འདིར་བསྟན་འཁོར་ལོ་དང་བོའི་སྒྲའི་ཟིན་ལ་དངོས་སུ་གནོད་བྱེད་སྟོན་ཚུལ་གང་ཡིན་དྲིས་ལན།༡

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-06-01 14:29:02     རྩོམ་པ་པོ།   སྤྲུལ་སྐུ་ལ་མོ་འོད་ཟེར།     ཀློག་ཐེངས།  

76549972386228242.jpg


              དྲི་གཞི་བཞི་བ། དགོངས་འགྲེལ་ལས། འདི་ལྟར་དེ་ནི་མིང་དང་བརྡས་རྣམ་པར་བཞག་པའི་མཚན་ཉིད་ཡིན་གྱི་རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས་དེའི་ཕྱིར་དེ་ནི་མཚན་ཉིད་ངོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་པའི་ཀུན་བཏགས་ཀྱི་སྟེང་དུ་རང་གི་མཚན་ཉིད་ཀྱི་རྣམ་པར་གནས་པ་མ་ཡིན་པའི་ཞེས་པའི་དགག་བྱའི་རང་མཚན་ཁེགས་ཚུལ་དང་། མཚན་ ཉིད་ངོ་བོ་ཉིད་མེད་ཅེས་པའི་དགག་བྱའི་རང་མཚན་ཁེགས་ཚུལ་ལ་ཁྱད་ པར་ཅི་ཡོད། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་རང་མཚན་དེ་སྟོང་ཉིད་ཀྱི་དགག་བྱའི་རང་མཚན་ལ་བྱེད་ན། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པ་སྟོང་ཉིད་དུ་ཐལ་ལ། ཚད་མ་བ་ལ་གྲགས་པའི་རང་མཚན་ལ་བྱེད་ན། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པར་སྒྲུབ་པས་འདིར་བསྟན་འཁོར་ལོ་དང་བོའི་སྒྲའི་ཟིན་ལ་དངོས་སུ་གནོད་བྱེད་སྟོན་ཚུལ་གང་ཡིན།།

            དྲི་གཞི་བཞི་བའི་ལན།
            སྒོ་མང་སྤྲུལ་སྐུ་ལ་མོ་འོད་ཟེར། བླ་བྲང་བཀྲ་ཤིས་འཁྱིལ།

               ༄༅། ། འདིར་དྲི་བའི་ཟུར་གཉིས་ལས་དང་བོའི་ལན་ནི། ཀུན་བཏགས་ཀྱི་སྟེང་དུ་རང་གི་མཚན་ཉིད་ཀྱི་རྣམ་པར་གནས་པ་ནི་མ་ཡིན་པས་ཞེས་པའི་རང་མཚན་ནི་དགག་བྱའི་རང་མཚན་མིན་ཏེ་མཚན་ཉིད་གཞན་གཉིས་ཀྱི་ སྟེང་དུ་ཡོད་པས་སོ། ། མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུ་ནི་ཡིག་ཆར། དངོས་བསྟན་གྱི་མཚན་ཉིད་ངོ་བོ་ཉིད་མེད་པའི་མེད་རྒྱུ་ཤེས་བྱ་ལ་ མི་སྲིད་པ་དང་། དེ་ཡིན་ན་ཞེན་གཞིར་རང་མཚན་གྱིས་གྲུབ་པས་ཁྱབ་པར་གསུངས་པའི་དོན། དཀའ་འགྲེལ་དུ། རང་ལུགས་དེའི་མཚན་ཉིད་ངོ་བོ་ཉིད་ལ་སྒྲོ་བཏགས་པའང་བཞག་ནས་དེ་ལྟར་གྲུབ་པ་ཤེས་བྱ་ལ་མི་སྲིད་པ་དང་། དེ་ལྟར་གྲུབ་པ་ལ་ཆོས་བདག་གིས་ཁྱབ་པའི་དོན་དུ་དགོངས་པ་འགྲེལ་བར་ མཛད་དོ། ། དེ་ལྟར་གོ་ན་ཀུན་བཏགས་ཀྱི་སྟེང་གི་རང་མཚན་ཁེགས་ཚུལ་ དང་ཕྱི་མ་ཁེགས་ཚུལ་མི་འདྲ་བའི་ཁྱད་པར་གོ་བར་འགྱུར་རོ། །

              དྲི་ཟུར་ གཉིས་པའི་ལན། མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུ་དེ་ལ་གཉིས་ འཇོག་དགོས་པ་དཀའ་འགྲེལ་དྲངས་ཟིན་ལྟར་ལ། དགོངས་འགྲེལ་ལས། མཚན་ཉིད་ངོ་བོ་ཉིད་མེད་པ་གང་ཞེ་ན། ཞེས་པས་མེད་རྒྱུའི་ངོ་བོ་ཉིད་ཀྱིས་སྟོང་བའམ་དེ་མེད་པ་དྲིས་པ་མིན་པར་མེད་རྒྱུའི་ངོ་བོ་ཉིད་དེ་དྲིས་པས། དེ་ལ་ཆོས་བདག་ཡོད་ཀྱང་། མཁོ་བའི་ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་ མེད་པའི་དོན་སྟོང་ཉིད་དུ་འགྲོ་ཚུལ་ཡོད་ཀྱང་དེ་སྟོང་ཉིད་མིན་ཏེ། སྟོང་ ཉིད་ཅིག་སྟོང་ཉིད་དུ་འགྲོ་ཚུལ་ཡོད་ཅེས་བཤད་ན་དགོས་པ་མེད་དམ་སྙམ་མོ། ། དེ་འདྲའི་དོན་ཆོས་ཅན། ཁྱོད་སྟོང་ཉིད་དུ་འགྲོ་ཚུལ་མེད་པར་ཐལ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར་ན་ཁྱབ་པ་མེད་དམ་དཔྱད། དེ་ཚད་མ་བ་ལ་གྲགས་པའི་རང་མཚན་ལ་མི་བྱེད་པས་སྐྱོན་མེད་ལ། རང་གི་མཚན་ཉིད་ཀྱི་རྣམ་པར་གནས་པ་ནི་མ་ཡིན་པས་ཞེས་པའི་རང་མཚན་དེ་རང་མཚན་དངོས་ལ་བྱེད་ཀྱང་དེས་འདིར་བསྟན་འཁོར་ལོ་དང་བོའི་སྒྲས་ཟིན་ལ་དངོས་སུ་ གནོད་བྱེད་སྟོན་ཚུལ་ནི། ཀུན་བཏགས་རང་མཚན་གྱིས་གྲུབ་ན་དེ་རྟོག་ བཏགས་ཙམ་མ་ཡིན་པར་བདེན་པར་གྲུབ་དགོས། དེ་ལྟར་ན་གཞན་དབང་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པའང་རང་མཚན་ གྱིས་གྲུབ་དགོས་པས། གཞན་དབང་གི་སྟེང་དུ་དེས་སྟོང་བ་ཡོངས་གྲུབ་མ་ཡིན་པར་འགྱུར་ཞེས་རིགས་པའི་འཕུལ་གྱིས་དངོས་ལ་གནོད་བྱེད་བསྟན་པ་ཡིན་ནོ། །
 

          ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།

                       རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།

 གསལ་འདེབས།
           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།