དཀའ་འགྲེལ་དང་མཆན་གཉིས་ཀྱི་མི་འདྲ་ས་གཙོ་བོ་གང་ཡིན།རང་ལུགས་ལ་ཤུགས་ལ་གནས་པའི་དོན་ལ་གང་འཇོག་གི་ལན།༣

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-08 21:30:06     རྩོམ་པ་པོ།   སྤྲུལ་སྐུ་ལ་མོ་འོད་ཟེར།     ཀློག་ཐེངས།  

76549972386228242.jpg


             དྲི་གཞི་བཅུ་གཉིས་པ། རྩ་བ་ལས། དེ་ལ་ཡང་གཉིས་ཡོད་པས་མདོ་སྡེ་གཉིས་དྲང་དོན་དང་གཅིག་ངེས་དོན་དུ་སྔར་བཤད་པ་རྣམས་ཀྱི་ཤུགས་ཀྱིས་ཤེས་པར་འགྱུར་རོ། ། ཞེས་པའི་ཤུགས་ལ་གནས་པའི་དོན་འཇོག་ཚུལ་ལ། དཀའ་འགྲེལ་ལས་ཁོ་བོའི་མཆན་འགྲེལ་དུ་འདི་དང་མི་འདྲ་བ་ཙམ་ཞིག་བྲིས་ཡོད་ཀྱང་ཡིག་ཆའི་ཁོག་བསྒྲིགས་ན་འདི་ལྟར་བྱེད་དགོས་པར་སྣང་ངོ་། ། ཞེས་ པའི་དཀའ་འགྲེལ་དང་མཆན་གཉིས་ཀྱི་མི་འདྲ་ས་གཙོ་བོ་གང་ཡིན། རང་ལུགས་ལ་ཤུགས་ལ་གནས་པའི་དོན་ལ་གང་འཇོག


                                                                                                                                                                                                                    སྒོ་མང་སྤྲུལ་སྐུ་ལ་མོ་འོད་ཟེར། བླ་བྲང་བཀྲ་ཤིས་འཁྱིལ།

             དཀའ་འགྲེལ་ལས། ཁོ་བོའི་མཆན་འགྲེལ་དུ། ནས། སྣང་ངོ་། ། ཞེས་པ་རྗེ་མ་ཏི་བའི་ཕར་ཕྱིན་ལས། ལེགས་བཤད་སྙིང་བོའི་མཆན་ལས། འཁོར་ལོ་གསུམ་ཞེས་པའི་ཐ་སྙད་གྲུབ་དོན་ཡན་ལ་མ་བྱུང་བས་ཞེས་པ་དེ་ ཡིན་པ་འདྲའོ། ། གསུངས་པ་ལྟར། མཆན་འདིར་ཤུགས་ལ་གནས་པའི་དོན་འཁོར་ལོ་གསུམ་གྱི་མིང་སྦྱར་ཏེ་དྲང་ངེས་སུ་འཇོག་ཚུལ་སྦྱར་བ་ཡིན་པར་ གསུངས་ལ། དཀའ་འགྲེལ་དུ། མཆན་དང་ཅུང་མི་འདྲ་བར་འཁོར་ལོ་ གསུམ་ཞེས་པའི་ཐ་སྙད་དང་མདོ་ཚན་གསུམ་ག་མིང་དོན་སྦྱར་བ་ཤུགས་ལ་གནས་བའི་དོན་དུ་འཆད་དོ། ། དེས་ན་ལེགས་བཤད་སྙིང་བོའི་མཚམས་ སྦྱོར་གྱི་དོན་བསྡུས་ན། གསུང་རབ་ལ་རང་གི་མཚན་ཉིད་ཀྱིས་ཡོད་པ་དང་། མེད་པར་སྟོན་པ་གཉིས་དང་། ཡོད་མེད་ལེགས་པར་ཕྱེ་བ་གསུམ་གྱི་དང་བོ་གཉིས་དྲང་དོན་དང་ཐ་མ་ངེས་དོན་དུ་སྔར་དྲི་ལན་གྱིས་དངོས་སུ་བཤད་ པའི་ཤུགས་ཀྱིས་དོན་གཞན་ཞིག་ཤེས་པར་འགྱུར་རོ། །

