མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་ངོ་བོ་ཉིད་དོན་དམ་པ་ངོ་བོ་ཉིད་མེད་པའི་དགག་བྱར་འདོད་མིན་གྱི་ལན།༢

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-20 13:56:26     རྩོམ་པ་པོ།   ཀླུ་འཇིགས་མེད་རྒྱ་མཚོ།     ཀློག་ཐེངས།  

76549972386228242.jpg

             དྲི་གཞི་བཅུ་གཅིག་པ། རྩ་བ་ལས། ངོ་བོ་ཉིད་དེ་ཁོ་ནས་ཞེས་ཀུན་བཏགས་ཀྱི་ངོ་བོ་ཉིད་གོང་དུ་སྨོས་པ་ལ་གསུངས་ནས་ཁོ་ནས་ཞེས་པས་ནི་གཞན་གཅོད་པས་ངོ་བོ་ཉིད་གཞན་གཉིས་ཀྱི་ངོ་བོ་ཉིད་མ་མཆིས་པ་ལ་མི་བྱེད་ཀྱི་ཀུན་ བཏགས་ཁོ་ནའི་ངོ་བོ་ཉིད་མེད་པ་ལ་ཡོངས་གྲུབ་ཏུ་བྱེད་ཅེས་པའི་དོན་ནོ། །ཞེས་གསུངས་པ་ལྟར། ངོ་བོ་ཉིད་དེ་ཁོ་ནའི་ངོ་བོ་ཉིད་མ་མཆིས་པ་ཞེས་པའི་མེད་རྒྱུའི་ངོ་བོ་ཉིད་དེ་ངོ་བོ་ཉིད་མེད་པ་གསུམ་ལས་མཚན་ཉིད་ངོ་བོ་ཉིད་ མེད་པ་ལ་བྱེད་ཅེས་པ་ཡིན་ནམ། མེད་རྒྱུའི་ངོ་བོ་ཉིད་གསུམ་ལས་ཀུན་ བཏགས་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་ངོ་བོ་ཉིད་ལ་བྱེད་ ཅེས་པ་ཡིན། དང་པོ་ལྟར་ན། མཆན་ལས་དོགས་པ་བྱས་པ་དོན་མེད་ལ། གཉིས་པ་ལྟར་ན། མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་ངོ་བོ་ཉིད་དོན་དམ་པ་ངོ་བོ་ཉིད་མེད་པའི་དགག་བྱར་འདོད་མིན་ཇི་ལྟར་ཡིན།

ལྷ་རམས་པ་ཀླུ་འཇིགས་མེད་རྒྱ་མཚོ། འབྲས་སྤུངས་སྒོ་མང་།

               བཞི་བ་དྲི་བ་བཅུ་གཅིག་པའི་ལན་ལ། དྲི་དོན་བསྡུས་ཏེ་འགོད་པ་དང་། ལན་དངོས། དང་བོ། ཡོངས་གྲུབ་ངོས་འཛིན་གྱི་མདོའི་སྐབས་སུ་ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཞེས་པའི་མེད་རྒྱུའི་ངོ་བོ་ཉིད་དེ། མཚན་ཉིད་གསུམ་ལས་ཀུན་བཏགས་ཀྱི་ངོ་བོར་མེད་པ་ལ་བྱེད་དམ། ཡང་ན། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་ མཚན་ཉིད་ངོ་བོ་ཉིད་ལ་བྱེད། དང་བོ་ལྟར་ན་མཆན་ལས་དོགས་པ་བྱས་པ་དོན་མེད་ལ། གཉིས་པ་ལྟར་ན་དེ་འདྲའི་མེད་རྒྱུའི་མཚན་ཉིད་ངོ་བོ་ཉིད་དེ་དོན་དམ་པ་ངོ་བོ་ཉིད་མེད་པའི་དགག་བྱར་འདོད་མིན་ཇི་ལྟར་ཡིན་ཞེས་པ་འདིའོ། ། གཉིས་པ་ལན་དངོས་འཆད་པ་ལ། དགོངས་འགྲེལ་ལས། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བཏགས་པའི་མཚན་ཉིད་ཀྱི་གནས། འདུ་བྱེད་ཀྱི་མཚན་མ་དེ་ཉིད། ཀུན་བཏགས་པའི་མཚན་ཉིད་དེར་ཡོངས་སུ་མ་གྲུབ་ཅིང་། ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་ལ་བདག་མ་ མཆིས་པ། དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་གང་ལགས་པ་དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལགས་ཏེ། ཞེས་པས་ཡོངས་གྲུབ་ངོས་ བཟུང་བ་ཡིན་ལ་གང་གིས་སྟོང་བའི་ཡོངས་གྲུབ་ཀྱི་དགག་བྱ་ནི། ཀུན་ བཏགས་པའི་མཚན་ཉིད་ཅེས་པ་དང་ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་ཅེས་ པའི་ཚིག་གིས་བསྟན་ལ།

               ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ལ་ ཡོངས་གྲུབ་ཏུ་བྱེད་ཅེས་པའི་མ་མཆིས་རྒྱུའི་ངོ་བོ་ཉིད་ནི། ཀུན་བཏགས་ མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་ངོ་བོ་ཉིད་དེ་ཡིན་མོད། དེ་ལྟ་ནའང་ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་ངོ་བོ་ ཉིད་དེ། དོན་དམ་པ་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་དགག་བྱའི་ངོ་བོ་ཉིད་དུ་མི་འདོད་དེ། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་ མེད་རྒྱུ་དེ་ཡོད་པ་དང་། ཡོངས་གྲུབ་དོན་དམ་པ་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུ་དེ་སྟོང་ཉིད་ཀྱི་དགག་བྱ་ཡིན་པའི་ཕྱིར། དེས་ན་འདི་ལྟར་བསམ་ པར་བྱ་སྟེ། ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཞེས་པའི་མ་མཆིས་རྒྱུ་དེ་སྟོང་ཉིད་ཀྱི་དགག་བྱ་དང་། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་མཚན་ཉིད་ངོ་བོ་ཉིད་གཉིས་ཀ་ཡིན་ཀྱང་། མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུ་དེ་སྟོང་ཉིད་ཀྱི་དགག་བྱ་མ་ཡིན་པའི་ཁྱད་ པར་འབྱེད་དགོས་སོ། །

               ཡང་རྣམ་པ་གཅིག་ཏུ་ན། ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཞེས་པའི་མ་མཆིས་རྒྱུ་དེ་ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་ངོ་བོ་ཉིད་ལ་མ་སྦྱར་བར། མཚན་ཉིད་གསུམ་ལས། ཀུན་བཏགས་ཀྱི་ངོ་བོ་ཉིད་ཁོ་ན་ལ་སྦྱར་ནས་དེའི་ངོ་བོར་མེད་པ་ ཡོངས་གྲུབ་ཡིན་ཞེས་སྦྱོར་ཀྱང་རུང་སྟེ། རྩ་བ་ལས། ཁོ་ནས་ཞེས་པས་ནི་གཞན་གཅོད་པས་ངོ་བོ་ཉིད་གཞན་གཉིས་ཀྱི་ངོ་བོ་ཉིད་མ་མཆིས་པ་ལ་མི་ བྱེད་ཀྱི། ཀུན་བཏགས་ཁོ་ནའི་ངོ་བོར་མེད་པ་ལ་ཡོངས་གྲུབ་ཏུ་བྱེད་ཅེས་ པའི་དོན་ནོ། ། ཞེས་གསུངས་ཤིང་། དཀའ་འགྲེལ་ལས་ཀྱང་། རྣམ་པ་ གཅིག་ཏུ་ན་ཞེས་དེ་གཉིས་གདམ་ག་ཅན་དུ་གསུངས་པའི་ཕྱིར། མཆན་ལས་དོགས་པ་བྱས་པ་དོན་མེད་མ་ཡིན་ཏེ། གཞུང་དོན་འགྲེལ་ཚུལ་གང་ལྟར་ བྱས་ཀྱང་རུང་བར་གོ་བའི་ཆེད་ཡིན་པའི་ཕྱིར་རོ། ། ཁོ་ན་རེ། ཁོ་ན་ཞེས་ པས་ངོ་བོ་ཉིད་མེད་པ་གཞན་གཉིས་ཀྱི་མེད་རྒྱུའི་ངོ་བོ་ཉིད་གཅོད་ན། དོན་དམ་པ་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུ་དེ་ཡང་གཅོད་དགོས་ལ། དེ་ལྟར་ན། དེ་ཡོངས་གྲུབ་ཀྱི་དགག་བྱ་མ་ཡིན་པར་ཐལ་ཞིང་། དོན་དམ་པ་ངོ་བོ་ཉིད་ མེད་པ་ཡང་ཡོངས་གྲུབ་མ་ཡིན་པར་འགྱུར་རོ་ཞེ་ན། འགྲེལ་ཚུལ་འདི་ལྟར་ན། ཁོ་ན་ཞེས་པའི་ཚིག་འདི་ངོས་བཟུང་གི་ཚིག་ཙམ་ཡིན་པས་གཞན་གཉིས་ཀྱི་མེད་རྒྱུའི་ངོ་བོ་ཉིད་མི་གཅོད་པར་ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་ངོ་བོ་ཉིད་ཡིན་པར་སྟོན་ཅིང་། འགྲེལ་ཚུལ་ཕྱི་མ་ལྟར་ན། ཁོ་ནའི་སྒྲས་གཞན་དབང་ཡོངས་གྲུབ་གཉིས་ཀྱི་ངོ་བོར་མེད་པ་ཡོངས་གྲུབ་ཡིན་པ་བཅད་ནས་ཀུན་བཏགས་ཁོ་ནའི་ངོ་བོར་མེད་པ་ཉིད་ཡོངས་གྲུབ་ཏུ་བྱེད་ཅེས་པ་ཡིན་ནམ་སྙམ་མོ། ། 
                            

