བརྗོད་མེད་ཀྱི་སྔོན་པོ་དང་སྔོན་པོ་འཆར་ཚུལ་ལ་ཁྱད་པར་ཅི་ཡོད་ཀྱི་ལན།༢

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-22 21:21:32     རྩོམ་པ་པོ།   བྱ་མདོ་འཇམ་དབྱངས་ཆོས་འབྱོར།     ཀློག་ཐེངས།  

         76549972386228242.jpg

              དྲི་གཞི་བཅུ་བཞི་བ །མཆན་ལས། འོན་ཀྱང་ཀུན་མཁྱེན་འཇམ་དབྱངས་ བཞད་པ་རང་ཉིད་ཀྱི་དགོངས་པ་ནི་བརྗོད་དུ་མེད་པའི་དངོས་པོའི་དོན། དོན་དམ་པར་སྒྲ་རྟོག་གི་ཡུལ་མ་ཡིན་པ་ལ་བྱེད་པར་མངོན་དེ། ཞེས་གསུངས་པ་ལྟར། བརྗོད་མེད་ཀྱི་སྔོན་པོ་ནི། དོན་དམ་པར་སྒྲ་རྟོག་གི་ཡུལ་དུ་མ་གྲུབ་པའི་སྔོན་པོ་ལ་བྱེད་ན། བརྗོད་མེད་ཀྱི་སྔོན་པོ་དང་སྔོན་པོ་འཆར་ཚུལ་ལ་ཁྱད་པར་ཅི་ཡོད་སོགས་ལུང་རིགས་ཀྱིས་ཇི་ལྟར་དཔྱད།


                                                                                                                                                                                                   བྱ་མདོ་འཇམ་དབྱངས་ཆོས་འབྱོར། ཀླུ་ཚང་དགོན།

           བརྗོད་མེད་ཀྱི་སྔོན་པོ་དང་སྔོན་པོ་གཉིས་དབང་ཤེས་ལ་འཆར་ཚུལ་ལ་ཁྱད་པར་ཅི་ཡོད་ཅེ་ན། བརྗོད་མེད་ཀྱི་སྔོན་པོ་ཞེས་པ་སངས་འཕགས་ཀྱི་མིག་ཤེས་ཀྱིས་རྟོགས་ཀྱང་། ཚུར་མཐོང་གི་མིག་ཤེས་ཀྱི་སྤྱོད་ཡུལ་དུ་མ་གྱུར་བས་སྔོན་པོ་དང་དེ་གཉིས་རྟོགས་ཚུལ་ལ་ཁྱད་པར་ཡོད་པ་ཡིན། དེ་ ཡང་ཡིན་ཏེ་བརྗོད་མེད་ཀྱི་སྔོན་པོ་རྟོགས་ན་དོན་དམ་སྒྲ་རྟོག་གིས་ཡུལ་དུ་ མེད་པ་རྟོགས་དགོས་པས། དེ་རྟོགས་པ་ལ་སྟོང་ཉིད་རྟོགས་དགོས་པ་དང་སྔོན་པོ་ལ་མི་དགོས་པའི་ཕྱིར། ལུགས་འདིར་སྔོན་པོ་གང་ཡིན་ཞེ་ན། རིགས་མཐུན་གྱི་བག་ཆགས་ཀྱིས་བསྐྱེད་པའི་སྔོ་འཛིན་མིག་ཤེས་ལ་དེས་དབང་གིས་སྣང་བའི་སྣང་བ་ཞིག་ལ་འདོད་པས། ཚུར་མཐོང་གི་དབང་ཤེས་ལ་སྣང་ བའི་ཚེ་ཕ་རི་ནས་ཚུར་འཆར་བའི་སྣང་ཆ་ཀུན་བཏགས་འཆར་བ་ན་སྔོན་པོ་འཆར་བ་ཡིན་པར་འདོད་པས་དེའི་ཚེ་སྔོན་པོ་དེའང་བརྗོད་མེད་ཀྱི་སྔོན་ པོར་སོང་བ་ཡིན་ཏེ། སྔོན་པོ་སྔོ་འཛིན་མིག་ཤེས་ལ་ཕ་རི་ནས་ཚུར་རང་ངོས་འཆར་བ་མ་ཡིན་ཏེ། དེ་ལ་ཤར་བ་སྔོན་པོ་མ་ཡིན་པས། སྔོ་འཛིན་ཤེས་པ་ཡང་མིན ། ཡེ་མེད་ཀྱང་མ་ཡིན་པས། བརྗོད་མེད་ཀྱི་དོན་ཚང་བས། སྔོན་པོ་དང་བརྗོད་མེད་ཀྱི་སྔོན་པོ་གཉིས་ལ་ཁྱད་པར་མེད་པར་འགྱུར་བས་ དབང་ཤེས་ལ་འཆར་ཚུལ་ཡང་ཁྱད་པར་མེད་སྙམ་ན་མི་འཐད་དེ།