              ཤུགས་ལ་ཤེས་རྒྱུའི་དོན་དེ་ཉིད་གང་ཞེ་ན་མདོ་ཚན་གསུམ་པོ་དེ་ལ་དུས་ཀྱི་རིམ་པའི་སྒོ་ནས་ སོགས་སུ་བཀྲལ་ཚེ། ཚེ་ལྡན་ལྷ་རམས་པ་དང་དཔལ་ལྡན་ཆོས་རྗེ་སོགས་ ཀྱིས་ཤུགས་ལ་ཅིག་ཤོས་དངོས་སུ་མ་བསྟན་ན་འབྲེལ་མེད་དང་གཞི་མེད་ཀྱི་བཤད་པར་འགྱུར་ཞེས་དོགས་པ་བཀོད་པ་རང་གྲོལ་དུ་འགྱུར་ལ། མཆན་དང་དཀའ་འགྲེལ་གྱི་ཤུགས་ལ་གནས་བའི་དོན་ངོས་བཟུང་བ་དེ་ཉིད་སླར་འཁོར་ལོ་གསུམ་དང་སྦྱར་རྒྱུ་མེད་པའང་གོ་བར་འགྱུར་རོ། ། ཡང་རིགས་སྨྲ་ཁ་ཅིག་དཀའ་འགྲེལ་ལ་བརྟེན་ནས། གཞན་ཞིག་ཤེས་པར་འགྱུར་ཟེར་རྒྱུ་མིན་པར་ཆ་མ་ཕྱེ་བ་གཉིས་དྲང་དོན་དུ་བཤད་པའི་ཤུགས་ཀྱིས་ཆ་ཕྱེ་བ་ངེས་དོན་དུ་ཤེས་ལ། དེའི་སྟེང་དུ་སྔ་མ་གཉིས་བསྣན་ཏེ་འཁོར་ལོ་གསུམ་དུ་འགྱུར་ཚུལ་ནི་ཤུགས་ལ་གནས་པའི་དོན་ཡིན་པས། རྩ་བའི་འབྲུ་སྣོན་ཚུལ་ཡང་ མདོ་སྡེ་དང་བོ་གཉིས་དྲང་དོན་དུ་སྔར་དངོས་སུ་བཤད་པའི་ཤུགས་ཀྱིས་ཐ་མ་ངེས་དོན་དུ་ཤེས་པར་འགྱུར་ལ། འཁོར་ལོ་དང་བོ་གཉིས་ཞེས་མ་སྨོས་ པའི་རྒྱུ་མཚན་སྤྱིར་དེའི་སྔོན་ཏུ་འཁོར་ལོ་དང་བོ་དང་གཉིས་པའི་ཐ་སྙད་ མེད་པ་མིན་ཀྱང་། ལེའུ་འདིར་གྲུབ་དོན་གྱི་གོང་དུ་འཁོར་ལོ་སོ་སོའི་ཐ་སྙད་དང་དྲང་ངེས་སྦྱར་ནས་བསྟན་པ་མེད་ལ། གཙོ་བོར་ནི་འཁོར་ལོ་དང་བོ་ གཉིས་ཟེར་བ་ལ་ཐ་མ་ཞིག་ཡོད་དགོས་ཤིང་དེའི་ཐ་སྙད་སྔར་མ་བྱུང་བས་ ཡིན་ཞེ་ན། ཡིག་ཆའི་ཁོག་བསྒྲིགས་ཚུལ་དང་མཆན་འགྲེལ་དང་མི་འདྲ་སའི་གཙོ་བོའང་ཐོན་པར་འགྱུར་ཞེས་ཟེར་ཏེ། དཀའ་འགྲེལ་དང་བསྡུར་ནས་ཞིབ་ཏུ་དཔྱད་པར་བྱའོ། །
 

               ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                     རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།