དཀའ་འགྲེལ་དང་མཆན་གཉིས་ཀྱི་མི་འདྲ་ས་གཙོ་བོ་གང་ཡིན།རང་ལུགས་ལ་ཤུགས་ལ་གནས་པའི་དོན་ལ་གང་འཇོག་གི་ལན།༢

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-08 21:25:51     རྩོམ་པ་པོ།   ཀླུ་གྲགས་པ་རྒྱ་མཚོ།     ཀློག་ཐེངས།  


76549972386228242.jpg

             དྲི་གཞི་བཅུ་གཉིས་པ། རྩ་བ་ལས། དེ་ལ་ཡང་གཉིས་ཡོད་པས་མདོ་སྡེ་གཉིས་དྲང་དོན་དང་གཅིག་ངེས་དོན་དུ་སྔར་བཤད་པ་རྣམས་ཀྱི་ཤུགས་ཀྱིས་ཤེས་པར་འགྱུར་རོ། ། ཞེས་པའི་ཤུགས་ལ་གནས་པའི་དོན་འཇོག་ཚུལ་ལ། དཀའ་འགྲེལ་ལས་ཁོ་བོའི་མཆན་འགྲེལ་དུ་འདི་དང་མི་འདྲ་བ་ཙམ་ཞིག་བྲིས་ཡོད་ཀྱང་ཡིག་ཆའི་ཁོག་བསྒྲིགས་ན་འདི་ལྟར་བྱེད་དགོས་པར་སྣང་ངོ་། ། ཞེས་ པའི་དཀའ་འགྲེལ་དང་མཆན་གཉིས་ཀྱི་མི་འདྲ་ས་གཙོ་བོ་གང་ཡིན། རང་ལུགས་ལ་ཤུགས་ལ་གནས་པའི་དོན་ལ་གང་འཇོག

                                                                                                                                                                                                                                        ལྷ་རམས་པ་ཀླུ་གྲགས་པ་རྒྱ་མཚོ། འབྲས་སྤུངས་སྒོ་མང་།

            དང་བོར་དཀའ་འགྲེལ་དང་མཆན་གཉིས་ཀྱི་ཚིག་ཟིན་མི་འདྲ་བ་ནི། དཀའ་འགྲེལ་ལས། མདོ་ཚན་གསུམ་པོ་དེ་དུས་སྔ་ཕྱི་བར་གསུམ་དུ་གསུངས་པ་ཡིན་པས་གོ་རིམ་དེའི་སྒོ་ནས་འཁོར་ལོ་གསུམ་ཞེས་པའི་ཐ་སྙད་དང་མདོ་ཚན་གསུམ་ག་མིང་དོན་སྦྱོར་དགོས་ནའང་། ཞེས་གསུངས་པ་དང་། དྲང་ངེས་མཆན་ལས། འཁོར་ལོ་གསུམ་གྱི་མིང་སྦྱར་ཏེ་དྲང་ངེས་སུ་འཇོག་ཚུལ་ལམ་འཁོར་ལོ་གསུམ་ཞེས་པའི་ཐ་སྙད་གྲུབ་དོན་ཡན་ལ་མ་བྱུང་བས་ འདིར་ཤུགས་ལ་གནས་པའི་དོན་ཡིན་ཏེ། ཞེས་གསུངས་པ་འདི་ཡིན་སྙམ། །

              གཉིས་པ་རང་ལུགས་ལ་ཤུགས་ལ་གནས་པའི་དོན་འཇོག་པ་ལ་དང་བོར་ གཞུང་གང་གི་ཤུགས་ལ་གནས་ཤེ་ན། དགོངས་འགྲེལ་ལེའུ་བཅུའི་ནང་གི་དོན་དམ་ཡང་དག་འཕགས་ཀྱི་ལེའུ་ནང་གི་དྲི་ཞུས་ལན་དང་བཅས་པའི་ ཤུགས་བསྟན་ལས་དྲི་བ་ཁོ་ནའི་ཤུགས་བསྟན་ལ་མི་བྱེད་དོ། ། དེ་ཁོ་ནར་ བྱེད་ན་མདོ་སྡེ་དང་བོ་གཉིས་དྲང་དོན་དང་ཐ་མ་སྟེ་གཅིག་ངེས་དོན་ཡིན་ པའང་ཤུགས་བསྟན་ལ་རུང་མོད། དེ་ལན་གྱི་སྐབས་སུ་དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་སོགས་ཀྱིས་གྲུབ་ཟིན་པས་མི་འཐད་པ་དང་། ལེགས་བཤད་སྙིང་བོར་ཤུགས་ལ་གནས་པའི་དོན་འདི་ཉིད་ཅེས་ཉེ་ཚིག་སྨོས་རིགས་པ་ལས་མ་སྨོས་པ་སོགས་ཀྱིས་གནོད་པས་ན། དྲི་ཞུས་ལན་གཉིས་ཀྱི་ཤུགས་བསྟན་ལ་བྱེད་ལ།

              དེ་ཡང་གཟོད་གྲུབ་དོན་གྱི་སྐབས་གསལ་བར་གསུང་ དགོས་པས་ཤུགས་ལ་གནས་པའི་དོན་གཙོ་བོ་དཀའ་འགྲེལ་ལྟར་དང་ཕལ་ བ་ཀུན་མཁྱེན་བླ་མའི་ཕར་ཕྱིན་མཐའ་དཔྱོད་ལས། བཀའ་ཐམས་ཅད་ བསྡུས་ན་ཞེས་པ་ནས་དེ་ལྟར་གྲངས་ངེས་པར་དགོངས་འགྲེལ་དྲི་ཞུས་ཀྱི་ ཤུགས་ལ་བསྟན་པའི་ཕྱིར། ཞེས་པ་དང་། ཡང་ཐ་མ་ཤུགས་ལ་བསྟན་པའི་ཕྱིར། ཞེས་དང་། ཕར་ཕྱིན་མཆན་ལས། གསུངས་ཚུལ་གོ་རིམ་བཞིན་ བཀོད་པའི་ཤུགས་ལ་འཁོར་ལོ་གསུམ་ཞེས་པའི་ཐ་སྙད་འཐོབ་ཡོད་པ་སོགས་གཞན་བཞག་ཆོག་སྙམ་སྟེ། སྔོན་འཆད་ཉན་དབྱར་མཚོ་ལྟར་རྒྱས་སྐབས་སོག་པོའི་དགེ་བཤེས་ཤིག་གིས་ཤུགས་ལ་གནས་པའི་དོན་བདུན་བཞག་པར་གྲགས་པ་ལྟར་རོ། །
 

           ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                 རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།