ལྷས་བྱིན་དང་སྐྱེས་འགག་གནས་གསུམ་དུས་གཅིག་པའི་རྣམ་མཁྱེན་དེ།ལྷས་བྱིན་དང་རྫས་གཞན་གྱི་སྟོང་བ་མིན་ན་དེ་ལ་ལྷན་གཅིག་དམིགས་ངེས་ཀྱི་དོན་ཚང་མིན་ཇི་ལྟར་ཡིན་གྱི་ལན།༡

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-20 13:38:15     རྩོམ་པ་པོ།   ཀླུ་འཇིགས་མེད་རྒྱ་མཚོ།     ཀློག་ཐེངས།  


76549972386228242.jpg

            དྲི་གཞི་བཅུ་བ། དགོངས་འགྲེལ་ལས། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་ བཏགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་གང་ལགས་པ་དེ་ནི། གཞན་གྱི་དབང་གི་མཚན་ཉིད་ལགས་ཏེ། ཞེས་པའི་གཞན་དབང་ལ་ཆོས་ ཐམས་ཅད་ཀྱི་སྟེང་གི་གཞན་དབང་ཡོད་མེད་ལ་ཡིག་ཆ་གཞན་གྱི་འདོད་ཚུལ་དང་རང་ལུགས་མཐུན་མིན་དང་། རང་ལུགས་ལ་ལྷས་བྱིན་དང་སྐྱེས་འགག་གནས་གསུམ་དུས་གཅིག་པའི་རྣམ་མཁྱེན་དེ། ལྷས་བྱིན་དང་རྫས་གཞན་གྱི་སྟོང་བ་མིན་ན་དེ་ལ་ལྷན་གཅིག་དམིགས་ངེས་ཀྱི་དོན་ཚང་མིན་ཇི་ལྟར་ཡིན།


ལྷ་རམས་པ་ཀླུ་འཇིགས་མེད་རྒྱ་མཚོ། འབྲས་སྤུངས་སྒོ་མང་།

 

