའི་ས་ཕྱོགས་སུ་སྟོང་གཞི་ཆོས་ཅན་བུམ་པ་དང་མ་ འབྲེལ་བའི་ཆོས་ཉིད་ཡན་གར་བ་ཡོད་པར་ཐལ་བ་དང་། ཡང་ན་ས་ཕྱོགས་དེར་བུམ་པ་ཤེས་པ་བོའི་གང་ཟག་ཀྱང་མེད་ཟེར་དགོས་པར་འགྱུར་རོ། ། རེ་ཞིག་སྤྲོས་པས་ཆོག་གོ །
 

སྨྲས་པ།
མཁས་རྒུའི་བཞེད་སྲོལ་གཟའ་སྐར་འཁོར་ལོའི་ཆ། །
བདག་བློའི་ཁྲོན་པར་ཤར་བའི་གཟུགས་བརྙན་ནི། །
བློ་སྐྱོན་སྙོག་མའི་དབང་གིས་གང་ནོངས་པ། །
སུན་འབྱིན་ཀེ་ཏ་ཀ་ཡིས་དྭངས་པར་མཛོད། །
 

           ཅེས་དྲིས་ལན་མཁས་པས་མཐོང་བ་འཛུམ་ཤོར་ཞེས་བྱ་བ་འདི་ནི་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་རིགས་སྨྲ་སྟོང་གི་གྲལ་མཐའ་ཙམ་ཡང་མ་ཟིན་པ་རྨོངས་ རྟུལ་ཀླུ་འབུམ་ལ་མོ་བློ་རྒྱམ་དུ་འབོད་པས་ཀླུ་འབུམ་ལྔ་རིག་ལྡིང་ཁང་སྟེ་སྤྱི་ཁང་གསར་ བའི་རང་ཤག་ཏུ་འཕྲལ་མར་བྲིས་པས་ནོར་འཁྲུལ་ལྟག་ཆོད་དུ་གྱུར་བ་ཅིས་ཀྱང་ཡོད་ངེས་ན། མཁས་པ་རྣམས་ཀྱིས་ཚར་གཅོད་རྗེས་འཛིན་འོང་བའི་སྨོན་འདུན་དང་བཅས།
སྤྱི་ལོ་༢༠༡༠སྤྱི་ཟླ་༧ཚེས་༡ཉིན་མཇུག་གྲུབ་པ་དགེ་བར་གྱུར་ཅིག །
 

             ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                               རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།