             སྔོན་པོ་ཚུར་མཐོང་གི་དབང་ཤེས་ལ་འཆར་བའི་ཚེ་ཕྱི་རོལ་རྒྱང་ཆད་དུ་སྣང་བ་ཡིན་ཏེ་སྔོ་འཛིན་མིག་ཤེས་ལ་སྔོན་པོ་མ་སྣང་ན་དེའི་སྣང་ཡུལ་མ་ཡིན་པར་ཐལ་ བ་སོགས་མང་དུ་འབྱུང་བས། ངེས་པར་སྣང་བར་ཁས་ལེན་དགོས་ལ་སྣང་ཚུལ་ཡང་ཕ་རོལ་ནས་ཚུར་རང་ངོས་ནས་གྲུབ་པར་སྣང་བ་ཡིན་པ་གང་ཞིག བརྗོད་མེད་ཀྱི་སྔོན་པོ་སྣང་བའི་ཚེ་ཕ་རོལ་ནས་ཚུར་རང་ངོས་ནས་གྲུབ་པ་ལྟ་བུར་སྣང་བ་མ་ཡིན་པས་དབང་ཤེས་ལ་སྣང་ཚུལ་མི་འདྲ་བ་ཡིན། འོ་ན་ཚུར་མཐོང་གི་དབང་ཤེས་ལ་སྣང་ཆ་ཀུན་བཏགས་སྣང་བས་སྔོན་པོ་སྣང་བར་ འཇོག་པ་མ་གཏོགས་སྔོན་པོ་རྒྱང་ཆད་དུ་མ་སྣང་བ་བརྗོད་མེད་ཀྱི་སྔོན་པོ་ དང་འདྲ་བའི་ཕྱིར་ཞེ་ན། གཞན་མ་བརྟག་མ་དཔྱད་པའི་སྐབས་ཀྱི་སྣང་ ཚོད་ཡིན་པ་དང་བརྟགས་ཅིང་དཔྱད་སྐབས་ཀྱི་སྣང་ཚོད་སོགས་ཁྱད་འབྱེད་པ་ཡོད་ཀྱང་། ཁོ་བོའི་རྣམ་རྟོག་ལ་སྔོ་འཛིན་མིག་ཤེས་ལ་སྣང་ཆ་ཀུན་བཏགས་ཙམ་སྣང་བས་སྔོན་པོ་སྣང་ཞེས་པ་སྔོ་འཛིན་མིག་ཤེས་ལ་ངེས་ངོའི་སྣང་བ་ དང་སྣང་ངོའི་སྣང་བ་གཉིས་ཡོད་པའི་ཕྱི་མ་དེ་ཡིན་པ་དང་། སྔོན་པོ་དངོས་ནི་སྔ་མའི་སྣང་བ་ཡིན་པ་དང་། བརྗོད་མེད་ཀྱི་སྔོན་པོ་ནི་སྔ་མའི་སྣང་བ་ མིན་ཀྱང་། ཕྱི་མའི་སྣང་བའི་སྟེང་ནས་བརྗོད་མེད་དུ་སོང་བ་དང་། བརྗོད་མེད་ཀྱི་སྔོན་པོ་བཞག་པ་ཡིན་ཞེ་ན་གཞུང་གི་དགོངས་པར་ཨེ་འགྲོ་སྙམ། །
 

         ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                               རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།