                གསུམ་པ་དྲི་བ་བཅུ་བའི་ལན་ལ། དྲི་དོན་བསྡུས་ཏེ་འགོད་པ་དང་། ལན་དངོས་གཉིས་ལས། དང་བོ་ནི། སྐྱེ་བ་ངོ་བོ་ཉིད་མེད་པ་ངོས་འཛིན་གྱི་མདོས་ངོས་བཟུང་བའི་གཞན་དབང་ལ་ཆོས་རྣམས་ཀྱི་སྟེང་གི་ གཞན་དབང་ཡོད་མེད་ལ་འདོད་ཚུལ་མི་མཐུན་པ་ཡོད་མེད་དང་། ལྷས་ བྱིན་དང་དེ་འཛིན་རྣམ་མཁྱེན་གཉིས་ལ་ལྷན་ཅིག་དམིགས་ངེས་ཀྱི་དོན་ ཚང་མིན་ཇི་ལྟར་ཡིན་ཞེས་པ་འདིའོ། ། གཉིས་པ་ལན་ལ། པཎ་ཆེན་བསོད་ནམས་གྲགས་པ་དང་། ཤར་བ་ནམ་མཁའ་རྒྱལ་མཚན་སོགས་ཀྱིས། རྣམ་འགྲེལ་ལས། རང་གི་མཚན་ཉིད་གཅིག་གཞལ་བྱ། ། ཞེས་སོགས་དང་། དབུ་མའི་ཐད་ཀྱི་ལེགས་བཤད་སྙིང་བོ་ལས། ཆོས་རྣམས་རང་གི་མཚན་ ཉིད་ཀྱི་གནས་ཚུལ་ཇི་ལྟར་ཡོད་དཔྱོད་པའི་དོན་དམ་དུ་ཡོད་པ་ལ་ཆོས་ཅན་མེད་ན། ཆོས་ཉིད་ཡན་གར་བར་གནས་པའི་མཐུ་མེད་པས་གཞན་དབང་གི་རྟེན་འབྲེལ་རྣམས་རང་བཞིན་གྱིས་གྲུབ་པས་སྟོང་ན་ཡོངས་གྲུབ་ཀྱང་ རང་བཞིན་གྱིས་མ་གྲུབ་པར་འགྱུར་ཞེས་ལུགས་སྔ་མས་ཀྱང་སྨྲས་ལ་ཞེས་ སོགས་ལ་བརྟེན་ནས། སེམས་ཙམ་ལུགས་ལ། སྟོང་གཞི་བདེན་གྲུབ་ཅིག་མེད་ན་ཡོངས་གྲུབ་ཀྱང་བདེན་མེད་དུ་འགྲོ་ལ། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་ཀྱི་སྟེང་གི་ཆོས་ཉིད་གཏན་ལ་འབེབ་པའི་གཞི་ གཞན་དབང་ལ་རང་མཚན་གྱིས་གྲུབ་པ་ཞིག་དགོས་པས། ནམ་མཁའི་ སྟེང་གི་སྟོང་ཉིད་ཀྱི་སྟོང་གཞི་གཞན་དབང་ལ་ནམ་མཁའ་འཛིན་པའི་ཚད་མ་འཇོག་ཅིང་། ལྷས་སྦྱིན་འཛིན་པའི་རྣམ་མཁྱེན་གྱི་ཆོས་ཉིད་ལྷས་སྦྱིན་གྱི་ཆོས་ཉིད་དུ་འདོད་མཁན་དང་། ཡང་དེའི་ཆོས་ཉིད་མིན་ཀྱང་དེ་གཉིས་ཀྱི་གཞི་མཐུན་ཡོད་པར་འདོད་པ་སོགས་ཀྱི་དབང་གིས། དགོངས་འགྲེལ་ལས། རྣམ་པར་རྟོག་པའི་སྤྱོད་ཡུལ། ཀུན་བཏགས་པའི་མཚན་ཉིད་ཀྱི་གནས། འདུ་བྱེད་ཀྱི་མཚན་མ་གང་ལགས་པ་དེ་ནི། གཞན་གྱི་དབང་གི་མཚན་ཉིད་ལགས་ཏེ། ཞེས་པའི་གཞན་དབང་ལ་ཆོས་ཐམས་ཅད་ཀྱི་སྟེང་གི་གཞན་ དབང་ཡོད་པར་འདོད་དོ། །

               རང་གི་ལུགས་ནི་མདོ་འདིས་དངོས་བསྟན་ གཞན་དབང་ཁྱད་པར་གསུམ་ལྡན་དེ་ཉིད་འདུས་བྱས་མ་གཏོགས་འདུས་མ་བྱས་ཀྱི་སྟེང་དུ་མི་འཇོག་ཅིང་འདུས་མ་བྱས་རང་ཉིད་རང་སྟེང་གི་གཞན་ དབང་དང་རང་སྟེང་གི་སྟོང་ཉིད་གཏན་ལ་འབེབས་པའི་གཞི་ཡིན་ཀྱང་། གཞན་དབང་དངོས་མིན་པས། ཆོས་ཉིད་གཏན་ལ་འབེབ་པའི་གཞི་སྟོང་གཞི་ཆོས་ཅན་ལ་རང་མཚན་གྱིས་གྲུབ་པ་ཞིག་མི་དགོས་པར་འདོད་དོ། ། ལྷས་སྦྱིན་དང་ལྷས་སྦྱིན་འཛིན་པའི་ཚད་མ་རྫས་གཞན་གྱིས་སྟོང་བ་དང་། ཡང་ན། ལྷས་སྦྱིན་དང་དེ་འཛིན་པའི་དེ་དང་སྐྱེས་འགག་གནས་གསུམ་ དུས་མཉམ་པའི་རྣམ་མཁྱེན་རྫས་གཞན་གྱིས་སྟོང་བ་སོགས་གང་བྱས་ཀྱང་། དེ་འདྲའི་སྟོང་བ་གཞི་མ་གྲུབ་པས་ཡོངས་གྲུབ་ཏུ་ཇི་ལྟར་འཐད། ལྷས་སྦྱིན་དང་དེ་འཛིན་པའི་དེ་དང་སྐྱེས་འགག་གནས་གསུམ་དུས་མཉམ་པའི་རྣམ་ མཁྱེན་ལ་ལྷན་ཅིག་དམིགས་ངེས་ཀྱི་དོན་མ་ཚང་སྟེ། ལྷས་སྦྱིན་དམིགས་ན་དེ་དང་སྐྱེས་འགག་གནས་གསུམ་དུས་གཅིག་པའི་རྣམ་མཁྱེན་དམིགས་བྱེད་གྲུབ་བདེ་རྫས་གཅིག་ཏུ་ཡོད་པར་ངེས་པས་མ་ཁྱབ་པའི་ཕྱིར། རྟགས་མ་ གྲུབ་ན། ལྷས་སྦྱིན་རྟོགས་པའི་མཆོད་སྦྱིན་གྱི་རྒྱུད་ཀྱི་ཚད་མ་ཆོས་ཅན། དེར་ཐལ། དེའི་ཕྱིར་རོ། །

