བྱང་སའི་དངོས་བསྟན་གྱི་སྒྲོ་འདོགས་ལ་ཆོས་ཀྱི་བདག་འཛིན་ཞིག་འཇོག་མིན་གྱི་ལན།༣

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-08 22:07:07     རྩོམ་པ་པོ།   ཀླུ་གྲགས་པ་རྒྱ་མཚོ།    ཀློག་ཐེངས།  

76549972386228242.jpg

             དྲི་གཞི་བཅུ་གསུམ་པ། བྱང་སའི་དངོས་བསྟན་གྱི་སྒྲོ་འདོགས་འགོག་ཡུལ་གྱི་ཕྱོགས་སྔ་དང་དེའི་དངོས་བསྟན་གྱི་སྐུར་འདེབས་འགོག་ཡུལ་ཕྱོགས་སྔ་གཉིས་ལ་སོ་སོར་གང་འཇོག དེ་གཉིས་འགལ་ལམ་མི་འགལ། བྱང་སའི་དངོས་ བསྟན་གྱི་སྒྲོ་འདོགས་ལ་ཆོས་ཀྱི་བདག་འཛིན་ཞིག་འཇོག་མིན་ཇི་ལྟར་ཡིན།

                                                                                                                                                                                         ལྷ་རམས་པ་ཀླུ་གྲགས་པ་རྒྱ་མཚོ། འབྲས་སྤུངས་སྒོ་མང་།

                  བྱང་སའི་དངོས་བསྟན་གྱི་སྒྲོ་སྐུར་གཉིས་འགོག་ཡུལ་ཕྱོགས་སྔ་ངོས་འཛིན་པ་དང་། དེ་གཉིས་འགལ་མིན་དང་། དངོས་བསྟན་གྱི་སྒྲོ་འདོགས་ལ་ཆོས་ཀྱི་བདག་འཛིན་ཡོད་མེད་དཔྱད་པ་གསུམ་ལས། དང་བོ་ནི། བྱང་སའི་ལེའུ་བཞི་བ་དེ་ཁོ་ན་ཉིད་ཀྱི་ལེའུ་སྐབས་གང་ཞིག་གིས་དེ་ཁོ་ན་ཉིད་མ་མཐོང་བས་རྟག་ཆད་ཀྱི་མཐར་ལྟུང་བའི་མཐར་འཛིན་གཉིས་ངོས་འཛིན་སྐབས་གཟུགས་ལ་སོགས་པའི་ཆོས་རྣམས་དང་ཞེས་པ་ནས་མངོན་པར་ཞེན་པ་གང་ཡིན་པ་དང་། ཞེས་པས་སྒྲོ་འདོགས་དང་བཏགས་པའི་ཚིག་གིས་ ཞེས་པ་ནས་སྐུར་བ་འདེབས་ཤིང་ཞེས་སྐུར་འདེབས་གསུངས། དེ་ཡང་སྒྲོ་འདོགས་ནི་མདོར་ན་གཟུགས་སོགས་ཞེན་གཞིར་རང་མཚན་གྱིས་གྲུབ་པར་འཛིན་པ་སྒྲོ་འདོགས་དང་། གཞན་དབང་ཁྱད་པར་གསུམ་ལྡན་དེ་ཉིད་ཡུལ་དང་དུས་དང་གྲུབ་པའི་མཐའ་ཐམས་ཅད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པ་མིན་པར་འཛིན་པ་སྐུར་འདེབས་སུ་དངོས་སུ་གསུངས་པ་འདིའི་སྒྲོ་སྐུར་ལ་བྱེད་དགོས་པས་འདི་ལ་ཡང་འདིའི་དངོས་བསྟན་གཟུགས་སོགས་ཞེན་ གཞིར་རང་མཚན་ནམ་སེམས་ཙམ་པས་འདོད་པའི་བདེན་པར་གྲུབ་པ་བཞག་ནས་དེ་འདྲའི་འཛིན་པ་ཡིན་མིན་དཔྱད་པ་དང་།

