དཀའ་འགྲེལ་དང་མཆན་གཉིས་ཀྱི་མི་འདྲ་ས་གཙོ་བོ་གང་ཡིན།རང་ལུགས་ལ་ཤུགས་ལ་གནས་པའི་དོན་ལ་གང་འཇོག་གི་ལན།༤

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-08 21:34:41     རྩོམ་པ་པོ།   རུ་མང་ཚུལ་ཁྲིམས་རྒྱ་མཚོ།    ཀློག་ཐེངས།  

76549972386228242.jpg

             དྲི་གཞི་བཅུ་གཉིས་པ། རྩ་བ་ལས། དེ་ལ་ཡང་གཉིས་ཡོད་པས་མདོ་སྡེ་གཉིས་དྲང་དོན་དང་གཅིག་ངེས་དོན་དུ་སྔར་བཤད་པ་རྣམས་ཀྱི་ཤུགས་ཀྱིས་ཤེས་པར་འགྱུར་རོ། ། ཞེས་པའི་ཤུགས་ལ་གནས་པའི་དོན་འཇོག་ཚུལ་ལ། དཀའ་འགྲེལ་ལས་ཁོ་བོའི་མཆན་འགྲེལ་དུ་འདི་དང་མི་འདྲ་བ་ཙམ་ཞིག་བྲིས་ཡོད་ཀྱང་ཡིག་ཆའི་ཁོག་བསྒྲིགས་ན་འདི་ལྟར་བྱེད་དགོས་པར་སྣང་ངོ་། ། ཞེས་ པའི་དཀའ་འགྲེལ་དང་མཆན་གཉིས་ཀྱི་མི་འདྲ་ས་གཙོ་བོ་གང་ཡིན། རང་ལུགས་ལ་ཤུགས་ལ་གནས་པའི་དོན་ལ་གང་འཇོག 
                                                                                                                                                                                                                                                 རུ་མང་ཚུལ་ཁྲིམས་རྒྱ་མཚོ། ཀླུ་ཚང་དགོན།

                འདི་ལ་མི་འདྲ་བ་ངོས་བཟུང་བ་དང་། ཇི་ལྟར་མི་འདྲ་བའི་ ཚུལ་བརྗོད་པ་དང་། ཤུགས་ལ་གནས་པའི་དོན་བཤད་པ་གསུམ་ལས། དང་བོ་ནི། མཆན་ལས། དེས་ན་འཁོར་ལོ་གསུམ་ཞེས་པའི་ཐ་སྙད་གྲུབ་དོན་ ཡན་ལ་མ་བྱུང་བས་འདིར་ཤུགས་ལ་གནས་པའི་དོན་ཡིན་ཏེ་ཞེས་དང་། མདོ་དེ་གཉིས་ཀྱི་ངོ་བོ་བརྗོད་བྱ་དྲང་ངེས་སོགས་དངོས་སུ་གསུངས་ཀྱང་ འཁོར་ལོ་སོ་སོའི་ཐ་སྙད་སྔར་དངོས་སུ་བཤད་པ་མེད་པའི་རྒྱུ་མཚན་གྱིས་མ་ཡིན་པའི་ཕྱིར་ཞེས་པ་གཉིས་སོ། །གཉིས་པ་ནི་དཀའ་འགྲེལ་ལས། ཁ་ཅིག་ན་རེ། འདིའི་མཚམས་སྦྱོར་དུ་ཤུགས་ལ་གནས་ཞེས་པའི་དོན། གྲུབ་དོན་གྱི་སྐབས་འདིར་འཁོར་ལོ་གསུམ་གྱི་ཐ་སྙད་སོ་སོར་སྦྱར་བ་མ་གཏོགས། དེའི་སྔོན་ལ་བདེན་བཞིའི་ཆོས་འཁོར་དང་མཚན་ཉིད་མེད་པའི་ཆོས་འཁོར་ཟེར་བ་ཙམ་ལས་འཁོར་ལོ་དང་བོ་སོགས་ཀྱི་ཐ་སྙད་མ་བྱུང་བ་ཡིན་ཏེ། དེའི་རྒྱུ་མཚན་གྱིས་འདིར་ཡང་འཁོར་ལོ་དང་བོ་གཉིས་དྲང་དོན་ཞེས་མ་གསུངས་པར། མདོ་སྡེ་གཉིས་དྲང་དོན་དང་གཅིག་ངེས་དོན་དུ་སྔར་བཤད་པ་རྣམས་ཀྱིས་ཤུགས་ཀྱིས་ཤེས་པར་འགྱུར་རོ། །

               ཤུགས་ལ་གནས་པའི་དོན་དེ་ཉིད་ ཅེས་གསུངས་པའི་ཕྱིར་ཟེར་ན། དེ་མི་འཐད་པར་ཐལ། ཞེས་པ་ནས། གཉིས་པ་འཇོག་པ་ལ་དང་བོ་ཞིག་ཡོད་དགོས་པའི་ཕྱིར། ཞེས་དང་། ཡང་དེ་ཉིད་ལས། འོ་ན་འདིར་ཤུགས་ལ་གནས་པའི་དོན་ཞེས་པ་དེ་སྙེག་ས་ཞིག་མེད་པར་ཐལ། འཁོར་ལོ་དང་བོ་དྲང་དོན་ཡིན་པ་སོགས་འདིའི་ཤུགས་ བསྟན་དུ་བཤད་པའང་མིན། འཁོར་ལོ་སོ་སོའི་ཐ་སྙད་ཤུགས་ཀྱིས་ཐོབ་ཡོད་ཀྱང་སྔར་དངོས་སུ་མ་གྲགས་པའི་དོན་ཡང་མ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། ཞེས་པ་དང་སོ་སོར་མི་འདྲ་བའི་ཕྱིར། གསུམ་པ་ནི། ཆ་མ་ཕྱེ་བར་གསུངས་པ་གཉིས་དྲང་དོན་དུ་བཤད་པའི་ཤུགས་ཀྱིས་ཆ་ཕྱེ་བའི་ངེས་དོན་ཞིག་ཡོད་པ་འགྲུབ་ཅིང་། དེ་གསུམ་དུས་ཀྱི་རིམ་པའི་སྒོ་ནས་འཁོར་ལོ་གསུམ་ཞེས་ པའི་ཐ་སྙད་དང་མདོ་ཚན་གསུམ་ག་མིང་དོན་སྦྱོར་དགོས་པ་དེའོ། །
 

           ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                  རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།