             གོང་གི་ཁྱབ་པ་གྲུབ་སྟེ། ལྷན་ཅིག་དམིགས་ངེས་ལ་དོན་དེ་ཚང་དགོས་པའི་ཕྱིར་ཏེ། ལེའུ་གསུམ་པའི་རྣམ་བཤད་ཐར་ལམ་གསལ་བྱེད་ལས། ལྷན་ཅིག་དམིགས་ངེས་ཀྱི་དོན་ནི། ཞེས་པ་ནས། དེས་ན་སྔོན་པོ་དམིགས་པའི་ཚེ་སྔོ་འཛིན་དམིགས་བྱེད་གྲུབ་བདེ་རྫས་གཅིག་ཏུ་ཡོད་པར་ངེས་པས་ཁྱབ་པ་དང་། སྔོ་འཛིན་དམིགས་པའི་ཚེ་བློ་དེ་ལ་སྔོ་ འཛིན་ཁྱབ་མཉམ་གྲུབ་བདེ་རྫས་གཅིག་ཏུ་ཡོད་པར་ངེས་པས་ཁྱབ་པ་ཡིན་ནོ། ། ཞེས་གསུངས་པ་དང་། ཚད་མ་རིགས་རྒྱན་ལས་ཀྱང་། ལྷན་ཅིག་དམིགས་ངེས་ཀྱི་དོན་དེ་ལྟར་གསུངས་ཤིང་། ཡང་སྔོན་པོ་དང་སྔོ་སྣང་དབང་ཤེས་ གཉིས་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་རྫས་གཞན་མ་ཡིན་པར་སྒྲུབ་ པ་མི་འཐད་དེ། དེ་གཉིས་ལྷན་ཅིག་དམིགས་ངེས་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། སྔོ་འཛིན་ཡིད་ཀྱི་མངོན་སུམ་ཆོས་ཅན། སྔོ་སྣང་དབང་ཤེས་དམིགས་བྱེད་ཀྱི་བདག་ཉིད་དུ་སྐྱེས་པར་ཐལ། སྔོན་པོ་དམིགས་པའི་ཕྱིར། ཁྱབ་པ་ཁས། ཞེས་གསུངས་པའི་ཕྱིར། དེས་ན་ལྷས་སྦྱིན་དང་སྐྱེས་འགག་གནས་གསུམ་དུས་གཅིག་པའི་རྣམ་མཁྱེན་དེ་ལྷས་སྦྱིན་དང་རྫས་གཞན་གྱིས་སྟོང་བ་མིན་ལ། ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་སྒྲུབ་ན་ཕྱོགས་ཆོས་མི་འགྲུབ་པའི་ཚུལ་དེ་ལྟར་བསམ་པར་བྱའོ། །
 

                        ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                              རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
                        རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།