གྲུབ་མཐའ་གཅིག་གི་ལུགས་ལ་འཆད་ཚུལ་གོང་འོག་གཉིས་ཀ་ཁས་ལེན་ཐུབ་མིན་ཇི་ལྟར་ཡིན་གྱི་ལན།༢

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-02 14:55:58     རྩོམ་པ་པོ།   བྱ་མདོ་འཇམ་དབྱངས་ཆོས་འབྱོར།     ཀློག་ཐེངས།  

76549972386228242.jpg

              དྲི་གཞི་དགུ་བ། མཆན་ལས། རིགས་ཤེས་ཀྱི་ངོར་ཀུན་རྫོབ་ཀྱི་ཆོས་ཡོད་པ་ རིགས་ངོས་དགག་བྱར་དོལ་བོ་བ་མིན་པ་དག་གིས་ཀྱང་འདོད་དགོས་སོ། ། ཞེས་དྲི་མ་སེམས་ཀྱི་རང་བཞིན་ལ་ཞུགས་ན་སེམས་ཀྱི་རང་བཞིན་དང་དྲི་མ་གཉིས་ཡུལ་དུས་གནས་སྐབས་གང་ལ་ལྟོས་ཀྱང་དབྱེར་མི་རུང་ཡིན་དགོས་པས། སེམས་ཀྱི་གནས་ལུགས་མཐོང་བའི་ཡེ་ཤེས་ཀྱིས་དྲི་མ་མཐོང་དགོས་ལ། ཡེ་ཤེས་དེའི་ངོར་དྲི་མ་ཡོད་པ་རིགས་ངོས་དགག་བྱ་དང་། དེའི་ངོར་དྲི་མ་མེད་པ་དྲི་མ་སེམས་ཀྱི་རང་བཞིན་ལ་མ་ཞུགས་པའི་དོན་ལ་གསུངས་པ་ཡིན་ན། འོ་ན་ཀ་བ་བུམ་པའི་རང་བཞིན་ལ་མ་ཞུགས་པ་དང་བུམ་པ་ཀ་བའི་རང་བཞིན་ལ་མ་ཞུགས་པ་སོགས་ཆོས་ཉིད་དུ་འདོད་ཆོག་གམ། དེ་ཆོས་ཉིད་དུ་འཆད་ཚུལ་གཞན་ཞིག་ལ། རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། སེམས་ལ་བདག་འཛིན་གྱི་མུན་པ་བབ་པ་དེའི་རང་བཞིན་ལ་མ་ཞུགས་པའི་དོན་དེ།   ཞུགས་ན་བདག་འཛིན་གྱི་འཛིན་སྟངས་སེམས་ཀྱི་གནས་ལུགས་ལ་ཇི་ལྟར་ ཡོད་པ་དེ་དང་མཐུན་པར་འགྱུར་ལ། དེ་ལྟར་ན་བདག་མེད་མེད་ཅིང་བདག་ཡོད་པར་འགྱུར་རོ། ། ཞེས་གསུངས་པ་ལྟར་ན་གང་ཟག་གི་བདག་འཛིན་སེམས་ཀྱི་རང་བཞིན་ལ་མ་ཞུགས་པ། གང་ཟག་གི་བདག་མེད་ཕྲ་མོ་དང་། ཆོས་ཀྱི་བདག་འཛིན་སེམས་ཀྱི་རང་བཞིན་མ་ཞུགས་པ་ཆོས་ཀྱི་བདག་མེད་ཕྲ་མོར་འཇོག་དགོས་པ་ལྟར་འདུག་ན། རྟག་འཛིན་སེམས་ཀྱི་རང་བཞིན་མ་ཞུགས་པ་ཆོས་ཉིད་དུ་མི་འདོད་པ་ཡིན་ནམ། གྲུབ་མཐའ་གཅིག་གི་ལུགས་ལ་འཆད་ཚུལ་གོང་འོག་གཉིས་ཀ་ཁས་ལེན་ཐུབ་མིན་ཇི་ལྟར་ཡིན།


