དཀའ་འགྲེལ་དང་མཆན་གཉིས་ཀྱི་མི་འདྲ་ས་གཙོ་བོ་གང་ཡིན།རང་ལུགས་ལ་ཤུགས་ལ་གནས་པའི་དོན་ལ་གང་འཇོག་གི་ལན།༡

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-08 21:21:25     རྩོམ་པ་པོ།   རེབ་ཚ་འཇམ་དབྱངས་རྒྱ་མཚོ།    ཀློག་ཐེངས།  

76549972386228242.jpg

               དྲི་གཞི་བཅུ་གཉིས་པ། རྩ་བ་ལས། དེ་ལ་ཡང་གཉིས་ཡོད་པས་མདོ་སྡེ་གཉིས་དྲང་དོན་དང་གཅིག་ངེས་དོན་དུ་སྔར་བཤད་པ་རྣམས་ཀྱི་ཤུགས་ཀྱིས་ཤེས་པར་འགྱུར་རོ། ། ཞེས་པའི་ཤུགས་ལ་གནས་པའི་དོན་འཇོག་ཚུལ་ལ། དཀའ་འགྲེལ་ལས་ཁོ་བོའི་མཆན་འགྲེལ་དུ་འདི་དང་མི་འདྲ་བ་ཙམ་ཞིག་བྲིས་ཡོད་ཀྱང་ཡིག་ཆའི་ཁོག་བསྒྲིགས་ན་འདི་ལྟར་བྱེད་དགོས་པར་སྣང་ངོ་། ། ཞེས་ པའི་དཀའ་འགྲེལ་དང་མཆན་གཉིས་ཀྱི་མི་འདྲ་ས་གཙོ་བོ་གང་ཡིན། རང་ལུགས་ལ་ཤུགས་ལ་གནས་པའི་དོན་ལ་གང་འཇོག


                                                                                                                                                                                              ལྷ་རམས་པ་རེབ་ཚ་འཇམ་དབྱངས་རྒྱ་མཚོ། རྔོག་རྒྱལ་མོ་དགོན།

                རྩ་བར། མདོ་སྡེ་གཉིས་དྲང་དོན་དང་གཅིག་ངེས་དོན་དུ་སྔར་བཤད་པ་རྣམས་ཀྱི་ཤུགས་ཀྱིས་ཤེས་པར་འགྱུར་རོ། ། ཞེས་པའི་ཚིག་གི་ངོ་གདོང་ཙམ་ལ་བལྟས་ན། ཤུགས་ཀྱིས་ཤེས་རྒྱུ་དང་ཤུགས་ལ་གནས་པའི་ དོན་ནི་མདོ་སྡེ་གཉིས་དྲང་དོན་དང་གཅིག་ངེས་དོན་དུ་འཇོག་དགོས་པ་ལྟ་བུར་སྣང་ཡང་། མཁས་དབང་རྣམས་གཞུང་འདིའི་ཚིག་གི་གཅོད་མཚམས་དང་གོ་བ་ལེན་སྟངས་མི་འདྲ་བའི་དབང་གིས་གསུངས་ཚུལ་སྣ་ཚོགས་ཤིག་ཡོད་ལ། མཛད་པ་པོ་གཅིག་ཡིན་ན་ཡང་རྩོམ་སྔ་ཕྱིའི་ཁྱད་ཀྱིས་ཅུང་མི་འདྲ་བ་རེ་ཡོང་གི་ཡོད་པར་སྣང་ངོ་། ། དེས་ན་དཀའ་འགྲེལ་ཡང་སྙིང་དང་ མཆན་གཉིས་ཀྱི་ཅུང་ཙམ་མི་འདྲ་བ་དེ་གང་ཡིན་ཞེ་ན། དཀའ་འགྲེལ་དུ་ ཤུགས་ལ་གནས་པའི་དོན་འཁོར་ལོ་གསུམ་གྱི་ཐ་སྙད་དང་མདོ་ཚན་གསུམ་མིང་དོན་སྦྱར་བར་མཛད་པ་དང་། མཆན་དུ་འཁོར་ལོ་གསུམ་སོ་སོའི་ཐ་ སྙད་དང་དྲང་ངེས་སུ་འཇོག་ཚུལ་སྦྱར་བར་མཛད་པ་གཉིས་ཚིག་ལ་དེ་འདྲའི་ཐ་སྙད་དེ་མདོ་ཚན་གསུམ་མིང་དོན་སྦྱར་བ་དང་དེ་དྲང་ངེས་སུ་འཇོག་ཚུལ་སྦྱར་བ་གཉིས་ཅུང་ཙམ་མི་འདྲ་བ་ཡོད་ན་ཡང་། དཔྱད་ན་འབབ་ས་གཅིག་ཡིན་པར་སེམས་སོ། །

