བྱང་སའི་དངོས་བསྟན་གྱི་སྒྲོ་འདོགས་ལ་ཆོས་ཀྱི་བདག་འཛིན་ཞིག་འཇོག་མིན་གྱི་ལན།༥

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-08 22:18:20     རྩོམ་པ་པོ།   རུ་མང་ཚུལ་ཁྲིམས་རྒྱ་མཚོ།     ཀློག་ཐེངས།  


76549972386228242.jpg

           དྲི་གཞི་བཅུ་གསུམ་པ། བྱང་སའི་དངོས་བསྟན་གྱི་སྒྲོ་འདོགས་འགོག་ཡུལ་གྱི་ཕྱོགས་སྔ་དང་དེའི་དངོས་བསྟན་གྱི་སྐུར་འདེབས་འགོག་ཡུལ་ཕྱོགས་སྔ་གཉིས་ལ་སོ་སོར་གང་འཇོག དེ་གཉིས་འགལ་ལམ་མི་འགལ། བྱང་སའི་དངོས་ བསྟན་གྱི་སྒྲོ་འདོགས་ལ་ཆོས་ཀྱི་བདག་འཛིན་ཞིག་འཇོག་མིན་ཇི་ལྟར་ཡིན།


                                                                                                                                                                              རུ་མང་ཚུལ་ཁྲིམས་རྒྱ་མཚོ། ཀླུ་ཚང་དགོན།

              འདི་ལ་རིམ་བཞིན་ཀུན་བཏགས་རང་མཚན་གྱིས་གྲུབ་པར་འཛིན་པའི་རང་གཞན་གྱི་སྡེ་བ་གཉིས་དང་བོ་དང་། དོན་དམ་པར་གྲུབ་པ་གཅིག་ཀྱང་མི་འདོད་ཅིང་། གཞི་གྲུབ་ཚད་ཐ་སྙད་དུ་ཡོད་པས་ཁྱབ་པ་ཁས་ལེན་པའི་ཐལ་རང་གཉིས་གཉིས་པར་འཇོག་པའི་ཕྱིར། དེས་ན་དེ་གཉིས་ འགལ་བར་ཡང་གྲུབ་སྟེ། རང་རྒྱུད་པའི་ཀུན་བཏགས་རང་ངོས་ནས་གྲུབ་ པར་ཁས་ལེན་ལ་དེའི་ལུགས་ལ་རང་ངོས་ནས་གྲུབ་པ་དང་རང་མཚན་གྱིས་གྲུབ་བ་དོན་གཅིག་པས་དང་བོར་བཞག་ཆོག་པ་མིན། མདོ་སྡེ་བས་ཡོངས་གྲུབ་དོན་དམ་པར་མ་གྲུབ་པར་ཁས་ལེན་པས་གཉིས་པར་བཞག་ཆོག་པའང་མ་ཡིན་པའི་ཕྱིར། དེར་ཐལ། དང་བོར་དེའི་སྟེང་ནས་བདེན་གྲུབ་ཀྱི་ཁས་ལེན་ཡོད་པ་ཞིག་དགོས་ལ། གཉིས་པར་ཆོས་ཐམས་ཅད་དོན་དམ་དུ་མེད་པར་ཁས་ལེན་པ་ཞིག་དགོས་པར་དཀའ་འགྲེལ་དུ་བཤད་པ་ལྟར་འཐད་པའི་ཕྱིར། གཞན་ཡང་། འདིར་ཐུན་མོང་དུ་བཀག་པ་ནི། ཞེས་སོགས་ཀྱིས་ཀུན་བཏགས་རང་མཚན་གྱིས་གྲུབ་པ་ཆོས་བདག་མ་ཡིན་པར་བཤད་པས་འདིའི་དངོས་བསྟན་གྱི་སྒྲོ་འདོགས་ལ་ཆོས་བདག་ཅིག་མི་འཇོག་པ་གནད་དུ་འགྲོ་བར་སྙམ་མོ། །
 

སྨྲས་པ།
གཞུང་མང་ཐིག་རིས་འདེད་པའི་སྡུག་མ་མྱངས། །
མཁས་མང་མདུན་སར་རིགས་པའི་གསང་མ་ཁྲོལ། །
བླ་མའི་ལེགས་བཤད་སྙིང་གར་སིམ་པ་ལས། །
བློ་ངོར་ཤར་ཙམ་བྲིས་འདི་བསྐལ་བ་བཟང་། །

          ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                 རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

བརྒྱུད་འགོད།