བྱ་མདོ་འཇམ་དབྱངས་ཆོས་འབྱོར། ཀླུ་ཚང་དགོན།

               དྲི་མ་དང་སེམས་གཉིས་ཡུལ་དུས་གནས་སྐབས་གང་ལ་ལྟོས་ཀྱང་དབྱེར་མི་རུང་བ་དྲི་མ་སེམས་ཀྱི་རང་བཞིན་ལ་ཞུགས་པའི་ཚུལ་ཡིན་པ་ལས་སེམས་ཀྱི་རང་བཞིན་མཐོང་བའི་རིགས་ཤེས་ཀྱི་ངོར་དྲི་མ་མེད་པ་རིགས་ ངོའི་སྟོང་ཉིད་ཡིན་ཀྱང་། དེ་སྐབས་འདིའི་དྲི་མ་སེམས་ཀྱི་རང་བཞིན་ལ་མ་ཞུགས་ཚུལ་དང་། དེའི་ངོར་དྲི་མ་ཡོད་པ་དྲི་མ་སེམས་ཀྱི་རང་བཞིན་ལ་ ཞུགས་པའི་དོན་མ་ཡིན་པར་དྲི་མ་སེམས་ཀྱི་རང་བཞིན་ལ་ཞུགས་ན་སེམས་ཀྱི་རང་བཞིན་མཐོང་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཀྱང་དྲི་མ་ མཐོང་བར་ཐལ་བ་རིགས་པའི་འཕུལ་གྱིས་ཕྱོགས་སྔ་ལ་གནོད་བྱེད་བསྟན་ པ་ཡིན། དེ་ལྟར་ན་བུམ་པ་ཀ་བའི་རང་བཞིན་ལ་མ་ཞུགས་པ་སྟོང་ཉིད་དུ་ མི་འགྲོ་བ་ཡིན། འདིའི་སྐབས་སུ་ངོ་བོ་ཉིད་མ་མཆིས་པ་སོགས་སྐྱེ་འགག་ མེད་པ་ལྔ་བོ་དཀྱུས་གཅིག་ཏུ་དགོས་པར་གསུངས་པ་ལྟར་ན་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་རྣམས་སྐྱེ་འགག་མེད་པ་སོགས་ལྔ་བོ་ཡིན་པ་མདོ་ རང་ལས་ཆོས་ཐམས་ཅད་མ་སྐྱེས་པ་སོགས་གསུངས་པ་སྒྲས་ཟིན་ལྟར་ཁས་ལེན་དགོས་པས། བུམ་པ་ལྟ་བུ་དེ་ལྔ་བོ་ཡིན་ན་རང་བཞིན་མྱང་འདས་ཀྱང་ཡིན་པས།

               བུམ་པ་ཆོས་ཅན། དྲི་མ་སེམས་ཀྱི་རང་བཞིན་ལ་མ་ཞུགས་པ་ཡིན་པར་ཐལ། སྐབས་འདིའི་རང་བཞིན་གྱི་མྱང་འདས་ཡིན་པའི་ཕྱིར། ཁྱབ་སྟེ། རང་བཞིན་གྱི་མྱང་འདས་ལ་དྲི་མ་སེམས་ཀྱི་རང་བཞིན་ལ་མ་ ཞུགས་པ་འཇོག་པར་མཆན་འགྲེལ་གོང་འོག་དུ་མར་གསུངས་པས་འགྲུབ་ལ། བུམ་པ་ལྟ་བུ་སེམས་ཀྱི་སྟེང་གི་སྟོང་ཉིད་ཡིན་པར་འདོད་མི་ནུས་པས། དྲི་མ་སེམས་ཀྱི་རང་བཞིན་ལ་མ་ཞུགས་པ་ལ་སེམས་ཀྱི་སྟེང་གི་སྟོང་ཉིད་མི་དགོས་སྙམ་སྟེ། དྲི་མ་སེམས་ཀྱི་རང་བཞིན་ལ་མ་ཞུགས་ཚུལ་གཉིས་གསུངས་པས། བུམ་པ་ལྟ་བུ་ཕྱི་མ་དེ་ཡིན་པའི་ཕྱིར། བདག་འཛིན་གྱིས་འཛིན་ཚུལ་ལྟར་ གྲུབ་མ་གྲུབ་ལ་བྱེད་པ་གང་ཞིག བུམ་པ་བདག་ཏུ་འཛིན་པའི་འཛིན་ སྟངས་ལྟར་དུ་མ་གྲུབ་པའི་ཕྱིར། དང་བོ་གྲུབ་སྟེ། ཐར་ལམ་གསལ་བྱེད་ལས་གསུངས་པའི་ཕྱིར་ཞེ་ན། སྒྲུབ་བྱེད་དུ་འགྲོ་མིན་དཔྱད་ནས་གོང་གི་ལུང་དང་མཐུན་ཚུལ་ཇི་ལྟར་དཔྱད། རྟག་འཛིན་སེམས་ཀྱི་རང་བཞིན་ལ་མ་ཞུགས་པ་སྟོང་ཉིད་མ་ཡིན་ཏེ། སེམས་ཀྱི་རང་བཞིན་ནམ་གནས་ལུགས་ལ་བདག་མེད་ཕྲ་མོ་གཉིས་མ་གཏོགས་མེད་པས་སེམས་ཀྱི་རང་བཞིན་མཐོང་ བ་ལ་སྒྲིབ་བྱེད་གཙོ་བོ་མ་ཡིན་པས། རྟག་འཛིན་གྱི་འཛིན་སྟངས་དེ་གནས་ལུགས་མཐོང་བའི་ཡེ་ཤེས་དེའི་གཅོད་བྱ་མ་ཡིན་པའི་ཕྱིར། །
 

 

               ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                       རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།

གསལ་འདེབས།
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།