                 གོང་གི་རྟགས་དང་བོ་གྲུབ་སྟེ། དཀའ་འགྲེལ་ལས། མདོ་ཚན་གསུམ་པོ་དེ་དུས་སྔ་ཕྱི་བར་གསུམ་དུ་གསུངས་པ་ཡིན་པས་གོ་རིམ་དེའི་སྒོ་ནས་འཁོར་ལོ་གསུམ་ཞེས་པའི་ཐ་སྙད་དང་མདོ་ཚན་གསུམ་ག་མིང་དོན་སྦྱོར་དགོས་ནའང་། དེ་དྲི་ཞུས་སོགས་ཀྱི་ཤུགས་ལ་ཐོན་པ་མ་གཏོགས་དངོས་སུ་མ་གསུངས་པ་གྲུབ་དོན་འདིར་དངོས་སུ་གསུངས་ཞེས་པ་ཡིན་ པའི་ཕྱིར། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། མཆན་ལས། དེས་ན་འཁོར་ལོ་གསུམ་ཞེས་པའི་ཐ་སྙད་གྲུབ་དོན་ཡན་ལ་མ་བྱུང་བས་འདིར་ ཤུགས་ལ་གནས་པའི་དོན་ཡིན་ཏེ། ཞེས་པ་ནས། འོན་ཀྱང་ཚིག་ལ་མི་ གསལ་བས་གྲུབ་དོན་འདིར་འཁོར་ལོ་སོ་སོའི་ཐ་སྙད་དང་དྲང་ངེས་སུ་ འཇོག་ཚུལ་སྦྱར་ནས་གསུངས་པ་ཡིན་ལ། འཁོར་ལོ་གསུམ་གྱི་ཐ་སྙད་གང་གི་སྒོ་ནས་སྦྱར་བ་ཡིན་ན། དུས་ཀྱི་རིམ་པའི་སྒོ་ནས་སྦྱར་ཞེས་པའི་དོན་ཡིན་པའི་ཕྱིར་ཏེ། ཞེས་གསུངས་པའི་ཕྱིར། དེས་ན་རང་ལུགས་ལ་ཤུགས་ལ་ གནས་པའི་དོན་ལ་གང་འཇོག་ཅེས་དྲི་བ་བཀོད་པ་དེ་ལ། རང་ལུགས་ནི་ རྩ་འགྲེལ་དང་གཞུང་གོང་འོག་བསྒྲིགས་ཏེ་བསམ་ན་དཀའ་འགྲེལ་ལྟར་ འཇོག་གོ །

              འོན་ཀྱང་རྩ་བའི་ཚིག་གི་ཟིན་ཚོད་ལྟར་བཀོད་ན་དྲིས་ལན་འདིའི་འགོར་བཀོད་ཟིན་པ་དེ་ལྟར་བྱས་ན་བློ་ངོར་འཆར་བདེ་བར་སྙམ་སྟེ། རྩ་བའི་གཞུང་འདི་ལ་འབྲུ་བསྣན་ཚེ་འདི་ལྟར་ཤུགས་ལ་གནས་པའི་དོན་མདོ་སྡེ་གཉིས་དྲང་དོན་དང་གཅིག་ངེས་དོན་ཡིན་པ་དེ་ཉིད་དུས་ཀྱི་རིམ་པའི་སྒོ་ནས་འཁོར་ལོ་གསུམ་དང་སྦྱར་བའི་དྲང་ངེས་སུ་འགྱུར་ཚུལ་ཞེས་སྦྱར་ ནའང་ཆོག་པར་སེམས་ཏེ་དཔྱད།
 

                ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                         རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།