              འཛིན་པ་ཁོ་རང་བྱང་སར་དངོས་སུ་བསྟན་མ་བསྟན་གོ་རྒྱུ་གཉིས་ཡོད་སྙམ་སྟེ། དྲང་ངེས་མཆན་ལས། གཞན་དབང་རང་མཚན་གྱིས་མ་གྲུབ་པར་འཛིན་པ་དེ་གཞན་དབང་དོན་དམ་པར་མ་གྲུབ་པར་འཛིན་པ་ཡིན་པས་བྱང་སའི་དངོས་བསྟན་གྱི་སྐུར་འདེབས་ཡིན་ཀྱང་བྱང་སས་དེ་དངོས་སུ་སྐུར་འདེབས་ལ་བཤད་མི་དགོས་སམ་སྙམ། ཞེས་གསུངས་པའི་ཕྱིར། དེས་ན་སྒྲོ་འདོགས་འགོག་ཡུལ་དེ་ལྟར་དངོས་སུ་ཁས་ལེན་མཁན་ཕྱི་རོལ་བ་དང་རང་སྡེ་བྱེ་མདོ་གཉིས་ཡོད་པའི་དང་བོ་དེ་རིགས་པས་འགོག་ཡུལ་དང་ཕྱི་མ་ལུང་རིགས་གཉིས་ཀྱིས་ འགོག་ཡུལ་ཡིན་ནོ། ། ལེགས་ལྡན་འབྱེད་འདིའི་འགོག་ཡུལ་ཡིན་མིན་དཔྱད་པར་བྱ་སྟེ། དེ་ལྟར་ཁས་ལེན་ན་ལུང་གིས་འགོག་དགོས་པ་ལ་ལུང་ཐེག་དམན་རང་ལ་གྲགས་པའི་ལུང་ཁོ་ན་དྲངས་པས་ཀྱང་བྱང་ས་རྩོམ་པའི་སྐབས་ལེགས་ལྡན་འབྱེད་ཀྱི་གྲུབ་མཐའི་སྲོལ་མ་ཕྱེ་བས་ཡིན་ནམ། ཡང་ན་འཛིན་པ་ལ་ཁྱད་ཕྱེ་དགོས་གསལ་བོར་མ་ཤེས་སོ། ། སྐུར་འདེབས་འགོག་ ཡུལ་ལེགས་བཤད་སྙིང་བོར་དེ་ཡང་རང་གི་མཚན་ཉིད་ཀྱིས་མ་གྲུབ་ཅེས་སྨྲ་བའི་ངོ་བོ་ཉིད་མེད་པར་སྨྲ་བ་རྣམས་སོ། ། ཞེས་གསུངས་པ་ལྟར་ཐལ་འགྱུར་བ་ཡིན་ནོ། །

              གཉིས་པ་ནི། བྱང་སའི་དངོས་བསྟན་གྱི་སྒྲོ་སྐུར་གཉིས་འགལ་ཏེ་དངོས་བསྟན་སྒྲོ་འདོགས་ལ་ཀུན་བཏགས་རང་མཚན་གྱིས་གྲུབ་པར་འཛིན་པ་དགོས་པ་གང་ཞིག་ལ་སྐུར་འདེབས་ལ་གཞན་དབང་ཡོངས་གྲུབ་ གཉིས་པོ་གང་རུང་དོན་དམ་པར་མ་གྲུབ་པར་འཛིན་པ་དགོས་པའི་ཕྱིར། དེར་མ་ཟད་སྤྱིར་ཡང་སྒྲོ་སྐུར་གཉིས་སུ་ཕྱེ་བའི་སྒྲོ་སྐུར་འགལ་ལོ། ། གསུམ་པ་ནི། ལེགས་བཤད་སྙིང་བོར། ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པ་ལས་ཀུན་བཏགས་དོན་དམ་པར་ཡོད་པར་འཛིན་པ་དངོས་ བསྟན་མིན་པར་གསུངས་པས་སྒྲོ་འདོགས་སྤྱིར་བསྟན་དངོས་བསྟན་ལ་སྒྲོ་ འདོགས་ཀྱི་གཞི་ཀུན་བཏགས་དང་དེའི་འདོགས་གཞིར་གཞན་དབང་ཁྱད་པར་གསུམ་ལྡན་དགོས་པས་ཆོས་ཀྱི་བདག་འཛིན་མེད་དམ་སྙམ། །
 

             ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                    རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།