སྨྲས་པ།
མི་མཉམ་རིགས་ཚུལ་འོད་ཀྱི་ཐུར་མ་བརྒྱས། །
རྣམ་འབྱེད་སྤོབས་པའི་སྣང་གསལ་སྦར་བ་ཡི། །
སྐལ་བཟང་དད་པ་རབ་དཀར་འོ་མའི་མཚོར། །
རྗེས་དྲན་མཆོད་པའི་མེ་ཏོག་ཚར་དུ་དངར། །
ཟླ་ཤེལ་གངས་ཀྱི་བྱེ་མ་ལ་ཟ་བའི། །
ལེགས་བྱས་དངོས་པོ་གང་ཞིག་མཆེད་གྱུར་པས། །
འབྲལ་མེད་གསང་གསུམ་བྱིན་རླབས་ལྷན་སྐྱེས་བཞིན། །
ཆོས་ཀྱི་རྒྱལ་མཚན་ཕྱོགས་བཅུར་བསྒྲེང་བར་ཤོག །
 

                དེ་ལྟར་གོང་དུ་དྲི་བ་འགའ་ལ་ལན་གྱི་རྣམ་བཞག་ཉུང་ཟད་བགྱིས་པ་འདི་ཡང་སྐྱེས་སྦྱངས་བློ་གྲོས་ཀྱི་འཇུག་པ་གཉོམ་པའི་རང་བློ་རྒྱ་ཁབ་ཕྲ་མོའི་བུ་ག་ལས་དྲངས་བ་ཡིན་པས། འགལ་འཁྲུལ་ནོངས་པའི་དྲི་མ་ཅི་མཆིས་གཟུར་གནས་མཁས་པའི་སྤྱན་ སྔར་འཆགས་ལ། དགེ་བའི་རྩ་བ་གང་མཆིས་ཡབ་རྗེ་བླ་མ་མཆོག་གི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་ཤིང་། ཐུགས་དགྱེས་པའི་མཆོད་པའི་སྤྲིན་དུ་འགྱུར་བ་དང་། འབྲལ་མེད་རྗེས་སུ་འཛིན་པའི་རྒྱུར་བསྔོའོ། ། ཀླུ་འཇིགས་མེད་ནས་ཕུལ།
 

              ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                   རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།