དཀའ་འགྲེལ་དང་མཆན་གཉིས་ཀྱི་མི་འདྲ་ས་གཙོ་བོ་གང་ཡིན།རང་ལུགས་ལ་ཤུགས་ལ་གནས་པའི་དོན་ལ་གང་འཇོག་གི་ལན།༥

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-08 21:38:40     རྩོམ་པ་པོ།   བྱ་མདོ་འཇམ་དབྱངས་ཆོས་འབྱོར།     ཀློག་ཐེངས།  

76549972386228242.jpg

              དྲི་གཞི་བཅུ་གཉིས་པ། རྩ་བ་ལས། དེ་ལ་ཡང་གཉིས་ཡོད་པས་མདོ་སྡེ་གཉིས་དྲང་དོན་དང་གཅིག་ངེས་དོན་དུ་སྔར་བཤད་པ་རྣམས་ཀྱི་ཤུགས་ཀྱིས་ཤེས་པར་འགྱུར་རོ། ། ཞེས་པའི་ཤུགས་ལ་གནས་པའི་དོན་འཇོག་ཚུལ་ལ། དཀའ་འགྲེལ་ལས་ཁོ་བོའི་མཆན་འགྲེལ་དུ་འདི་དང་མི་འདྲ་བ་ཙམ་ཞིག་བྲིས་ཡོད་ཀྱང་ཡིག་ཆའི་ཁོག་བསྒྲིགས་ན་འདི་ལྟར་བྱེད་དགོས་པར་སྣང་ངོ་། ། ཞེས་ པའི་དཀའ་འགྲེལ་དང་མཆན་གཉིས་ཀྱི་མི་འདྲ་ས་གཙོ་བོ་གང་ཡིན། རང་ལུགས་ལ་ཤུགས་ལ་གནས་པའི་དོན་ལ་གང་འཇོག

                                                                                                                                                                                                                   བྱ་མདོ་འཇམ་དབྱངས་ཆོས་འབྱོར། ཀླུ་ཚང་དགོན།

 

              འདིའི་ཐད་ཀྱི་དཀའ་འགྲེལ་ཡང་སྙིང་དང་མཆན་འགྲེལ་གཉིས་ཀྱི་མི་འདྲ་ས་གཙོ་བོ་གང་ཡིན་ཞེ་ན ། ཤུགས་ལ་གནས་པའི་དོན་འཇོག་ཚུལ་ལ་མཆན་འགྲེལ་གཉིས་ཀྱིས་རིམ་བཞིན་དུ་འཁོར་ལོ་གསུམ་གྱི་ཐ་སྙད་ཐོབ་པ་དང་། འཁོར་ལོ་གསུམ་གྱི་ཐ་སྙད་གྲུབ་དོན་ཡན་ལ་མ་བྱུང་བས་འཁོར་ལོ་གསུམ་གྱི་ཐ་སྙད་སྦྱོར་ཚུལ་གཉིས་ཡིན་པར་གསུངས་པས ། དཀའ་འགྲེལ་ཡང་སྙིང་གི་གོང་དུ་ཁ་ཅིག་འགོག་ཚུལ་གྱི་བབས་ལ་བརྟག་ན་མཆན་འགྲེལ་ཕྱི་མའི་འཆད་ཚུལ་གྱི་སྒྲས་ཟིན་དང་མི་མཐུན་པ་ལྟ་བུར་འདུག་ན་ཡང་། དེ་ཉིད་ལས་ཤུགས་ལ་གནས་རྒྱུ་ལ་འཁོར་ལོ་གསུམ་གྱི་ཐ་སྙད་ཙམ་མ་ཡིན་པར་དེ་འདྲའི་མདོ་ཚན་གསུམ་པོ་ལ་འཁོར་ལོ་གསུམ་གྱི་ཐ་སྙད་དང་སྦྱར་ཏེ་དྲང་ངེས་ཀྱི་ཁྱད་པར་ཕྱེ་ཚུལ་ཏེ ། དང་བོ་གཉིས་དྲང་དོན་དུ་བསྟན་པས་ཤུགས་ལ་ཐ་མ་ངེས་དོན་དུ་འགྲུབ་པས་དེ་ཉིད་ཤུགས་ལ་གནས་པའི་དོན་ཡིན་པར་གསུངས་པ་ཡིན་ནོ། ། དེ་ལྟར་བྱས་ན་དཀའ་འགྲེལ་ཡང་སྙིང་དང་མཆན་ འགྲེལ་གཉིས་ཀར་ཤུགས་ལ་གནས་པའི་དོན་དེ་ཉིད་ཕར་ཕྱིན་མཐའ་དཔྱོད་ཀྱི་ལུང་གོང་འོག་གཉིས་ཀའི་སྒྲུབ་བྱེད་དུ་སྦྱར་བ་ལ་གཞིགས་ན་འགྲེལ་བ་ གཉིས་ཀྱི་དོན་ལ་མི་མཐུན་པ་མེད་སྙམ་ཏེ།

              མཆན་འགྲེལ་གྱིས་དེ་འདྲའི་ཐ་སྙད་ཤུགས་ལ་གནས་པའི་དོན་ཡིན་པའི་སྒྲུབ་བྱེད་དང་སྦྱར་ནས་བལྟས་ན་དཀའ་འགྲེལ་ཡང་སྙིང་གི་འགྲེལ་ཚུལ་ལས་ཟུར་དུ་མེད་པར་མངོན། དེས་ན་འགྲེལ་བ་གཉིས་ཀྱི་མི་འདྲ་ས་གཙོ་བོ་ནི་ཕར་ཕྱིན་གྱི་ཡིག་ཆའི་ལུང་ཕྱི་མ་དང་འོག་མའི་དགོངས་པ་འགྲེལ་ཚུལ་མི་མཐུན་པ་ཡོད་པས། དཀའ་འགྲེལ་དུ་ཁོ་བོའི་མཆན་འགྲེལ་དུ་འདི་དང་མི་འདྲ་བ་ཞིག་བྲིས་ཞེས་པའི་མཆན་འགྲེལ་ཕར་ཕྱིན་ཡིག་ཆའི་མཆན་འགྲེལ་ཡིན་པས ། དེ་ཉིད་ལས། ཕར་ཕྱིན་ མཐའ་དཔྱོད་ཀྱི་ལུང་གི་དགོངས་པ་ཡང་འཁོར་ལོ་དང་བོའི་བཀའ་སྩལ་ཚུལ་དངོས་སུ་བསྟན་པའི་དོན་དུ་འགྲེལ་བ་དང་། དཀའ་འགྲེལ་ཡང་སྙིང་དུ་དེ་ལྟ་བུའི་ལུང་གི་དགོངས་པ་བཀའ་སྩལ་ཚུལ་ཙམ་མ་ཡིན་པར་འཁོར་ལོ་དང་བོ་ཉིད་འཁོར་ལོ་ཐ་མ་ལ་ལྟོས་ཏེ་དྲི་བ་དངོས་སུ་བསྟན་པའི་དོན་དུ་འགྲེལ་བ་ཡིན་སྙམ་པས། མི་འདྲ་ས་གཙོ་བོ་ཡང་འདི་ཡིན་སྙམ།

              འོན་ཀྱང་ཆོས་གྲྭའི་ཁས་ལེན་གྱི་རྒྱུན་ལ་ཤུགས་ལ་གནས་པའི་དོན་འཇོག་ཚུལ་ལ་ལེགས་བཤད་སྙིང་བོའི་མཆན་འགྲེལ་ལས། བཤད་པ་དེ་ཉིད་དཀའ་འགྲེལ་གྱིས་འཆད་པ་དང་མི་འདྲ་བ་ཡིན་པས། མི་འདྲ་ས་ལ་དེ་འཇོག་པར་དཀའ་འགྲེལ་གྱི་ གཞུང་དུ་འགོག་ཚུལ་གྱིས་ཤེས་པའི་ཕྱིར་གསུངས་པས་གཞུང་གི་དགོངས་པ་གང་ཡིན་དཔྱད་པར་བྱའོ། ། ཤུགས་ལ་གནས་པའི་དོན་གང་ཞེ་ན། མདོ་ཚན་གསུམ་ལ་དུས་ཀྱི་རིམ་པའི་སྒོ་ནས་འཁོར་ལོ་གསུམ་གྱི་ཐ་སྙད་སྦྱར་ནས་དྲང་ངེས་ཀྱི་ཁྱད་པར་འཇོག་ཚུལ་དེ་ཡིན་སྙམ་ཡང་། དེ་འཁོར་ལོ་དང་བོ་གཉིས་དྲང་དོན་དང་ཐ་མ་ངེས་དོན་ཡིན་པ་ལས་ལོགས་སུ་མེད་པས་ཁ་ཅིག་གི་འདོད་པ་འགོག་ཚུལ་མི་འཐད་པར་འགྱུར་རོ་ཞེ་ན། སྐབས་འདི་དག་ ཡིག་ཆའི་ཐུན་མོང་མ་ཡིན་པའི་བཞེད་པ་ཡིན་པས ། རང་ལུགས་ཀྱི་བཞེད་པ་མཐའ་དག་ལ་ལུང་རིགས་ཀྱི་སྒྲུབ་བྱེད་གཏོང་ཚུལ་དང་གཞན་དག་གི་ དམ་བཅའ་ལ་གནོད་བྱེད་སྟོན་ཚུལ་རྣམས་དཀའ་བའི་གནས་ཡིན་པས་བདག་གི་བློ་ངོར་ཇི་བཞིན་མ་འཁུམས་པས་རེ་ཞིག་སྨོན་པའི་ཡུལ་དུ་བྱས་སོ། །
 

            ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                   རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།